གཙོ་ངོས།>> དེང་རབས་མི་སྣ།>>རིག་གནས་སློབ་གསོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་འཕྲིན། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༡ཚེས་༣༠ཉིན།

༄༅།། ཁ་སྒང་བཀྲ་ཤིས་ཚེ་རིང་།

     ཁ་སྒང་བཀྲ་ཤིས་ཚེ་རིང་ནི་༡༩༥༦ལོར་མཚོ་སྔོན་ཐུན་ཏེ་རྫོང་ཁ་སྒང་སྡེ་བར་སྐྱེས། ༡༩༧༤ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ་བོད་ཀྱི་རིག་གནས་སྐོར་ལ་སློབ་གཉེར་གནང༌། ༡༩༨༥ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་གནའ་རབས་བོད་ཀྱི་རིག་གནས་ཆེད་གཉེར་སྐོར་ལ་སློབ་སྦྱོང་གནང༌། ༡༩༨༨ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་དགེ་རྒན་གནང་པ་ནས་བཟུང་སྔ་རྗེས་སུ་དངོས་གཞི་སློབ་མ་དང་ཞིབ་འཇུག་སློབ་མར་སྒྲ་དང་སྙན་ངག བསྡུས་གྲྭ བོད་ཀྱི་ལོ་རྒྱུས། སྲིད་འཛིན་རིག་པ་སོགས་སློབ་ཁྲིད་གནང་། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང༌འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན། ཀན་སུའུ་ཞིང་ཆེན་མི་རིགས་གྲངས་ཉུང་སྐད་རིགས་ཡིག་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡང་ཡིན། བོད་ཀྱི་སློབ་གསོའི་དགོས་མཁོར་དམིགས་ཏེ་སྒྲ་རིག་པའི་འཇུག་སྒོ་དང་། དེང་རབས་སྲིད་འཛིན་རིག་པའི་རྣམ་བཤད་ཅེས་པའི་བསླབ་དེབ་གཉིས་པར་སྐྲུན་གནང་ཡོད། བོད་ཀྱི་གསང་རྒྱུད་རྩ་རླུང་རིག་པར་ཐོག་མའི་དཔྱད་པ།(བོད་འགྱུར)དང་། ད་ལྟ་ཞེས་པའི་དཔེ་དེབ་གཉིས་པར་སྐྲུན་འགྲེམས་སྤེལ་གནང་། ༢༠༠༠ལོར་བོད་ཀྱི་སྙན་ངག་པ་གྲགས་ཅན་ཡི་དམ་ཚེ་རིང་ལགས་ཀྱི་ཁ་བའི་གངས་ལྗོངས།(བོད་འགྱུར)དང་ཀན་སུའུ་བོད་ཀྱི་རྩོམ་རིག་གི་དཔེ་ཚོགས་དེབ་གཉིས་བཅས་རྩོམ་སྒྲིག་པར་སྐྲུན་གནང་ཡོད་ཅིང༌། ༢༠༠༣ལོར་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཅེས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་རྩོམ་སྒྲིག་མཛད་དེ་མི་རིགས་དཔེ་སྐྲུན་ཁང༌གིས་པར་དུ་བསྐྲུན། བོད་ཀྱི་ཤེས་རིག་ཞིབ་འཇུག་དང་སློབ་གསོ་འཛུགས་སྐྲུན་སྐོར་གྱི་དཔྱད་རྩོམ༢༨སྤེལ་ཡོད་པ་དང་། དེའ་ནང་ནས་སྲིད་འཛིན་རྩ་འཛུགས་ཀྱི་རྣམ་གྲངས་མི་འདྲ་བའི་ཁྱད་ཆོས་ལ་དཔྱད་པ(མུ་འབྲེལ་དཔྱད་རྩོམ་གསུམ་པ)ཞེས་པར་ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཆེགི་ས་མཐོའི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང༌། བསྒྱུར་རྩོམ་སྙན་ངག་གི་བླ་སྲོག་བཤད་པ་ཞེས་པར་ཀན་སུའུ་ཞིང་ཆེན་སྐབས་བཞི་བའི་ཕུལ་བྱུང་རྩོམ་རིག་གི་བྱ་དགའ་ཐོབ་ཡོད་དོ། །

39.7K

རྩོམ་ཡིག་རྗེས་མ།
༄༅།། བན་ཁོ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1