བོད་ལྗོངས་མངའ་རིས་ཀྱིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་རྣམ་གྲངས་གང་མང་གཏོད་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 02-05


           བོད་ལྗོངས་མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མངའ་རིས་ས་ཁུལ་གྱིས“གནའ་བོའི་ཞང་ཞུང་གི་རིག་གནས་སྤུས་རྟགས་ཀྱི་སྐོར་ལམ་ནང་མ”གཏོད་པ་དང་། མཚན་དགུང་གི་སྐར་མར་ལྟ་བའི་སྤྱི་གླིང་རྒྱ་བསྐྱེད་བྱས་ནས་དེ་གའི་ཡུལ་སྐོར་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཡིན་པ་རེད།
           མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་འཇིགས་མེད་དབང་ཕྱུག་གིས་ངོ་སྤྲོད་བྱས་དོན། འགྲིམ་འགྲུལ་ཆ་རྐྱེན་མུ་མཐུད་ལེགས་སུ་སོང་བ་དང་སྦྲགས་མངའ་རིས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་དེར་བརྟེན་དེ་གའི་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་གཟུགས་བརྙན་ལེགས་སྒྲིག་བྱ་རྒྱུར་བསམ་བློ་གཏོང་སྒོ་ཚུགས་པ་རེད། དེའི་ནང“གནའ་བོའི་ཞང་ཞུང་གི་རིག་གནས་སྤུས་རྟགས་ཀྱི་སྐོར་ལམ་ནང་མ”གཏོད་རྒྱུ་ནི་2018ལོའི་འོས་སྦྱོར་གཙོ་བོའི་རྣམ་གྲངས་གྲས་ཤིག་ཡིན་པ་རེད།
           “གནའ་བོའི་ཞང་ཞུང་རིག་གནས་ནི་བོད་མི་རིགས་ཀྱི་གནའ་བོའི་མེས་པོ་ཚོས་གསར་དུ་བཏོད་པའི་ཤེས་རིག་ཅིག་རེད། དེའི་རིག་གནས་ངོ་མཚར་ཆེ་ལ། འཇིག་སླ་བ་དང་། ལོ་རྒྱུས་ཡུན་རིང་ལྡན་པས་འཛམ་གླིང་ཁྱབ་ཁོངས་ནང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་མུས་ལགས། ད་ཆ་ཤེས་རྟོགས་བྱུང་བའི་ཞང་ཞུང་རིག་གནས་ཀྱི་ཤུལ་བཞག་ཕལ་ཆེ་བ་མངའ་རིས་ས་ཁུལ་ལ་ཡོད། དེ་ནི་མངའ་རིས་ཀྱིས་ཞང་ཞུང་རིག་གནས་ཀྱི་ཡུལ་སྐོར་ལས་དོན་སྤེལ་བའི་ལེགས་ཆ་ཐུན་མོང་མ་ཡིན་པ་ཞིག་རེད”ཅེས་འཇིགས་མེད་དབང་ཕྱུག་གིས་བཤད།
           ལོ་ཤས་ནང་། མངའ་རིས་ཀྱིས་ལོ་འཁོར་གྱི“ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན”གཉེར་བ་བརྒྱུད་ཡུལ་སྐོར་བ་སྔར་ལས་མང་བས་ཞང་ཞུང་རིག་གནས་ལ་ཤེས་རྟོགས་ཡོང་གི་ཡོད། འཆར་གཞི་ལྟར་ན“གནའ་བོའི་ཞང་ཞུང་གི་རིག་གནས་སྤུས་རྟགས་ཀྱི་སྐོར་ལམ་ནང་མ”ལ་རིང་ཚད་སྤྱི་ལེ་413ཡོད་པའི་ནང་། གནའ་བོའི་ཞང་ཞུང་གི་ཕོ་བྲང་གནས་ཡུལ་ཁྱུང་ལུང་དངུལ་མཁར་སོགས་ཀྱི་མཛེས་ལྗོངས་ཁུལ་ཡང་ཚུད་པས། “ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན”གྱི་རྨང་གཞིའི་ཐོག་ཡུལ་སྐོར་བར་ཞང་ཞུང་རིག་གནས་ལ་རྒྱུས་མངའ་ཟབ་མོ་ཡོང་ཐུབ་ངེས་ཡིན།
           “མངའ་རིས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་ཡུལ་སྐོར་བྱེད་རིང་ལོ་རྒྱུས་ཀྱི་ཆ་ཡོད་དགོས་ལ་དེང་རབས་ཀྱི་ཆའང་ཡོད་དགོས” ནམ་མཁའི་སྐར་མར་ལྟ་བའི་དར་སྲོལ་ཤུགས་ཆེར་འགྲོ་བའི་རྒྱབ་ལྗོངས་འོག མངའ་རིས་ཀྱིས་ས་ཁུལ་ཁོངས་ཀྱི་མཚན་དགུང་སྐར་མར་ལྟ་བའི་སྤྱི་གླིང་རྒྱ་བསྐྱེད་བྱ་རྒྱུ་ཡིན་པ་སྟེ། དཔེར་ན་ནམ་མཁའི་དགུང་གི་སྐར་མར་ལྟ་བ་དང་གནམ་དཔྱད་ཀྱི་ཤེས་བྱ་ཁྱབ་གདལ་ཁང་སོགས་གསར་རྒྱག་བྱ་རྒྱུ་ཡིན་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ལ་ཡུལ་སྐོར་བྱ་རྒྱུ་དེ་སྲོལ་རྒྱུན་གྱི“མཐའ་སྣེ་གསུམ་པའི་གྲོག་རོང་ལ་ལྟ་བ”ནས“ཞང་ཞུང་རིག་གནས་དང་ནམ་མཁའི་སྐར་མར་ལྟ་བའི”བར་རྒྱ་བསྐྱེད་གཏོང་བཞིན་ཡོད། འཇིགས་མེད་དབང་ཕྱུག་གིས“ཡུལ་སྐོར་རྣམ་གྲངས་དང་ལྷག་དོན་དུ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་རྣམ་གྲངས་སྔར་ལས་མང་བ་གཏོད་རྒྱུ་ཡིན་པ་དེས་ཕྱོགས་གཅིག་ནས་མི་སེར་རྣམས་རང་སར་ལས་ཞུགས་ཐུབ་སྟེ་དབུལ་སྒྲོལ་འབབ་འཕར་ཡོང་བ་དང་། ཕྱོགས་གཞན་ཞིག་ནས་ཉེ་འཁོར་ལ་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་ལེགས་སུ་གཏོང་རྒྱུར་ཕན་པ་ཡོད”ཅེས་བཤད།
           མངའ་རིས་ས་ཁུལ་དེ་བོད་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་ལ་གནས་པ་དང་ཆ་སྙོམས་ས་བབ་སྨི་4500ཡན་ཟིན་པས། “འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་གྲགས་ལ། ཧི་མ་ལ་ཡའི་རི་རྒྱུད་དང་། གངས་ཏི་སིའི་རི་རྒྱུད། ཁུ་ནུ་རི་བོའི་རི་རྒྱུད་བཅས་གསུམ་གྱི་སྦྲེལ་མཚམས་སུ་གནས་པ་དང་། ཡར་ལུང་གཙང་པོ་དང་། ཆུ་བོ་གང་གཱ ཆུ་བོ་སིནྡྷུ་སོགས་ཆུ་ཕྲན་མང་པོའི་ཆུ་འགོའང་ཡིན་པས། “རི་བོ་ཁྲི་ཡི་མེས་པོ”“ཆུ་བོ་བརྒྱ་ཡི་ཆུ་འགོ”ཞེས་འབོད་ཀྱི་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1