༄༅།།མངའ་རིས་གུ་གེ་རྒྱལ་པོའི་ཐོག་མའི་ལོ་རྒྱུས་ལ་དཔྱད་པ།

རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། སྤེལ་དུས། 02-08


          དེ་ཡང་མངའ་རིས་གུ་གེ་རྒྱལ་རབས་ནི་བོད་སིལ་བུའི་དུས་སུ་མངའ་བདག་འོད་སྲུང་གི་གདུང་རྒྱུད་སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་སྟོད་ཀྱི་མགོན་གསུམ་དུ་གྲགས་པའི་བར་པ་བཀྲ་ཤིས་མགོན་གྱིས་སྤྱི་ལོ་960ཡས་མས་སུ་མངའ་རིས་གུ་གེར་རྒྱལ་ས་བཟུང་སྟེ་རིམ་གྱིས་དེང་གི་མངའ་རིས་རྩ་མདའ་རྫོང་ལྟེ་བ་བྱས་ནས། ཡོངས་གྲགས་ཀྱི་མངའ་རིས་སྐོར་གསུམ་①ལས་སྤུ་རང་དང་ཞང་ཞུང་སྐོར་གཅིག་ཅེས་པའི་ཡུལ་གྲུ་ལ་དབང་བསྒྱུར་བ་ནས་བཟུང་གུ་གེ་རྒྱལ་རབས་ཉི་ཤུ་ལྷག་གི་རིང་སྟེ་སྤྱི་ལོ་1618བར་དུ་ཧ་ལམ་ལོ་ངོ་བདུན་བརྒྱ་ལ་ཉེ་བའི་ནང་། ཡུལ་དེའི་ས་གནས་རྒྱལ་པོ་བྱས་པའི་རྒྱལ་རབས་སམ་རྒྱལ་རྒྱུད་ལ་གོ་དགོས་པ་ཡིན།
          དེ་ལ་ཡོངས་གྲགས་ལྟར་བོད་ཀྱི་བཙན་པོ་མཐའ་མ་ཁྲི་དར་མ་འུ་དུམ་བཙན་ལ་སྲས་ཡུམ་བརྟན་དང་འོད་སྲུང་གཉིས་འཁྲུངས་པ་ལས་རྒྱལ་སྲས་གཉིས་སོ་སོའི་ཡུམ་གྱི་ཕྱོགས་ཞང་བློན་རྣམས་མ་མཐུན་ཏེ། བཙན་པོའི་རྒྱལ་རྒྱུད་སྟོབས་ཤུགས་ཁག་གཉིས་སུ་གྱེས་ནས་བློན་འབངས་ཐ་དད་ཀྱིས་བཟུང་སྟེ་ཡུམ་བརྟན་ཕྱོགས་ཀྱིས་དབུ་རུ་སྟེ་དེང་གི་ལྷ་ས་ཕྱོགས་དང་། འོད་སྲུང་གིས་གཡོ་རུ་སྟེ་དེང་གི་ལྷོ་ཁ་ཕྱོགས་བཟུང་ནས་དབུ་གཡོ་འཁྲུག་པ་བྱས་ཏེ་ལོ་མང་རིང་མངའ་ཐང་འཕྲོག་རྩོད་བརྒྱབ། མངའ་བདག་འོད་སྲུང་ལ་སྲས་དཔལ་འཁོར་བཙན་འཁྲུངས་ཤིང་། འདིས་ཐོག་མར་གཡོ་རུ་ལ་དབང་བྱས་ཡོད་ཀྱང་ཕྱིས་སུ་ཡུམ་བརྟན་གདུང་རྒྱུད་ཀྱིས་དབུ་རུ་མ་ཟད་རིམ་གྱིས་གཡོ་རུའི་ཕྱོགས་ལ་དབང་བྱས་པས། དཔལ་འཁོར་བཙན་བློན་འབངས་འཁོར་བཅས་གཡས་རུ་གཙང་ཕྱོགས་སུ་བྱོལ་ནས་མཐར་ཁོང་ཉིད་གཙང་གྲོམ་པ་ལྷ་རྩེ་①ནས་བློན་པོ་སྙགས་སྟག་རྩེ་བྱ་བས་བཀྲོངས། ཡང་དེ་བཀྲོངས་རྐྱེན་ནི་《ལྡེའུ་ཆོས་འབྱུང་རྒྱས་པ་》རུ་“སྙགས་ཕྱེད་གཙང་དུ་བཤུག་པར་བྱས་པ་དང་། གཙང་གི་འདྲེ་(འབྲེ་)ཕྱེད་མར་ཡར་ལུངས་སུ་དབབ་པར་བྱས་པས་སོ། །”②ཞེས་བཀོད་པ་བཞིན་སྐབས་དེར་དཔལ་འཁོར་བཙན་གྱི་འཁོར་སྙགས་དང་བཅས་པའི་བློན་འབངས་མང་པོ་ཞིག་གཙང་ཕྱོགས་སུ་ཡུལ་གྱར་ལ་ཡོང་བ་དང་། གཙང་ཕྱོགས་ཀྱི་མི་སེར་མང་པོ་མར་རང་ཡུལ་ཡར་ལུང་དུ་འགྲོ་རུ་བཅུག་སྟབས། བློན་སྙགས་ཀྱིས་རྒྱལ་པོའི་བྱ་སྤྱོད་དེ་ལ་མ་རངས་ནས་ཁོང་བཀྲོངས་པ་ཡིན་འདུག་ལ། འདིས་ནི་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ལ་ཡ་ཡོམ་ཆེན་པོ་བྱུང་སྟེ་བོད་འབངས་བྱིངས་ལ་བདེ་བའི་གོ་སྐབས་མེད་པ་མཚོན་ཐུབ་བོ། ། 
          དེ་ལྟར་དཔལ་འཁོར་བཙན་ལ་བཙུན་མོ་ཆེན་ཆུན་①གཉིས་ཡོད་པ་ལས་ཆུན་མ་མཆིམས་བཟའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དང་། ཆེན་མ་སྣ་ནམ་བཟའ་ལ་སྲས་སྐྱིད་ལྡེ་ཉི་མ་མགོན་གཅེན་གཅུང་②གཉིས་འཁྲུངས། དེ་ནས་ཡུམ་བརྟན་གདུང་རྒྱུད་ཀྱིས་དབུ་གཡོ་མ་ཟད་གཙང་ཕྱོགས་བཅས་ཀྱང་བཟུང་བས། དཔལ་འཁོར་བཙན་གྱི་སྲས་གཉིས་ལ་སྟོད་③དང་མངའ་རིས་ཕྱོགས་སུ་ཡུལ་བྱོལ་འགྲོ་དགོས་བྱུང་བར་བརྟེན། གཅེན་བཀྲ་ཤིས་བརྩེགས་པ་དཔལ་གྱིས་ལ་སྟོད་ལྷོ་བྱང་གི་ཡུལ་རྣམས་བཟུང་ནས་ཕྱིས་སུ་སྲས་སྨད་ཀྱི་ལྡེ་གསུམ་དུ་གྲགས་པ་བྱོན་ལ། མངའ་རིས་གུང་ཐང་རྒྱལ་རྒྱུད་ཡང་འདི་ནས་མཆེད་པ་ཡིན། གཅུང་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སྟོད་དུ་ཕེབས་དགོས་བྱུང་བ་དང་། ཚུལ་དེའང་《ཉང་ཆོས་འབྱུང་》དུ། “ཁྲི་སྐྱིད་ལྡེ་ཉི་མ་མགོན་ཆིབས་ཁ་གྱེན་ལ་བསྐྱོད་ནས་མངའ་རིས་སྟོད་དུ་གཤེགས་པ་ལ། བློན་པོ་གཉིས་ཀྱིས་གཙང་བྱེ་མ་གཡུང་དྲུང་བར་དུ་བསྐྱལ་ནས། ཞང་པ་ཚབ་ཉི་མ་རྡོ་རྗེ་ཡིས་དྲེའུ་གཅིག་ཕུལ། ཅོག་རོ་ཕག་ཤ་ལྷ་ལེགས་ཀྱིས་སྤྱང་ཁུའི་ཐུལ་བ་གཅིག་ཕུལ། རྗེ་ཁྲི་སྐྱིད་ལྡེ་ཉི་མ་མགོན་གྱི་ཞལ་ནས། ངས་སྟོད་ཕྱོགས་འདིར་རྒྱལ་ས་ཟིན་ན་ཁྱེད་གཉིས་ལ་བསླང་རྒྱུ་རེ་ཡོད་དོ་གསུངས་ནས་སོ་སོར་བྱོན་ཏེ། མཚོ་མ་ཕམ་གྱི་བྱང་དུ་བཞུགས་ནས། བློན་པོ་ཤེས་རིག་ཆེ་བ་གསུམ་སྟོད་བསྐོར་གསུམ་བལྟ་རུ་བཏང་བས་བློན་པོ་སྤུ་(རང་)དུ་བལྟ་རུ་བཏང་བ་འཁོར་ནས་བྱུང་བས། རང་རེ་རྗེ་བློན་རྣམས་གསུངས་ནས་དང་པོ་སྤུ་རང་དུ་བྱོན་ནས་ཚོང་མང་པོ་མཛད། མི་རྣམས་ཟས་ཀྱིས་བྲིད། ཐམས་ཅད་དད་པ་བྱས་ནས་ཁྲིམས་བཅས་དབང་དུ་འདུས་པ་དང་། དམག་བཤམས་གུ་གེ་ལ་བརྒྱབ། མངའ་འོག་ཏུ་བཅུག ། དེ་ནས་མར་ཡུལ་དུ་བྱོན། རྒྱལ་ཁྲིམས་བཅས། ཉེས་པ་ཤོར་བ་རྣམས་ལ་ཉེས་པ་བླངས། མགོ་བྲེགས་ནས་དེ་ལྟར་སྟོད་མངའ་རིས་བསྐོར་གསུམ་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འདྲ་བས་མནན། དེ་ནས་སྤུ་རང་དུ་སྐུ་མཁར་ཉི་ཟུང་བརྩིགས། སྟོད་ཀྱི་མངའ་བདག་མཛད། དེ་ནས་ཞང་བློན་གཉིས་ཀྱིས་བུ་མོ་གཉིས་བཙུན་མོར་ཕུལ་ལོ། ། པ་ཚབ་མ་ལ་ཚ་བོ་མ་བྱུང་། ཅོག་རོ་བཟའ་ཟངས་ཁ་མ་ལ་སྲས་གསུམ་བྱུང་།① ཞེས་བཀོད་པ་བཞིན་སྐྱིད་ལྡེ་ཉི་མ་མགོན་ཐོག་མར་མངའ་རིས་ཕྱོགས་སུ་བྱོན་དུས་ཡུལ་ཕྱོགས་སོ་སོར་རྟོག་ཞིབ་དང་སྦྲགས་རང་ཉིད་བཙན་པོའི་གདུང་རྒྱུད་ཡིན་པ་དང་འབྱོར་པ་ལྡན་པའི་ཆ་རྐྱེན་ལ་བརྟེན་ནས། དང་པོ་ཚོང་ལས་སོགས་བྱས་ནས་འབྱོར་པའི་རྨང་གཞི་ཇེ་རྒྱས་ཡོད་པ་བྱས་ཐོག། ཡུལ་མི་རྣམས་ཞི་དྲག་ཅི་རིགས་ཀྱི་ཐབས་ལ་བརྟེན་ནས་དབང་འོག་ཏུ་བསྡུས་ཤིང་མངའ་རིས་རྒྱ་བསྐྱེད་ཀྱིས་རང་ཉིད་ཡུལ་གྱི་མངའ་བདག་རྒྱལ་པོ་ཆེན་པོ་བྱས། སྲིད་ཀྱི་ལྟེ་བ་སྤུ་རང་དུ་མཛད་དེ་ཕོ་བྲང་སྐུ་མཁར་ཉི་གཟུངས་བྱ་བ་བརྒྱབ་ཅིང་རིགས་རྒྱུད་ཀྱང་སྤེལ་བ་ཡིན་འདུག་ལ། ཡང་ལོ་རྒྱུས་ལ་ལར་②སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་ཕེབས་སྐབས་སྤུ་རང་ནས་བློན་པོ་ཁྱུང་དཔལ་ལྡན་གྲུབ་པ་དང་མེ་ཉག་རྡོ་རྗེ་གཉིས་ཀྱིས་གཙོ་བྱས་རྟ་པ་བརྒྱ་ཕྲག་གིས་བསུས་ནས་དགེ་བཤེས་བཀྲ་ཤིས་བཙན་བྱ་བ་ཞིག་གིས་སྤུ་རང་དུ་བཞུགས་པར་ཞུས་ནས་འབྲོ་བཟའ་འཁོར་སྐྱོང་བྱ་བའི་བཙུན་མོ་ཞིག་ཀྱང་ཁབ་ཏུ་ཕུལ་བས་སྲས་སྟོད་ཀྱི་མགོན་གསུམ་འཁྲུངས་པར་བཤད་མོད་དེ། གང་ལྟར་སྐབས་དེར་ཐོག་མར་སྤུ་རང་ནས་རྒྱལ་ས་ཟིན་རྗེས་རིམ་གྱིས་མངའ་ཁོངས་རྒྱ་བསྐྱེད་ནས་ཕྱིས་ཀྱི་མངའ་རིས་སྐོར་གསུམ་དབང་འོག་ཏུ་ཚུད་པ་ཡིན་འདུག་གོ།   
          དེ་ལྟར་སྐྱིད་ལྡེ་ཉི་མ་མགོན་ལ་བཙུན་མོ་གཉིས་ཡོད་པ་ལས་གཅིག་ལ་སྲས་མ་བྱུང་ཞིང་། ཅོག་རོའམ་འབྲོ་བཟའ་ལ་སྲས་གསུམ་འཁྲུངས་པ་ཆེ་བ་དཔལ་གྱི་མགོན་དང་། བར་པ་བཀྲ་ཤིས་མགོན། ཆུང་བ་ལྡེ་གཙུག་མགོན་བཅས་སྟོད་ཀྱི་མགོན་གསུམ་དུ་གྲགས་པ་བྱོན་ལ།ཕྱིས་སུ་ཁོང་རྣམ་པ་གསུམ་ནར་སོན་རྗེས་ཡབ་རྒྱལ་པོས་མངའ་ཁོངས་ཀྱི་ཡུལ་འབངས་ཁག་གསུམ་དུ་བགོས་ནས། སྲས་གསུམ་པོར་རང་རང་ཐད་མངའ་རིས་སྤྱད་ནས་ཡུལ་སྡེ་སྐོར་ཚན་གསུམ་བྱས་ནས་སོ་སོའི་རྒྱལ་རྒྱུད་ཀྱིས་དུས་ཕྱིས་བར་ཡུལ་གྲུ་ཐ་དད་དུ་དབང་སྒྱུར་བྱས་པ་ནས་སྟོད་མངའ་རིས་སྐོར་གསུམ་ཞེས་མིང་འདི་བྱུང་བ་ཡིན། ཡང་སྲས་གསུམ་གྱིས་མངའ་རིས་བཟུང་ཚུལ་ཐད་ལ་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྣམས་ཁ་ཅུང་ཟད་མི་མཚུངས་པ་འབྱུང་མོད། དེ་ལ་《ལ་དྭགས་རྒྱལ་རབས་》དང་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་《བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་》བྱ་བར། “དེ་ལ་སྲས་སྟོད་ཀྱི་མགོན་གསུམ་དུ་གྲགས་པ་བྱུང་སྟེ། རིག་པ་མགོན། བཀྲ་ཤིས་མགོན། ལྡེ་གཙུག་མགོན། ཆེ་བ་རིག་པ་མགོན་གྱིས་མར་ཡུལ་འབྲུ་ཤའི་བར་དང་། འབྲིང་བ་བཀྲ་ཤིས་མགོན་གྱིས་ཞང་ཞུང་ཡ་རྩེ་དང་བཅས་པ། ཆུང་བ་ལྡེ་གཙུག་མགོན་གྱིས་པི་ཏི་ཅོང་འང་ཟངས་དཀར་སྒོ་གསུམ་བཅས་བཟུང་ཞེས་འདི་ནི་རིག་ཅིང་(རིགས་ཤིང་)འཐད་ལ་ཁུངས་དང་ལྡན་པ་སྟེ། གཞན་གུ་གེ་དང་སྤུ་རང་གཉིས་སུ་མགོན་གཉིས་ཕོག་པ་དེ་ནི་མ་ཡིན་ནོ། །”①ཞེས་བཀོད་པ་བཞིན་སྲས་ཆེ་བ་རིག་པའམ་དཔལ་གྱི་མགོན་གྱིས་མར་ཡུལ་②ཏེ་དེང་གི་ལ་དྭགས་ཕྱོགས་དང་བར་པ་བཀྲ་ཤིས་མགོན་གྱིས་སྤུ་རང་དང་ཞང་ཞུང་ངམ་གུ་གེ་དང་། ཆུང་བ་ལྡེ་གཙུག་མགོན་གྱིས་ཟངས་དཀར་སྒོ་གསུམ་སྟེ་དེང་གི་ལ་དྭགས་ལྷོ་ཕྱོགས་ཀྱི་ཡུལ་གྲུ་བཅས་སོ་སོས་དབང་མཛད་པ་ཡིན་ལ། ལོ་རྒྱུས་མང་ཆེ་བར་སྲས་ཆེ་བས་མང་ཡུལ་③དང་བར་པས་སྤུ་རང་དང་ཆུང་བས་ཞང་ཞུང་ངམ་གུ་གེ་བཟུང་ཟེར་བ་དེ་མ་དག་རྒྱུན་འབྱམས་སུ་སོང་བ་ཡིན་པ་གོང་གི་ལུང་ཚིག་ལས་ཤེས་པར་བྱའོ །  
          དེ་ལྟར་གུ་གེ་རྒྱལ་རབས་ནི་མགོན་གསུམ་གྱི་བར་པ་བཀྲ་ཤིས་མགོན་ནས་བྱུང་བ་ཡིན་ལ། ཁོང་གིས་བཟུང་བ་ནི་ཞང་ཞུང་མཐིལ་གྱི་སྤུ་རང་དང་གུ་གེ་གཉིས་ཏེ་དེང་གི་སྤུ་རང་རྫོང་དང་རྩ་མདའ་རྫོང་ལྟེ་བ་བྱས་པའི་མངའ་རིས་ལྷོ་རྒྱུད་ཀྱི་ཡུལ་རྣམས་ཡིན། སྤྱི་ལོ་964ཡས་མས་སུ་ཁོང་ལ་སྲས་འཁོར་ལོ་ལྡེ་དང་དྲང་སྲོང་ལྡེ་④གཉིས་འཁྲུངས་པ་པོད་ཡོངས་སུ་རང་གི་བུ་བུ་མོར་གཅེས་མིང་འབོད་སྲོལ་ཡོད་པ་ལྟར་བོད་ཀྱི་ལོ་རྒྱུས་རྣམས་སུ་སྲས་འཁོར་རེ་དང་སྲོང་ངེ་ཞེས་ཆུང་མིང་བཀོད་པ་ཁོང་གཉིས་བྱོན། དེ་ལ་སྲས་ཆེ་བ་འཁོར་རེས་གུ་གེ་དང་ཆུང་བ་སྲོང་ངེས་སྤུ་རང་བཟུང་བར་བཤད། འཁོར་རེས་སྐུ་ཚེ་སྟོད་ལ་ཁབ་བཞེས་པ་ལ་སྲས་ན་ག་རཱ་ཛ་དང་དེ་བ་རཱ་ཛ་གཉིས་འཁྲུངས་ཤིང་ཕྱིས་སུ་གཉིས་ཀ་རབ་ཏུ་བྱུང་བར་བཤད། ཡབ་འཁོར་རེ་དགུང་ལོ་སུམ་ཅུ་པ་མེ་སྤྲེལ་(སྤྱི་ལོ་996)ལ་མངའ་རིས་གུ་གེའི་མཐོ་ལྡིང་གསེར་གྱི་ལྷ་ཁང་①བཞེངས་ནས་བསྟན་པའི་ཞབས་ཏོག་ལེགས་པར་བསྒྲུབས་ཤིང་། ཡང་ལོ་ཆེན་རིན་ཆེན་བཟང་པོ་དང་སྙི་བ་ལེགས་པའི་ཤེས་རབ་སོགས་ཁྱེའུ་བློ་རྣོ་བ་ཉི་ཤུ་རྩ་གཅིག་རྒྱ་གར་དུ་ཆོས་བསླབ་ཏུ་བཏང་ཡང་གཞན་རྣམས་ཚད་པས་ཤི་བས་ཆོས་བསླབས་ནས་ཚུར་སླེབས་མཁན་ཁོང་གཉིས་ལས་མེད་པར་གྲགས་ལ། འདི་གཉིས་ཕྱི་ནང་རིག་གནས་ཀུན་ལ་མཁས་ཤིང་ཁྱད་པར་དུ་གསང་སྔགས་ལ་མཆོག་ཏུ་མཁས་སྟབས། གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཁོང་གཉིས་དང་སྒོས་སུ་ལོ་ཆེན་རིན་ཆེན་བཟང་པོས་དམ་ཆོས་མང་པོ་དང་སྔགས་ཀྱི་སྐོར་མང་པོ་གསར་བསྒྱུར་དང་འགྱུར་ཞུས་ཀྱིས་གཏན་ལ་ཕབ་པ་རྣམས་ད་ལྟའང་བཀའ་བསྟན་ཁྲོད་དུ་བཞུགས་པ་ང་ཚོས་མཇལ་ཐུབ་པ་འདི་དག་གིས་མཚོན། ཁོང་གཉིས་དམ་ཆོས་བསྒྱུར་བའི་ལོ་ཙཱ་བ་ཆེན་པོ་མཁས་པ་བགྲེས་གཞོན་ནམ། ཡང་ན་ལོ་ཙཱ་བ་དང་མཆན་བུའི་ལོ་ཙཱ་བའི་དབང་གིས་བོད་ཡོངས་གྲགས་སུ་མཚན་གྱི་མགོར་ལོ་ཆེན་དང་ལོ་ཆུང་ཞེས་སྦྱར་སྲོལ་བྱུང་བ་འདི་ལགས་ཤིང་། ལྷ་བླ་མ་ཡེ་ཤེས་འོད་དང་ལོ་ཆེན་རིན་ཆེན་བཟང་པོ་ནས་བོད་ལ་འདུལ་བ་སྟོད་དར་དང་གསང་སྔགས་གསར་མའི་སྲོལ་རིམ་གྱིས་དར་སྤེལ་བྱུང་བ་ཡིན་ནོ། །  
          ཡང་སྐབས་འདིར་ལོ་ཆུང་ལེགས་པའི་ཤེས་རབ་ཀྱི་མཚན་ལ་པཎ་ཆེན་བསོད་གྲགས་པའི་《རྒྱལ་རབས་འཕྲུལ་གྱི་ལྡེ་མིག་》ཏུ་རྔོག་ལེགས་པའི་ཤེས་རབ་ཅེས་བཀོད་པར་བསྟུན། དུང་དཀར་རིན་པོ་ཆེ་བློ་བཟང་འཕྲིན་ལས་མཆོག་གིས་ཀྱང་   《དེབ་དམར་》འགྲེལ་པ་དང་《དུང་དཀར་ཚིག་མཛོད་ཆེན་མོ་》བཅས་སུ་རྔོག་ལེགས་པའི་ཤེས་རབ་ཡིན་པ་གཞིར་བཞག་བྱུང་བས་སྔར་ཁོ་བོ་①སོགས་ཕྱིས་རྩོམ་རྣམས་སུ་རྔོག་ལེགས་པའི་ཤེས་རབ་ཅེས་བསམ་མནོ་མ་བཏང་བར་བྲིས་ཉེས་བྱས་པ་བྱུང་། དོན་དུ་མཁས་པ་འཆུགས་ན་འདོམ་གང་ཞེས་པའི་དཔེར་སོང་སྣང་སྟེ། གང་ཞེ་ན། ལོ་ཆུང་ལེགས་པའི་ཤེས་རབ་འདི་པ་《ལྡེའུ་ཆོས་འབྱུང་རྒྱས་པ་》ཞེས་པའི་ནང་“ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། སྙི་བ་ལེགས་པའི་ཤེས་རབ་གཉིས་ཚུར་ལོག་”②ཅེས་གདུང་རུས་སྙི་བ་ཡིན་པ་གསལ་པོར་བཀོད་འདུག་པར་མ་ཟད། 《ཉང་ཆོས་འབྱུང་》དུའང་ལོ་ཆེན་རིན་ཆེན་བཟང་པོའི་འཕྲོར་“སྤུ་རང་གི་ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ལས།”③ ཞེས་ལོ་ཆུང་འདི་པ་འཁྲུངས་ཡུལ་སྤུ་རང་ཡིན་པ་གསལ་པོར་བཀོད་འདུག་ལ། ཁོ་བོ་མངའ་རིས་ལ་སོང་སྐབས་མཐོ་ལྡིང་གཙུག་ལག་ཁང་དུ་མཇལ་དུས་ཀྱང་གྱང་ཐང་གི་ལྡེབས་རིས་ཤིག་ཏུ་ལོ་ཆུང་གི་སྐུ་ཆེན་པོ་ཞིག་བཞེངས་པའི་གཤམ་དུའང་ལོ་ཆུང་ལེགས་པའི་ཤེས་རབ་ཅེས་མཚན་གྱི་ཡི་གེ་གསལ་པོར་བཀོད་པ་དངོས་སུ་མཐོང་བ་ལས་ཀྱང་ར་འཕྲོད་འདུག ། དེས་ན་རྔོག་ལེགས་པའི་ཤེས་རབ་ནི་གྲགས་ཆེ་བའི་རྔོག་བློ་ལྡན་ཤེས་རབ་ཀྱི་ཁུ་བོ་ཡིན་ལ་གདུང་རུས་རྔོག་དང་འཁྲུངས་ཡུལ་བོད་དབུས་ཡར་འབྲོག་ཡིན་པ་དང་། ཕྱིས་སུ་དགོན་པ་གསང་ཕུ་བཏབ་ནས་ཇོ་བོ་རྗེ་ཨ་ཏི་ཤ་དབུས་སུ་ཕེབས་སྐབས་ཏེ་ཤིང་བྱ་(སྤྱི་ལོ་1045)ལ་ཐོག་མར་མཇལ་བ་བཅས་ཁོང་གི་རྣམ་ཐར་དུ་གསལ་བ་ལྟར་ཡིན་པས། ང་ཚོས་མཚན་དང་ལོ་ཚོད་འདྲ་བ་ཙམ་གྱིས་མཁས་པ་སོ་སོ་བ་གཉིས་གང་ཟག་གཅིག་ཏུ་གོ་ནས་རིགས་རུས་ར་མགོ་ལུག་སྦྱར་བྱ་མི་ཉན་པ་མཐོང་ནས་འདིར་མཐའ་དཔྱོད་ཟུར་ཙམ་ཐལ་དགོས་བྱུང་ཞིང་། ཡང་ 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་ལོ་ཆུང་འདི་པའི་མཚན་ལ་གྲགས་འབྱོར་ཤེས་རབ་ཅེས་བཀོད་པར་བརྟེན་དེང་སང་གི་ལོ་རྒྱུས་འབྲི་མཁན་འགའ་རེས་རྟོག་དཔྱོད་མ་གནང་སྟེ། ལོ་ཆེན་རིན་ཆེན་བཟང་པོའི་ཟླ་ལ་ལོ་ཆུང་གྲགས་འབྱོར་ཤེས་རབ་ཅེས་བཀོད་ཀྱང་། གྲགས་འབྱོར་ཤེས་རབ་ནི་ཕྱིས་ཀྱི་གུ་གེ་རྒྱལ་རབས་བཞི་པ་འོད་ལྡེའི་སྐབས་ཀྱི་ལོ་ཙཱ་བ་ཡིན་པ་《ཉང་ཆོས་འབྱུང་》དུ་“ཞི་བ་འོད་ཀྱིས་ཁ་ཆེ་པཎྜི་ཏ་དྷ་ན་ཏ་ལ་སྤྱན་དྲངས་ནས་དུས་འཁོར་བསྒྱུར། མང་ནང་གྲགས་འབྱོར་ཤེས་རབ།”①ཅེས་གདུང་རུས་སམ་འཁྲུངས་ཡུལ་མང་ནང་ཡིན་པ་གསལ་པོར་བཀོད་ཡོད་པ་བཞིན་འདི་པ་ཡང་ལོ་ཆུང་ལེགས་པའི་ཤེས་རབ་དང་གང་ཟག་སོ་སོ་བ་ཡིན་ལ། འདིར་ལེགས་པའི་ཤེས་རབ་ཅེས་པ་འདི་བགོ་བཤའ་ལྟ་བུར་མིང་རུས་མི་གཅིག་པ་ཅི་དགར་སོ་སོར་འགོད་པ་ནི་འོས་མ་ཡིན་པ་ཤེས་དགོས་སོ། །   
          དེ་ལྟར་གུ་གེ་རྒྱལ་པོ་འཁོར་རེའི་སྐུ་ཚེ་སྨད་ལ་རྒྱལ་སྲིད་གཅུང་སྲོང་ངེ་ལ་གཏད་ནས་དགུང་ལོ་ང་གཉིས་ལ་རྒྱ་གར་གྱི་མཁན་པོ་ཡེ་ཤེས་བཟང་པོ་ཞུ་བ་ལས་རབ་ཏུ་བྱུང་བས་②མཚན་ལ་ཡེ་ཤེས་འོད་ཅེས་བསྩལ་ལ། འཁོར་འབངས་རྣམས་ཀྱིས་ཁོང་རྒྱལ་པོ་ལྷའི་སྲས་པོ་རབ་ཏུ་བྱུང་ནས་བླ་མར་གྱུར་པ་ཡིན་སྟབས་ཀུན་གྱིས་ལྷ་བླ་མ་ཞེས་ཞུ་བས་མཚན་དུ་ལྷ་བླ་མ་ཡེ་ཤེས་འོད་ཅེས་ཐོགས་པ་དང་། ཡང་རང་རེའི་ལོ་རྒྱུས་རྣམས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་ཚེ་སྨད་ལ་ཇོ་བོ་རྗེ་ཨ་ཏི་ཤ་གདན་འདྲེན་ཆེད་གར་ལོག་ཏུ་གསེར་སྒྲུབ་ཏུ་ཕེབས་ཚུལ་སོགས་གཏམ་རྒྱུད་མཚར་ལ་རིང་བ་ཞིག་བཀོད་ཡོད་པ་དེ་ལོ་རྒྱུས་དོན་དངོས་དང་མི་མཐུན་ཚུལ་《བོད་ལྗོངས་ཞིབ་འཇུག་》སྟེང་①དཔྱད་རྩོམ་སྤེལ་ཡོད་པ་བཞིན་ལགས་པས་འདིར་རྒྱས་པར་མི་སྤྲོའོ། །  
          ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱལ་སྲིད་གཅུང་སྲོང་ངེ་ལ་གཏད་རྗེས་དེས་ཀྱང་ཐོག་མར་སྤུ་རང་དུ་ཁ་ཆར་རམ་འཁོར་ཆགས་ལྷ་ཁང་②རྟེན་དང་བརྟེན་པ་བཅས་པ་བཞེངས་པར་བཤད་ལ། དེ་ནས་གུ་གེར་རྒྱལ་ས་བྱས་ཏེ་ཆོས་སྲིད་ཀྱི་ལྟེ་བ་རྩ་རངས་མཁར་ལ་བྱས་ནས་བཟུང་གེ་གུ་རྒྱལ་རྒྱུད་རིམ་པར་བྱོན་པ་ཡིན་མོད། ཡོངས་གྲགས་ལ་སྐྱིད་ལྡེ་ཉི་མ་མགོན་ནས་མངའ་རིས་རྒྱལ་རྒྱུད་བྱུང་བ་ལྟར་ཁོང་ཡང་གུ་གེའི་རྒྱལ་རབས་སུ་བརྩིས་པས་སྐྱིད་ལྡེ་ཉི་མ་མགོན་གུ་གེ་རྒྱལ་རབས་དང་པོ་དང་། ལྷ་བླ་མ་ཡེ་ཤེས་འོད་རྒྱལ་རབས་གཉིས་པ། སྲོང་ངེ་རྒྱལ་རབས་གསུམ་པ་དང་། ལྷ་ལྡེ་བྱ་བ་རྒྱལ་རབས་བཞི་པ་བྱས་འདུག ། ཡང་སྐབས་འདིར་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྣམས་སུ་རྒྱལ་པོ་སྐུ་མཆེད་འདི་གཉིས་གཅེན་གཅུང་གང་ཡིན་ཐད་མཚན་འགོད་སྟངས་མི་མཐུན་པ་ཁག་གཉིས་བྱུང་བས་ན། སོ་སོས་བཟུང་བའི་ཡུལ་གྲུ་ཐད་ལའང་དེ་མཐུན་གྱི་ལུགས་གཉིས་བྱུང་འདུག་སྟེ། དང་པོ་ནི་ལོ་རྒྱུས་ཡིག་ཚང་ཅུང་སྔ་ཤོས་ 《ཉང་ཆོས་འབྱུང་》དང་《ལྡེའུ་ཆོས་འབྱུང་རྒྱས་པ།》 《བུ་སྟོན་ཆོས་འབྱུང་།》 《དེབ་དམར།》 《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད།》 《རྒྱལ་རབས་འཕྲུལ་གྱི་ལྡེ་མིག》 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》 《སུམ་པ་ཆོས་འབྱུང་》སོགས་སུ་གཅེན་འཁོར་རེའམ་ཁོ་རེ་དང་གཅུང་སྲོང་ངེ་ཡིན་པར་བཀོད་ལ། ཁོང་གཉིས་ཀྱིས་བཟུང་བའི་ཡུལ་གྲུ་ཡང་གཅེན་འཁོར་རེས་གུ་གེ་དང་གཅུང་སྲོང་ངེས་སྤུ་རང་བཟུང་བར་བཞེད། ཡང་《ཡར་ལུང་ཇོ་བོའི་ཆོས་འབྱུང་》དུ་དེ་ལས་ལྡོག་སྟེ་གཅེན་སྲོང་ངེ་དང་གཅུང་འཁོར་རེ་ཞེས་བཀོད་པའི་ཤུགས་ཀྱིས་《ཆོས་འབྱུང་མཁས་པའི་དགའ་སྟོན་》དང་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་《བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་》ཞེས་པ་སོགས་སུ་ལུགས་དེ་འཐད་ལྡན་དུ་བཀོད་པར་བརྟེན། དུས་ཕྱིས་ཀྱི་ལོ་རྒྱུས་རྣམས་སུ་ལུགས་གཉིས་རེས་མོས་ལྟ་བུར་འབྱུང་བས་རྙོག་དྲ་ཅུང་ཟད་འདུག་མོད། ཞིབ་ཏུ་བསམས་ན་ལུགས་སྔ་མ་བཞིན་བཀོད་ན་དག་པར་སེམས་ཏེ། གཙོ་བོ་ལོ་རྒྱུས་ཡིག་ཆ་དེ་དག་བརྩམས་པའི་དུས་རབས་ཅུང་ཟད་སྔ་བས་མཛད་མཁན་ཁོང་རྣམ་པས་སྐབས་དེའི་ལོ་རྒྱུས་ཡིག་རྙིང་རིགས་མང་དག་ཅིག་གཟིགས་མྱོང་ཡོད་པས་དང་། ཡང་རང་རེའི་ལོ་རྒྱུས་རྣམས་སུ་གུ་གེ་རྒྱལ་རབས་ཕྱི་མ་རྣམས་གཅུང་གི་རྒྱལ་རྒྱུད་ཡིན་པས་མི་ཚད་ཁོང་ཡབ་སྲས་ཀྱིས་འཁོར་ཆགས་ལྷ་ཁང་བཞེངས་པ་བཅས་ཁ་མཚུངས་པས་ན། སྲོང་ངེ་ནི་གཅུང་དང་ཁོང་གིས་ཐོག་མར་སྤུ་རང་ནས་རྒྱལ་ས་བཟུང་ནས་བཞུགས་པ་ཕྱིས་སུ་གཅེན་རྒྱལ་པོ་ཡབ་སྲས་ཚང་མ་རབ་ཏུ་བྱུང་བར་བརྟེན། ཁོང་གིས་སྤུ་རང་དང་གུ་གེ་གཉིས་ཀྱི་རྒྱལ་སྲིད་གཅིག་ཏུ་ཟླ་བསྒྲིལ་ནས་རྩ་རངས་སུ་རྒྱལ་ས་བཟུང་བ་ནས་གུ་གེ་རྒྱལ་རབས་དངོས་ཀྱི་རྒྱལ་རྒྱུད་བྱུང་བ་ཡིན་ཞེས་སྨྲས་ནའང་རྣ་བར་འགྲོ་སྙམ་མོ།  
          གཞན་ཡང་རང་རེའི་ལོ་རྒྱུས་རྣམས་སུ་ཇོ་བོ་རྗེ་ཨ་ཏི་ཤ་བོད་ལ་གདན་འདྲེན་རྒྱུ་ཐོག་མར་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཧུར་བརྩོན་བྱས་ཀྱང་མ་འགྲུབ་སྟེ། ཕྱིས་སུ་དབོན་པོ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཁུ་བོའི་ཞལ་ཆེམས་བཞིན་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་བརྫངས་ཏེ་ད་གཟོད་གདན་དྲངས་ཐུབ་པ་ཡིན་ཚུལ་བཅས་མཁས་པ་རྣམས་ཞལ་གཅིག་མཐུན་ཡིན་མོད། འོན་ཏེ་ལོ་རྒྱུས་སྔ་ཤོས་《ལྡེའུ་ཆོས་འབྱུང་》དང་《ཉང་ཆོས་འབྱུང་》སོགས་འགའ་རེ་མ་གཏོགས་གཞན་ལོ་རྒྱུས་ཡིག་ཆ་གྲགས་ཆེ་བ་《དེབ་དམར་》དང་《ཆོས་འབྱུང་མཁས་པའི་དགའ་སྟོན།》《ཡར་ལུང་ཇོ་བོའི་ཆོས་འབྱུང་།》 《དེབ་དམར་གསར་པ།》 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》སོགས་སུ་སྲོང་ངེའི་སྲས་ལྷ་ལྡེ་དང་། དེའི་སྲས་འོད་ལྡེ་དང་བྱང་ཆུབ་འོད་ཅེས་ཇོ་བོ་རྗེ་གདན་འདྲེན་པ་པོ་བྱང་ཆུབ་འོད་དེ་ནི་ལྷ་བླ་མའི་གཅུང་སྲོང་ངེའི་ཚ་བོ་ཡིན་པའི་ལོ་རྒྱུས་མང་པོ་གོང་སྨྲས་དེ་དག་གི་ནང་དུ་འགོད་ཚུལ་མཐུན་པ་དང་། ཡང་《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་》དུ་ལྷ་བཙུན་བྱང་ཆུབ་འོད་བྱ་བ་ཇོ་བོ་རྗེ་གདན་འདྲེན་མཁན་དེ་ལྷ་བླ་མ་ཡེ་ཤེས་འོད་ལ་སྲས་རཱ་ཛ་རྣམ་གཉིས་འཁྲུངས་པ་ལས། ཕྱི་མ་རབ་ཏུ་བྱུང་བའི་མཚན་ཡིན་པར་བཤད་པ་སོགས་མཁས་པ་སྔ་མ་རྣམས་དང་བཞེད་པ་མི་མཐུན་པ་ལུགས་གཉིས་བྱུང་འདུག ། འོན་ཀྱང་ཞིབ་ཏུ་བརྟགས་ཚེ་ལུགས་དེ་གཉིས་ལ་ནང་འགལ་ཆེན་པོ་འདུག་སྟེ།           དང་པོ་ལྟར་ན་ལྷ་བཙུན་བྱང་ཆུབ་འོད་ཅེས་པ་ལྷ་བླ་མའི་གཅུང་སྲོང་ངེའི་སྲས་ཀྱི་སྲས་ཏེ་ཚ་བོ་ཡིན་པར་འདོད་པ་རྣམས་ཀྱིས་ལོ་ཚིགས་ལ་བསམ་མནོ་མ་བཏང་བ་ཡིན་ཏེ། གལ་ཏེ་ལྷ་བླ་མ་ནས་མི་རབས་གསུམ་པའི་སྐབས་ཇོ་བོ་རྗེ་བོད་དུ་ཕེབས་པ་ཡིན་ཚེ་ཁུ་བོ་ལྷ་བླ་མ་དང་ལོ་ཆེན་རིན་ཆེན་བཟང་པོ་གཉིས་དགུང་གྲངས་བརྒྱ་ལྷག་བཞུགས་དགོས་པར་མ་ཟད། ཚ་བོ་དང་ཡང་ཚ་གཉིས་ལའང་ལོ་ན་ཧ་ཅང་གཞོན་པའི་དུས་ནས་སྲས་འཁྲུང་དགོས་པ་སོགས་ཀྱི་གནོད་པ་མི་འབབ་རང་འབབ་ཡིན། གང་ཞེ་ན། ལྷ་བླ་མ་ཡེ་ཤེས་འོད་དང་ལོ་ཆེན་གཉིས་ཕལ་ཆེར་དགུང་མཉམ་ཡིན་པ་དང་ཡོངས་གྲགས་ལ་ཇོ་བོ་རྗེ་བོད་དུ་ཕེབས་དུས་ལོ་ཆེན་དགུང་གྲངས་བརྒྱད་ཅུ་ལྷག་བཞེས་ཡོད་པ་ཞལ་མཐུན་ཡིན་པའི་ཕྱིར་རོ། །   
          ཡང་ལུགས་གཉིས་པ་ལྟར་ན་ལོ་ཚིགས་ཐད་སྦྱར་ཐུབ་རུང་འོན་ཏེ་ལྷ་བཙུན་བྱང་ཆུབ་འོད་དང་ལྷ་བླ་མ་ཡེ་ཤེས་འོད་གཉིས་ཡབ་སྲས་སུ་འཇོག་ན་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་“ཁུ་བོའི་ཞལ་ཆེམས་”བཞིན་གདན་དྲངས་པ་ཡིན་པས་“ཁུ་དབོན་”དུ་འགྱུར་མི་སྲིད་པ་དང་། དེ་མིན་ལྷ་བླ་མའི་སྐུ་ཚེ་སྟོད་ཀྱི་སྲས་གཉིས་རབ་ཏུ་བྱུང་བའི་མཚན་བྱང་ཆུབ་འོད་དང་ཞི་བ་འོད་ཅེས་ཐོགས་ཚུལ་དང་ཐ་ན་སྲས་འཁྲུངས་ཡོད་མེད་ཀྱི་ཐད་ལའང་སྔ་རབས་ལོ་རྒྱུས་རྣམས་སུ་དོགས་མེད་ཞལ་མཐུན་ཞིག་ནི་མིན་ཏེ། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་《བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་》བྱ་བའི་ནང་དུ་“ལོ་རྒྱུས་དེར་ནཱ་ག་རཱ་ཛ་དང་། དེ་ཝ་རཱ་ཛ་རབ་ཏུ་བྱུང་བས་བྱང་ཆུབ་འོད་དང་ཞི་བ་འོད་ཡིན་ཟེར་བ་སོགས་ལོ་རྒྱུས་ཁུངས་མ་ད་དུང་བཙལ་དགོས་པར་སྣང་'①ཞེས་བཙལ་གཞིར་བཅོལ་བ་དང་། ཡང་《ལྡེའུ་ཆོས་འབྱུང་》དུ་“ལྷ་བླ་མ་ཡེ་ཤེས་འོད་སྐུ་ཚེ་སྟོད་ལ་སྲས་མི་མངའ། སྐྱོ་བ་སྐྱེས་ནས་རྒྱལ་སྲིད་གཅུང་ལ་བྱིན།”②ཅེས་ཁོང་ལ་སྲས་མི་མངའ་བར་བཞེད་པའང་ཡོད་པས་མཚོན། མཁས་པ་ཁོང་ཚོས་དོན་དུ་ཁས་མི་ལེན་པ་གསལ་བས་ཚུལ་དེའང་ཅུང་ཟད་བརྗོད་དཀལབར་འདུག་སྙམ། འོ་ན་ཁྱེད་རང་གིས་ཅི་འདོད་ཅེ་ན། དེ་ཡང་བོད་ཀྱི་ལོ་རྒྱུས་ཡིག་ཚང་སྔ་ཤོས་ཏེ་དུས་རབས་བཅུ་གཉིས་པའི་དུས་མགོར་བརྩམས་གྲུབ་པའི་《ལྡེའུ་ཆོས་འབྱུང་རྒྱས་པ་》བྱ་བར། “གཅུང་པོ་སྲོང་ངེའི་མིང་བཀྲ་ཤིས་ལྷ་ལྡེ་བཙན་དང་གཅུང་སྲོང་ངེའོ ། བཀྲ་ཤིས་ལྷ་ལྡེ་ལ་སྲས་གཉིས་ཏེ། འོད་ལྡེ་དང་བྱང་ཆུབ་འོད་དོ། །”① ཞེས་ལྷ་བླ་མ་ཡེ་ཤེས་འོད་དམ་ཁོ་རེ་ཁོང་གི་གཅུང་སྲོང་ངེའི་མཚན་ལ་བཀྲ་ཤིས་ལྷ་ལྡེ་བཙན་ཞེས་འབོད་པ་གསལ་པོར་བཀོད་ཡོད་པར་མ་ཟད། བྱང་ཆུབ་འོད་ནི་སྲོང་ངེའམ་བཀྲ་ཤིས་ལྷ་ལྡེ་བཙན་གྱི་སྲས་ཡིན་ཚུལ་བཅས་ཀྱང་ཁ་གསལ་དུ་བཀོད་ཡོད་པ་དེ་ནི་ཡང་དག་པའི་ལོ་རྒྱུས་ངོ་མ་ཡིན་ངེས་ཤིང་། འདིས་ནི་གོང་གི་ལུགས་གཉིས་ཀྱི་འགལ་བ་དེ་གཙང་སེལ་གནང་ཡོད་པ་ཡིན་ཏེ། གཅིག་ན་ལྷ་བླ་མ་དང་བྱང་ཆུབ་འོད་གཉིས་ཀྱི་ཁུ་དབོན་གྱི་འབྲེལ་བ་གཏན་འཇགས་བྱུང་བ་དང་བསྟུན་ལོ་ཚིགས་ཐད་ཀྱང་མི་རབས་གསུམ་པའི་དུས་ཚོད་ཀྱང་སྒུག་མ་དགོས་པས་འབྱོར་བ་དང་། གཉིས་སུ་《ལྡེའུ་ཆོས་འབྱུང་》དུ་“ཁུ་དབོན་དང་ཡབ་སྲས་འཛོམས་པའི་དུས་དེར།”②ཞེས་ཁུ་བོ་ཁོ་རེའམ་ལྷ་བླ་མ་ཡེ་ཤེས་འོད་དང་དབོན་པོ་ལྷ་བཙུན་བྱང་ཆུབ་འོད། ཡབ་སྲོང་ངེའམ་བཀྲ་ཤིས་ལྷ་ལྡེ་ཡིན་པ་བཅས་རིམ་པ་བཞིན་གསལ་པོར་བཀོད་ཡོད་པས་ན། བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་སྲོང་ངེའི་སྲས་ལྷ་ལྡེ་ཞེས་འབྱུང་བ་ནོར་འཁྲུལ་ཡིན་པའང་ར་སྤྲོད་གསལ་པོར་བྱུང་བ་ཡིན་འདུག །  
          ལར་བཀྲ་ཤིས་ལྷ་ལྡེ་བཙན་ནམ་ལྷ་ལྡེ་ནི་སྲོང་ངེའི་མཚན་གྱི་རྣམ་གྲངས་ཤིག་ཡིན་པ་མ་གཏོགས་སྲོང་ངེའི་སྲས་ལྷ་ལྡེ་དང་དེའི་སྲས་འོད་ལྡེ། བྱང་ཆུབ་འོད། ཞི་བ་འོད་ཅེས་འདི་གསུམ་ལ་ཡབ་ལྷ་ལྡེ་བྱ་བའི་རྒྱལ་རབས་རྐྱང་པ་ཞིག་མཁས་པ་རྣམས་ཀྱི་ཕྱག་སོར་ལས་ཐོན་པར་ཟད་ཀྱི། གུ་གེའི་རྒྱལ་རབས་ཀྱི་ལོ་རྒྱུས་དངོས་ན་མི་རབས་ལྷག་མ་དེ་མེད་པ་ཀུན་གྱིས་མཁྱེན་དགོས་སོ། །   
          དེ་ལྟར་གུ་གེ་རྒྱལ་རབས་བཞི་པ་ནི་འོད་ལྡེ་ཡིན་དགོས་ལ། རྒྱལ་པོ་འདིའི་སྐབས་སུ་གཅུང་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་ཨ་ཏི་ཤ་གདན་དྲངས་པ་ནི་ཡབ་སྲས་དང་ཁུ་དབོན་འདི་དག་གི་མཛད་རྗེས་གཙོ་བོ་ཞིག་ཏུ་བརྗོད་པ་བོད་ཀྱི་ལོ་རྒྱུས་རྣམས་སུ་ཡོངས་གྲགས་ཡིན་པ་བཞིན་དང་། ཡང་སྔར་མ་གྲགས་པ་ཞིག་ནི་གུ་གེ་ངག་དབང་གྲགས་པས་མཛད་པའི་《མངའ་རིས་ཆོས་འབྱུང་》བྱ་བར་བོད་ལ་ཡོངས་སུ་གྲགས་པའི་ཁུ་བོ་ལྷ་བླ་མ་ཡེ་ཤེས་འོད་གར་ལོག་གིས་བཙོན་དུ་བཟུང་བའི་དོན་རྐྱེན་དེ་ནི་དོན་དངོས་སུ་དབོན་པོ་འོད་ལྡེའི་ལོ་རྒྱུས་ཡིན་པར་གསུངས་ཏེ། གང་ཞེ་ན། “གཅེན་འོད་ལྡེ་བཙན་སྐུ་ཤེད་ཤིན་ཏུ་ཆེ་བས་སྐུ་ན་གཞོན་ནུ་ནས་ཐུགས་རྒྱལ་ཅན་དུ་འཁྲུངས་པ། འཁྲུག་པ་ལ་འཇམ་ཐེངས་གཅིག་མར་ཡུལ་དུ་གཤེགས་པའི་དུས་སུ་དཔེ་ཐུབ་ཀྱི་གཙུག་ལག་ཁང་བཞེངས་མཇུག་ཏུ་བྲུ་ཤའི་ཡུལ་དུ་དམག་མཛད་པས་དེར་དབུ་འཇམ་མོ། གཅུང་གཉིས་ཀྱིས་སྐུ་བླུས་པས། ཁོང་ཉིད་དང་སྐར་བའི་གསེར་དགོས་ཟེར་ནས། མ་ཁུགས་ཏེ་རེ་ཤིག་དེ་ཉིད་དུ་བཞུགས་སོ། ། ལྕག་དྲ་གྲོལ་ནས་བྲོས་པས་སྔོན་ལས་ཀྱི་རྐྱེན་གྱིས་ལྕགས་དུག་བྱུང་ནས། བཤུལ་དཀར་གྲོངས་སོ་ཟེར།”①ཞེས་གསལ་པོར་བཀོད་པ་བཞིན་ལྷ་བཙུན་བྱང་ཆུབ་འོད་ཀྱི་གཅེན་འོད་ལྡེས་བྲུ་ཤར་དམག་དྲངས་པས། དེར་བཙོན་དུ་བཟུང་བ་ལ་བླུ་ཡོན་གསེར་དགོས་པ་ལྟར་བསྒྲུབས་ཀྱང་། ཕྱིས་སུ་ཁོང་བཀྲོངས་པས་བླུ་ཡོན་གྱི་གསེར་དེ་དག་གིས་ཇོ་བོ་ཨ་ཏི་ཤ་གདན་དྲངས་ཚུལ་ཞིབ་གསལ་དུ་བཀོད་ཡོད་པ་བཞིན་ཡོངས་གྲགས་ཀྱི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ལོ་རྒྱུས་སུ་སྒྲོག་པ་དེ་རྒྱལ་པོ་འོད་ལྡེ་འདི་ཉིད་ཀྱི་བྱུང་བ་ཡིན་པ་འདིའོ །  
          དེ་བཞིན་བོད་ཀྱི་ལོ་རྒྱུས་ཕྱི་མ་རྣམས་སུ་འོད་ལྡེའི་སྲས་རྩེ་ལྡེའམ་མངའ་བདག་རྩེ་ལྡེ་①ཡང་ཟེར་ལ། འདི་པའི་རིང་བོད་དབུས་གཙང་ཡོངས་ཀྱི་དགེ་བའི་བཤེས་གཉེན་དང་མཁས་པ་ལོ་ཙཱ་བ་བཅས་ཡོད་དགུ་འདུས་ཏེ་སྐད་གྲགས་ཅན་གྱི་མེ་འབྲུག་ཆོས་འཁོར་②བྱ་བ་འཚོགས་པ་སོ་གས་མཛད་རྗེས་ཆེ་བར་བཤད། དེའི་སྲས་འབར་ལྡེ་དང་། དེའི་སྲས་བཀྲ་ཤིས་ལྡེ། དེའི་སྲས་བྷ་ལྡེའམ་བྷ་ནེ་བྱ་བ་དང་། དེའི་སྲས་ནཱ་ག་དེ་ཝ་དང་། དེའི་སྲས་བཙན་ཕྱུག་ལྡེ་བྱ་བའི་བར་དུ་རྒྱལ་པོ་དེ་དག་གི་མཚན་གྱི་ཡི་གེ་འགའ་རེ་འབྲི་ཚུལ་མི་མཐུན་པ་མ་གཏོགས་རྒྱལ་རབས་བརྗོད་ལུགས་ཕལ་ཆེར་ཁ་མཚུངས་སོ། །
          དེ་ནས་བཙན་ཕྱུག་ལྡེའི་སྲས་ཤིག་ཡ་རྩེར་བྱོན་ཏེ་ཡ་རྩེ་རྒྱལ་རྒྱུད་བྱུང་ནས་དེ་དག་གིས་བོད་ཡུལ་དུ་ལྷ་རྟེན་བཞེངས་པ་དང་ས་འབྲི་དགེ་གསུམ་གྱི་བསྟན་པའི་སྦྱིན་བདག་ཀྱང་བྱས་སྟབས། རང་རེའི་ལོ་རྒྱུས་མང་ཆེ་བར་གུ་གེ་རྒྱལ་པོ་བཙན་ཕྱུག་ལྡེའི་འཕྲོར་ཡ་རྩེ་རྒྱལ་རྒྱུད་གྱི་བྱུང་བ་བཀོད་པས་གུ་གེའི་རྒྱལ་རབས་ཀྱི་ལོ་རྒྱུས་འཕྲོ་མ་རྣམས་འཁོད་ཡོད་པ་ཧ་ཅང་ཉུང་། དེང་སང་མཁས་པ་རྣམས་ཀྱིས་གཞི་འཛིན་ས་ཉག་གཅིག་ནི་གུ་གེ་ངག་དབང་གྲགས་པའི་《མངའ་རིས་ཆོས་འབྱུང་》ངམ་གུ་གེའི་རྒྱལ་རབས་ཀྱི་ལོ་རྒྱུས་དེ་ལ་ཁུངས་བཅོལ་ནས་བྲིས་པ་མ་གཏོགས་དེ་མིན་ལོ་རྒྱུས་ཡིག་རིགས་གཞན་པ་དཀོན་པས། འདིར་ཡང་ཁོ་བོས་ཀྱང་ཤིན་ཏུ་རྒྱས་པ་ཞིག་འབྲི་རྒྱུ་དཀའ་ལ་ཕྱིས་ཀྱི་རྒྱལ་རབས་དང་དེ་དག་གི་མཛད་རྗེས་དང་སྒོས་སུ་གུ་གེའི་རྒྱལ་མཁར་དང་དེའི་གནའ་ཤུལ་སྐོར་བཅས་ནི། དེང་སང་གི་རྒྱ་བོད་ཡིག་རིགས་①རྣམས་ཀྱི་དེབ་དང་བརྙན་དེབ་ལ་སོགས་པ་མང་པོ་བསྐྲུན་ཡོད་པས་ཤེས་འདོད་དག་གིས་དེ་རིགས་ལ་གཟིགས་པར་ཞུ་བ་ལས། ཁོ་བོས་ནི་གུ་གེའི་རྒྱལ་རབས་ཀྱི་ཐོག་མའི་ལོ་རྒྱུས་དང་འབྲེལ་བའི་གནད་དོན་འགའ་ལ་ཆེད་དུ་དམིགས་ནས་དཔྱད་པ་ཐུང་ཐུང་འདི་མཁས་པ་རྣམས་ཀྱི་སྤྱན་སྔར་ཕུལ་བ་ལགས་སོ།། །།   

རྩོམ་ཡིག་འདི་2003ལོར་《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་》ཅེས་པའི་ཨང་གཉིས་པའི་ཐོག་བཀོད་ཡོད།   

① འདི་ལ་བརྗོད་ཚུལ་གཉིས་གསུམ་ཙམ་ཡོད་དེ། གཅིག་ནི་མངའ་རིས་སྐོ།ར་གསུམ་ཞེས་ཞང་ཞུང་གུ་གེ་སྐོར་གཅིག་དང་། མར་ཡུལ་ལ་དྭགས་སྐོར་གཅིག ཟངས་དཀར་སྒོ་གསུམ་སྐོར་གཅིག་ཅེས་སྟོད་ཀྱི་མགོན་གསུམ་གྱིས་བཟུང་བའི་སོ་སོའི་མངའ་ཁོངས་རིས་སུ་མ་ཆད་པ་སྐོར་ཚན་གསུམ་དུ་བྱས་པས་མིང་དེ་ལྟར་ཆགས་པ་གྲགས་ཆེ་ལ། ཡང་གཞན་ཞིག་ནི་ཡུལ་དེ་གསུམ་གངས་མཚོ་གཡའ་གསུམ་གྱིས་བསྐོར་བ་བརྒྱབ་ནས་ཡོད་པས་བསྐོར་གསུམ་ཞེས་ཀྱང་བརྗོད་ཟེར། དེ་མིན་བསྟན་པ་སྔ་དར་སྐབས་ཀྱི་སྐོར་གསུམ་ཞེས་འདྲེན་ཚུལ་ཡང་ཡོད་པར་བཤད་པ་ལྟ་བུའོ། 
①ཡུལ་འདི་དེང་གི་བོད་ལྗོངས་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་གི་བྱང་ཤར་མཚམས་ཀྱི་ལེ་དབར་བརྒྱད་དགུའི་སར་ཡོད་ལ། ཡང་ལོ་རྒྱུས་ལ་ལར་རྒྱལ་རྩེ་ཞེས་ཀྱང་བཀོད་ཡོད་དོ། །   
② མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1987ལོར་བསྐྲུན་པའི་ཤོག་ངོས་376པར་གསལ།
①བོད་ཀྱི་ལོ་རྒྱུས་རྣམས་སུ་ཆེན་ཆུན་འདི་གཉིས་ཀྱི་མཚན་འགོད་སྟངས་ཆེ་ཆུང་གོ་ལྡོག་པ་མི་མཐུན་པ་བྱུང་ཡང་འདིར་གྲགས་ཆེ་བ་ལྟར་བཀོད་པ་ཡིན།  
② བོད་ཀྱི་ལོ་རྒྱུས་རྣམས་སུ་གཅེན་གཅུང་འདི་གཉིས་ཀྱི་མཚན་འགོད་སྟངས་ཆེ་ཆུང་གོ་ལྡོག་པ་མི་མཐུན་པ་བྱུང་ཡང་འདིར་གྲགས་ཆེ་བ་ལྟར་བཀོད་པ།  
③ བོད་ལྗོངས་ལྷོ་ནུབ་གཙང་ལྷ་རྩེ་ཡན་ཆད་ནས་སྟོད་མངའ་རིས་མན་ཆད་ཀྱི་ཡུལ་གྲུ་རྒྱ་ཆེ་བ་སྤྱི་ལ་ཟེར་ཞིང་། དེ་ལ་ལྷོ་བྱང་གཉིས་སུ་ཕྱེ་བ་ལས་ལྷོ་ནི་དེང་གི་དིང་རི་རྫོང་དང་། བྱང་ནི་དེང་གི་ངམ་རིང་རྫོང་ལྟེ་བ་བྱས་པའི་ཡུལ་གྲུ་ཁག་གཉིས་ལ་གོ་དགོས་པའོ།
① ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་l987ལོར་བསྐྲུན་པའི་ཤོག་ངོས་457པ་ནས་458བར་གསལ།   
② 《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་》ཞེས་པ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་1990ལོར་བསྐྲུན་པའི་ཤོག་ངོས་181པར་གསལ།
① 《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་》ཞེས་པ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་1990ལོར་བསྐྲུན་པའི་ཤོག་ངོས་73པར་གསལ།   
② བོད་ཀྱི་ལོ་རྒྱུས་མང་ཆེ་བར་དཔལ་གྱི་མགོན་གྱིས་བཟུང་བའི་ཡུལ་ནི་མང་ཡུལ་ལམ་མང་ཡུལ་ལ་དྭགས་ཞེས་བཀོད་པ་འདུག་ཀྱང་། དོན་དུ་མར་ཡུལ་ཡིན་དགོས་ཏེ། མར་ཡུལ་ནི་མངའ་རིས་བྱང་རྒྱུད་དེང་སང་གི་རུ་ཐོག་རྫོང་དང་ལ་དྭགས་ཕྱོགས་ཀྱི་ཡུལ་ལ་ཟེར་རོ།།  
③མང་ཡུལ་ནི་མངའ་རིས་ཤར་ལྷོའི་རྒྱུད་དེང་སང་གི་སྐྱིད་རོང་རྫོང་ཁོངས་ཡིན་ཏེ་ཡོངས་གྲགས་སུ་མང་ཡུལ་གུང་ཐང་ཞེས་པ་སྔར་གུང་ཐང་རྒྱལ་རྒྱུད་ཀྱིས་བཟུང་བའི་ཡུལ་ལ་ཟེར་རོ། །
① 2001ལོར་ཁོ་བོ་ཆེད་དུ་མཇལ་བར་སོང་ལ་གཙུག་ལག་ཁང་དང་། མགོན་ཁང་། མཆོད་རྟེན་སོགས་འགའ་རེ་མ་ཉམས་པར་ཡོད་ལ། ནང་རྟེན་མང་ཆེ་བ་འབྱུང་བཞིའི་ཁམས་སུ་ཐིམ་པས་ལྷག་ལུས་ཉུང་ངོ་། །
① ཁོ་བོས་བྲིས་པ་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》1995ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་པར་གཞི་དང་པོར་ནོར་འདུག་པ་ཕྱིས་སུ་པར་གཞི་གཉིས་པ་དང་གསུམ་པར་དག་བཅོས་བྱས་ཡོད།  
② མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1987ལོར་བསྐྲུན་པའི་ཤོག་ངོས་381པར་གསལ།   
③ ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1988ལོར་བསྐྲུན་པའི་ཤོག་ངོས་462པར་གསལ།
① ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1988ལོར་བསྐྲུན་པའི་ཤོག་ངོས་465པར་གསལ།   
② 《དེབ་སྔོན་》སོགས་འགལརེར་རྟེན་དྲུང་དུ་རབ་ཏུ་བྱུང་བར་བཤད་པ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་《བསྟན་རྩིས་གསལ་བའི་ཉིན་བྱེད་》དུ་བཤད་ལུགས་དེ་མི་དག་པ་མཁན་པོའི་མཚན་ཡེ་ཤེས་ཞེས་པ་ལས་དྲངས་ཏེ་ཐོགས་པར་གསུངས་པ་ཡང་དག་པར་སེམས་དགོས་སོ། །
① 《བོད་ལྗོངས་ཞིབ་འཇུག་》2002ལོའི་དེབ་གཉིས་པའི་སྟེང་གི་གུ་གེ་ཚེ་རིང་རྒྱལ་པོའི་རྩོམ་ཡིག་ཏུ་གསལ།   
① 《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་》ཞེས་པ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་1990ལོར་བསྐྲུན་པའི་ཤོག་ངོས་74པར་གསལ།   
② མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1987ལོར་བསྐྲུན་པའི་ཤོག་ངོས་381པར་གསལ།
①② མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1987ལོར་བསྐྲུན་པའི་ཤོག་ངོས་381པར་གསལ།
① གུ་གེ་མཁན་ཆེན་ངག་དབང་གྲགས་པས་བརྩམས་པའི་《མངའ་རིས་རྒྱལ་རབས་》ཞེས་པ་1999ལོར་ཐོ་ལིང་གཙུག་ལག་ཁང་བཞེངས་ནས་ལོ་ངོ་ཆིག་སྟོང་འཁོར་བར་རྗེས་དྲན་ཞུ་སྐབས་དཔར་བཏབ་པའི་ཤོག་ངོས་61པར་གསལ།
① རྒྱལ་པོ་འདི་པའི་མཚན་ཡང་《ལྡེའུ་ཆོས་འབྱུང་》གི་ཤོག་ངོས་384པར་“གཅེན་པོ་རྩེ་ལྡེ་ཞེས་པ་མངའ་བདག་བྱང་ཆུབ་འོད་ཀྱི་ཕུ་བོ་སྟེ་འོད་ལྡེའོ། །”ཞེས་འོད་ལྡེའི་མཚན་གྱི་རྣམ་གྲངས་སུ་འདོད་པ་དང་། ཡང་རྩེ་ལྡེའི་དོད་དུ་བསོད་ནམས་ལྡེ་ཞེས་བཀོད་པ་སོགས་མི་མཐུན་པ་འབྱུང་བ་བརྟག་དགོས་རིགས་མང་ཙམ་འདུག་གོ།
②བོད་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་ཕལ་ཆེར་མངའ་རིས་སུ་འདུས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བསྙེན་བཀུར་དང་བདག་རྐྱེན་མཛད་པ་ཡིན་ལ། ཆོས་འཁོར་འདི་དང་ཕྱིས་ཀྱི་འགྲོ་མགོན་འཕགས་པས་ཆུ་མིག་ཆོས་འཁོར་དང་རྗེ་ཙོང་ཁ་པ་ཆེན་པོས་ལྷ་སའི་སྨོན་ལམ་ཆེན་མོ་བཙུགས་པ་བཅས་ལ་བོད་ཀྱི་སྐད་གྲགས་ཆེ་བའི་ཆོས་འཁོར་གསུམ་ཞེས་གྲགས་སོ། ། 
①དེ་དག་ལས་གོ་བདེ་བ་ནི་1996ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན་པ་གངས་རི་བ་ཆོས་དབྱིངས་རྡོ་རྗེས་བརྩམས་པའི་《གངས་ཅན་བོད་ཀྱི་ནུབ་ངོས་མངའ་རིས་སྐོར་གསུམ་གྱི་སྔོན་བྱུང་ལོ་རྒྱུས་འཆི་མེད་རྔ་སྒྲ་》བྱ་བ་དང་། བོན་ལུགས་མཁས་དབང་བསྟན་འཛིན་དབང་གྲགས་སོགས་ཀྱིས་བསྒྲིགས་པའི་《སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ་》ཞེས་པ་སོགས་ལ་གཟིགས་པར་ཞུའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1