བོང་བུ་གསོས་ནས་འབྱོར་འབྲིང་ལམ་ལ་བསྐྱོད།

མགོན་པོ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-02


    གསར་འགོད་པས་སྔར་ལས་ལྷག་པའི་སྒོས་ནས་རྔ་བའི་བོང་བུའི་རིགས་ལ་རྒྱུས་ལོན་དང་རྔ་བའི་བོང་བུ་གསོ་སྤེལ་མཉམ་ལས་ཁང་གི་གནས་བབ་སོགས་ལ་རྒྱུས་ལོན་བྱ་ཆེད། ཆེད་དུ་རྔ་བ་རྫོང་རྒྱ་སྟོད་ཡུལ་ཚོ་རྩི་མདའ་སྡེ་བའི་རྔ་བའི་བོང་བུ་གསོ་སྤེལ་མཉམ་ལས་ཁང་དུ་སོང་།  གསར་འགོད་པ་རྔ་བའི་བོད་བུ་གསོ་སྤེལ་མཉམ་ལས་ཁང་དུ་ཐོན་དུས་ཡུལ་ཚོ་དང་སྡེ་བའི་འགན་ཁུར་བ་དང་མཉམ་ལས་ཁང་གི་འགན་ཁུར་བ་ཚོས་སྔ་མོ་ནས་མཉམ་ལས་ཁང་དུ་སྒུག་འདུག འོན་ཀྱང་དགུན་ཟླ་དང་པོའི་རྔ་གཞུང་ཕྱུག་མོར་གྲང་ངར་ཤིན་ཏུ་ཆེ་བས་དགུ་གསུམ་བཞིར་ས་གད་རྡོ་གད་ཟེར་བའི་བཤད་སྲོལ་ཡོད་པ་ཤུགས་ཀྱིས་ཚོར། དེ་བས་ང་ཚོས་ཀྱང་མགྱོགས་མྱུར་གྱིས་འབྲེལ་ཡོད་གནས་ཚུལ་རྒྱུས་ལོན་བྱེད་མགོ་བཟུང་བ་ཡིན། འབྲེལ་ཡོད་མི་སྣས་ངོ་སྤྲད་པ་ལྟར་ན། རྒྱལ་ཁབ་ཞིང་ལས་པུའུ་དང་སི་ཁྲོན་ཞིང་ཆེན་ཞིང་ཕྱུགས་ལས་བཟའ་བཅའ་ཅུས་གཉིས་ཀྱིས་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། རྔ་བ་རྫོང་ཞིང་ཕྱུགས་ཅུས་ཀྱིས་1996ལོའི་ཟླ་9བར་ཆེས་མཇུག་མཐའི་ཁ་གསབ་བརྟག་ཞིབ་བྱས་མཐར་སི་ཁྲོན་ཞིང་ཆེན་རིགས་རྒྱུད་གསལ་འབྱེད་ཨུ་ཡོན་ལྷན་ཁང་གིས་གསར་འབྱེད་ཆོག་མཆན་ཐོབ་པར་མ་ཟད། རྔ་བའི་བོང་བུ་དངོས་སུ་སི་ཁྲོན་ཞིང་ཆེན་གྱི་ས་གནས་རྒྱུད་བཟང་སྲོག་ཆགས་སུ་བདམས་ཐོན་བྱུང་བ་རེད། 

    རྔ་བ་རྫོང་གི་ཆ་སྙོམས་གནམ་གཤིས་དྲོད་ཚད་ནི་ཏུའུ་3.3ཙམ་ཡིན་ལ།  ཆེས་མཐོ་བའི་དྲོད་ཚད་ཏུའུ་28དང་ཆེས་དམའ་བའི་དྲོད་ཚད་གོར་ཐོག་འོག་གི་ཏུའུ་33.9ཙམ་ཡིན།  ས་རྒྱ་ཆེ་ལ་ས་ཞིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པས། ཞིང་ལས་དང་ཕྱུགས་ལས་གང་ལའང་འཚམས། ལྷག་པར་དུ་རྫོང་དེའི་མཐའ་འཁོར་གྱི་རྒྱ་སྟོད་ཡུལ་ཚོ་དང་བར་མ་ཡུལ་ཚོ། རྨེ་སྐོར་ཡུལ་ཚོ་སོགས་ཡུལ་ཚོ་འགའི་གནམ་གཤིས་ཀྱི་དྲོད་གྲང་དང་ས་གཤིས་ཀྱི་བཟང་ཆ་སོགས་ལ་དམིགས་ནས། ཕྱུགས་འཚོ་བ་དང་ས་ཞིང་རྨོ་འདེབས་བྱས་ནས་རོང་མ་འབྲོག་གི་འཚོ་བ་རོལ་བཞིན་ཡོད་པར་མ་ཟད། རྔ་བའི་བོང་བུ་ཡང་རྫོང་མཁར་གྱི་ཉེ་འདབས་སུ་ཆགས་པའི་ཡུལ་ཚོ་དང་གྲོང་རྡལ་འདི་དག་ལ་ཁྱབ་ཡོད།  རྒྱུས་ལོན་བྱུང་བ་ལྟར་ན། 1995ལོར་རྔ་བ་རྫོང་ཡོངས་ལ་བསྡོམས་པའི་བོང་བུ་3444ཡོད་པ་དང་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་11ཁེབས་ཡོད་ཅིང་།  རྔ་བའི་བོང་བུ་ནི་གཟུགས་གཞི་ཆུང་ཞིང་གཤིས་རྒྱུད་གཡུང་ལ།  སྤུ་མདོག་སྐྱ་བོ་དང་ནག་པོ། ཐལ་མདོག་སོགས་ཡོད་པ་རེད། ས་དེའི་མང་ཚོགས་ལ་མཚོན་ན་ཡང་བོང་བུ་ནི་འགྲིམ་འགྲུལ་ཡོ་ཆས་གཙོ་བོ་རུ་གྱུར་ཡོད་ཅིང་། རྔ་བའི་བོང་བུར་མཚོན་ན་ལྗིད་ཚད་རྒྱ་མ་ཉིས་བརྒྱར་ཉེ་བ་ཞིག་ཁུར་ནས་ལེ་བར་བཞི་བཅུ་ནས་ལྔ་བཅུ་ལྷག་ལ་འགྲོ་ཐུབ་པར་མ་ཟད། ཉིན་གང་བོ་གཟན་ཆས་མ་ཟོས་ནའང་ཆོག་ལ། ལོ་གསུམ་ནས་བཞིར་ཐོན་དུས་རྒྱུད་སྤེལ་ཐུབ་པ་རེད། རྔ་བའི་བོང་བུའི་སྤྱིར་བཏང་གི་ཚེ་ཚད་ནི་ལོ20ལྷག་ཙམ་ཡིན།

      རྔ་བ་རྫོང་རྒྱ་སྟོད་ཡུལ་ཚོ་རྩི་མདའ་སྡེ་བའི་རྔ་བའི་བོང་བུ་གསོ་སྤེལ་མཉམ་ལས་ཁང་ནི་2017ལོར་བཙུགས་པ་ཡིན་ཅིང་། མཉམ་ལས་ཁང་ལ་ད་ལྟ་བོང་བུ་80ཡོད་ལ། དེའི་ནང་དུ་བོང་བུ་ཕོ70དང་བོང་བུ་མོ་10ཡོད། བོང་བུ་རེ་ལ་ཆ་སྙོམས་སྒོར་6250རེ་སྟེར་ནས་རྫོང་དེའི་ཡུལ་ཚོ་སོ་སོ་དང་ཀན་སུའུ་ཞིང་ཆེན་སོགས་ནས་ཉོས་པ་ཡིན། ཆོས་སྐྱབས་ནི་སྡེ་བ་འདིའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཡིན་པས། ཡུལ་ཚོའི་སྲིད་གཞུང་གི་འགོ་ཁྲིད་དང་སྡེ་བའི་ལས་བྱེད་པ་ཚོས་ཁོ་ཚང་ལ་ཡོང་སྒོ་གང་ཡང་མེད་པས་མགྱོགས་མྱུར་སྒོས་དབུལ་བྲལ་ཡོང་ཐུབ་པར་དམིགས་ནས་རྒན་རྒོན་གཉིས་མཉམ་ལས་ཁང་གི་དོ་དམ་པར་བཞག  རྒན་པོ་ཆོས་སྐྱབས་ཀྱིས་བཤད་རྒྱུར། ངེད་རྒན་རྒོན་གཉིས་ལ་ལོ་རེར་ཟླ་ཕོགས་སྒོར་ཁྲི4ཡོད་པས། སྔོན་ཆད་དང་བསྡུར་ན་འཚོ་བའི་སྤུས་ཀ་ཇེ་བཟང་དུ་སོང་ཡོད་པར་མ་ཟད། ད་དུང་རང་གིས་གྲོན་ཆུང་ཅུང་ཙམ་བྱས་པས། ད་ལྟ་གསོག་དངུལ་ཀྱང་ཉུང་ཙམ་ཞིག་ཡོད་ཟེར། ནམ་རྒྱུན་ཁོང་བཟའ་བ་གཉིས་ཀྱིས་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས། བོང་བུ་ཚོར་གཟན་རྩྭས་གསོ་བ་དང་། སྨན་དང་ཆུ་སྡུད་པ། རི་འགོར་དེད་ནས་འཚོ་བ་སོགས་ཉིན་རྒྱུན་གྱི་འཚོ་བའི་གོམས་གཤིས་སུ་གྱུར་ཡོད། རྔ་བ་རྫོང་རྒྱ་སྟོད་ཡུལ་ཚོའི་ཡུལ་དཔོན་གཞོན་པ་ཧུའུ་ཀོང་ཧུའེ་ཡིས་གསར་འགོད་པར་ངོ་སྤྲད་པ་ལྟར་ན། ལོ་གསུམ་གྱི་རིང་ལ་མཉམ་ལས་ཁང་འདི་ལ་མ་མཐའ་ཡང་སྒོར་ཁྲི་24ཡི་ཡོང་སྒོ་ཡོད་པའི་འཆར་གཞི་བཀོད་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1