གཞོན་སེམས་མནར་བའི་དར་རྩེ་མདོ །

ཏུག་ཏུག་དཀར་མོ། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-01


སང་ཉིན་ཡུལ་ལ་ལོག

དར་རྩེ་མདོ་དང་གྱེས་ནས།
ཁ་སང་།
ཤ་བསྲེགས་ཀྱི་དྲི་ངད་ངན་པ་ཁྱབ་པའི་བསྲེགས་ཟས་ཁང་དང་།
གློག་དམར་གཡོ་འཁྱུག་བྱེད་སའི་དར་མདོའི་སྐོར་བྲོ་རུ།
གོ་རིམ་མེད་པའི་ངང་ནས་སྒྲིག་ཡོད་པའི་ཆང་དམ་བེ་མང་།
གར་སྟེགས་ཆུང་ཆུང་ཞིག
རང་ཉིད་ཀྱི་འཇིག་རྟེན་དུ་སྒོམ་པའི།
ན་གཞོན་གླུ་བ་ཆུང་ཆུང་དེ་དག་གིས།
དམངས་གླུ་ཐུང་ཐུང་སེམས་ཀྱིས་དབྱངས་སུ་ལེན།
ཆང་ཁང་མིན་པའི་གྲུ་ག་རུ།
ཆང་གིས་བཟི་བའི་གཞོན་ནུ་སྐོར་ཞིག
བཟི་གཏམ་འར་འུར་བརྡོལ་ནས།
སེམས་དམར་པོ་ཕྱི་ལ་མངོན་འདུག
ཨོ།
ཁོ་ཚོ་བཟི་ཡོད་པ་བདེན།
ཡིན་ཡང་བཟི་སོང་བའི་ཁོ་ཚོ།
གཞན་ལ་སྤྲུལ་པ་ཞིག་མིན་པར།
ངེས་པ་དོན་གྱི་རང་ཉིད་དངོས་དེ་རེད་འདུག
ཚིག་ཇ་ཁང་དེ་རུ།
བུ་མོ་སེམས་ཆུང་དེས།
བསམ་གཞིགས་ཀྱི་བས་མཐའ་ནས།
དྲན་འཁྲུལ་ཡོད་ཚད་ཕྱི་རུ་འཆད་མ་ཐུབ་པས།
ཚིག་ཇ་ཁང་ནས་མགྲོན་ཁང་ལ་ལོག་དུས།
དབང་མེད་དུ་མིག་ཆུ་ཤོར།
སྐབས་དེར།
མོས་མོ་རང་ཉིད་བོར་སོང་མོད།
ཡིན་ཡང་།
མོའི་མིག་ཆུ་དེ་སུས་ཀྱང་མ་རྟོགས།
ཐ་ན་མོ་རང་ཉིད་ཀྱིས་ཀྱང་མིག་ཆུ་འཁྱག་པ་དེར་འགྲེལ་ཐབས་བྲལ།
དར་རྩེ་མདོ།
གྲང་བའི་སྣང་བས་བཟི་བའི་ཕོ་བྲང་ཁྲ་ཁྲ་ཞིག་དང་།
རྟག་པར།
གཞོན་སེམས་མནར་ཞིང་།
དངོས་ཡོད་ལ་འཐམ་པའི་རྨི་ལམ་སྦྲུམ་པའི་མ་ཡུམ་ཞིག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1