༄༅།། དུག་རིགས་ཤོག་སྦག་མི་སྦར་བའི་རེ་འབོད།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-30


ཨ་སྐྱབས་རྒྱལ་སྲས་ཀྱིས་སྒྱུ་ཆ་མཁོ་འདོན་བྱས་ཤིང་དབང་ཆེན་གྱིས་བསྡུ་སྒྲིག་བྱས།
       
         འགྲོ་བ་མིའི་རིགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་མ་ཐུབ་པའི་དབང་གིས་འཛམ་གླིང་གི་སྒང་ན་མེ་རི་འཕྱུར་བ། མཚོ་རླབས་འཕྱུར་བ། ནད་ཡམས་སྣ་ཚོགས་འབྱུང་བ། སྲིད་པའི་གངས་རྒན་སྣ་ཚོགས་ཉིལ་བ། རྩྭ་ས་བྱེ་ཐང་དུ་འགྱུར་བ་སོགས་ཀྱིས་ཉེན་ཁ་སྣ་ཚོགས་ཀྱི་ཉེན་བརྡ་རབ་དང་རིམ་པ་གཏོང་བཞིན་ཡོད་པ་རེད། འདི་ཐམས་ཅད་ང་ཚོ་བོད་ལ་མཚོན་ན་ཆུ་མ་ཡོང་གོང་གི་རགས་ཡིན་པས་གནོད་སྐྱོན་ཆེན་པོ་བརྒྱད་དང་ཉེན་ཁ་ཆེན་པོ་དྲུག་དེ་དག་ཟེར་བཞིན་བསྡད་ན་འཇིགས་ཡེར་བ་ཞིག་དང་ཉན་ན་མི་འདོད་པས། དེ་རིང་ངས་ཁོར་ཡུག་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པ་དང་རྣམ་པ་གསར་བ་ཞིག་གི་སྒོ་ནས་བཤད། གང་གི་སྒོ་ནས་བཤད་རྒྱུ་ཡིན་ཟེར་ན། ལོ་སར་ཐོན་ལ་ཉེ་བའི་དུས་འདིར། མང་ཚོགས་ཀྱི་མིང་ལ་འགོང་པོ་སྤག་ཟེར་བཞིན་ཡོད། ཤོག་སྦག་རྒྱག་སྲོལ་གྱི་ཐད་ནས་བོད་མི་རིགས་རྣམས་ཀྱིས་ཀྱང་ལོ་སར་གྱི་རྟགས་རྟེན་འབྲེལ་ཞུ་བའི་ལྟ་ཚུལ་འཛིན་བཞིན་པ་འདིར། སྡེ་པ་སོ་སོར་སོང་སྟེ་སྡེ་པའི་སྡེ་དཔོན་ནམ། ཁྱིམ་གྱི་བཟའ་དཔོན། དགོན་པའི་དགོན་བདག་གམ་དགོན་པའི་ལས་སྣེ་བ་སོ་སོས་ད་ལོའི་ལོ་སར་ལ་ཤོག་སྦག་མི་རྒྱག་འཇུག་རྒྱུ་ནི་གལ་ཆེན་ཞིག་རེད་འདོད། སྐད་ཆ་འདི་བཤད་དེ་ལོ་བཅུ་འགོར་ལ་ཉེ། 2009ལོའི་མཚོ་སྔོན་ནང་བསྟན་སྒྱུ་རྩལ་གྱི་རིག་གཞུང་དུས་དེབ་ཐོག་《བོད་མིའི་ངོ་ཚ།》ཟེར་བ་དང་ལེ་ཚན་གཅིག་གི་ནང་དུ་《བོད་མིའི་གླེན་རྟགས་ཚ་པོ།》ཟེར་བའི་ལེ་ཚན་ཞིག་བཙུགས་ཡོད་པའི་ནང་དུ་དུག་རིགས་ཀྱི་《ཤོག་སྦག》ཟེར་བའི་རྩོམ་ཞིག་བྲིས་ཡོད་པ་སྒྲོག་འདོན་བྱ་རྒྱུ་ཡིན།
        ད་ཡང་ལོ་གསར་ཐོན་ལ་ཉེ་བས་རང་རེའི་བོད་པ་རྣམས་ཀྱིས་སྔ་སྲོལ་བཟང་པོ་མི་ཉམས་རྒྱུན་འཛིན་གྱི་སྟེང་དུ། རང་རེའི་མཁར་གྲོང་གང་རུང་དུའང་ལོ་གསར་ཚེས་གཅིག་དང་ཚེས་གསུམ་བཅུ་གསུམ་སོགས་ལ་བསང་ཕུད་དུས་དང་སྟོན་མོ་གང་རུང་དུ་ཤོག་སྦག་གམ་ཤོག་བོའུ་མང་པོ་བརྒྱབ་ནས་འགྲན་བསྡུར་བྱེད་བཞིན་ཡོད་ལ། བྱིས་པ་ཚོས་ཀྱང་ཤོག་སྦག་གཏོང་བར་ཧ་ཅང་དགའ་སྤྲོ་ཆེན་པོ་བྱེད། ང་ཚོའི་དམངས་ཁྲོད་དུ་ཤོག་སྦག་གི་མིང་གཞན་ལ་འགོང་བོ་སྤག་ཏུ་འབོད།
དེ་ནི་གཅིག་ནས་དཔལ་འབྱོར་གྱི་གྱོང་གུད་ཚབས་ཆེན་ཕོག་པ། དཔེར་ན། རང་རེའི་སྒར་གྲོང་གཉིས་སུ་མང་པོས་སྒོར་སྟོང་ཕྲག་དང་ཉུང་ངུས་སྒོར་བརྒྱ་ཤོག་འགྲོ་སོང་དུ་བཏང་སྟེ་ཉོ་བ་དང་། ཚང་མས་བསམ་བློ་ཞིག་ཐོངས་དང་།འགོང་བོ་སྤག་བརྒྱབ་པས་ཁྱེད་ཀྱི་མཚན་སྙན་རྒྱས་མི་ཐུབ་ལ་རླུང་རྟའང་དར་མི་ཐུབ་པའང་ཁག་ཐེག་བྱེད་ཐུབ། ལྷ་ཀླུ་སོགས་དེ་བས་ཀྱང་དགའ་མི་ཐུབ། ཕོ་བ་མི་འགྲངས་ལ་ལྟོགས་སྐོམ་ནི་ག་ལ་སེལ་ནུས། མི་སེལ་ཏེ། ཞིབ་ཏུ་སོམས་དང་གཞན་ཡང་མེ་དགྲ་ཤོར་སླ་བ་དང་ཁྱིམ་ལ་མེ་ཤོར་ནས་བཟའ་ཚང་གང་པོ་འགྲོ་སའི་ཡུལ་མེད་པར་གྱུར་ཡོད་པའང་མཐོང་ཐུབ། གདོད་མའི་ནགས་ཚལ་སོགས་ལ་མེ་དགྲ་ཞུགས་ན་དེ་བས་ཀྱང་འགྲོ་བ་མིའི་རིགས་ལ་གནོད་སྐྱོན་དང་དཔལ་འབྱོར་སོགས་གྱོང་གུད་ཚབས་ཆེན་བཟོས་ཡོད་པ་བརྗོད་ཀྱིས་མི་ལངས་བའོ། །
        གཉིས་ནས་ཤོག་སྤག་བརྒྱབ་པས་རང་རེའི་ལུང་བའི་ནང་དུ་དུག་རྫས་བཏང་བ་ཡིན་པས་དེའི་མཁའ་དབུགས་བཙོག་བཟོ་དང་ཆུ་འགོ་སྐམ་པ་བཅས་ལ་གནོད་པ་བཟོ་ཐུབ་པ་མ་ཟད་རྩི་ཤིང་དང་ནགས་ཚལ་རྒྱས་མི་ཐུབ། རང་རེའི་མདོ་དབུས་མཐོ་སྒང་འདི་སྐྱེ་ཁམས་སྲུང་སྐྱོབ་ཐད་ནས་འཛམ་གླིང་ཡུལ་གྲུ་ཉི་ཤུ་རྩ་བཞིའི་གཅིག་ཏུ་བགྲང་སའི་ཕ་ས་ཕ་ཡུལ་གྱི་རི་ཆུ་ལུང་གསུམ་གྱི་མཛེས་སྡུག་གི་དཔལ་བཅོམ་པ་ཡིན་ན། ང་ཚོས་མི་རབས་རྗེས་མ་ལ་མགོ་རུ་ཅི་ཞིག་འཇོག་གམ་ཞིབ་ཏུ་སོམས།
        གསུམ་ནས་ཤོག་སྦག་གི་སྒྲ་ཆེན་པོས་མི་རྒན་གྱི་རྣ་བ་འོན་དུ་འཇུག་པ་དང་བྱིས་པའི་ལག་པའི་མཛུབ་མོ་བཅད་ནས་ཕ་མས་གནང་བའི་མི་ལུས་བདེ་ཐང་དེ་དབང་བོ་སྐྱོན་ཅན་དུ་བསྒྱུར་བ་ནི་ཆེས་གདུག་རྩུབ་དང་སྙིང་རྗེ་མེད་པ་ཞིག་མ་རེད་དམ།
        བཞི་ནས་ས་གཞི་དང་རི་བྲག་ཁང་ཁྱིམ་སོགས་འགས་སྒྲས་གཡོ་སྐྱོམས་ཐེབས་ཏེ་མཁའ་དབུགས་དང་ཆུ་བོ་བཙོག་བསྒྱུར་ཐེབས་པ་ནི་གད་སྙིགས་ཀྱི་ཕུང་བོ་སྤུངས་པ་དང་འདྲ་བས་ལྷ་ཀླུ་དྲག་ཏུ་ཁྲོས་ཤིང་། མི་ཡུལ་ལ་ནད་ཡམས་དང་ན་ཚ་འབྱུང་བ་སོགས་ལ་སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་ན་ཞིབ་ཏུ་བསམ་བློ་གཏོང་བ་ལས་གཡམ་རྒྱུགས་མི་བྱེད་པ་ཐུགས་ཀྱི་དཀྱིལ་དུ་ཆོངས། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1