༄༅།། ཡུལ་ཤུལ་ཁ་སྐད་དུ་འདོགས་ཅན་གྱི་སྒྲའི་འགྱུར་ཚུལ་གྱི་ཁྱད་ཆོས་ལ་རགས་ཙམ་དཔྱད་པ།

བླ་གནམ་སྲས་ལྷ་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-09


བླ་གནམ་སྲས་ལྷ་རྒྱལ།

        གནའ་བོའི་བོད་སྐད་དུ་འདོགས་ཅན་རྣམས་གོ་རིམ་བཞིན་ཕྲལ་ནས་བཀླག་དགོས་ཏེ། བྱིས་འཇུག་ཏུ། གང་དང་གང་ལ་གང་བཏགས་པ། །གོ་རིམ་བཞིན་དུ་གནས་ནས་འབྱུང་། །ཞེས་དང་། གལ་ཏེ་མི་ཕྱིན་གྱུར་པ་ནི། །ཡི་གེ་ཕྲལ་ཞིང་བརྗོད་པར་བྱ། །དཔེར་ན་གྲ་ལ་ག་ར་འམ། །སྒྲ་ལ་སྒ་ར་ཇི་བཞིན་དུ། །ཞེས་སོགས་འཁོད་འདུག་མོད། ལོ་ངོ་སྟོང་གི་རིང་ལ་མིང་གཞི་དང་འདོགས་ཅན་གཉིས་འཕྲལ་མྱུར་གྱིས་བསྡེབས་བསྡེབས་པས་ན། གཞི་འདོགས་གཉིས་ཀྱི་སྒྲ་གང་རུང་ཞིག་ཉམས་ནས་མེད་པའམ། གཞི་འདོགས་གཉིས་སྒྲ་གཅིག་ཏུ་འདྲེས་ནས་གྲུབ་པར་སོགས་སྣང་བས་འདིར་ཡུལ་ཤུལ་ཁ་སྐད་དུ་འདོགས་ཅན་རྣམས་སྒྲ་གང་དང་གང་དུ་འགྱུར་བར་ཅུང་ཙམ་དཔྱད་པར་བྱ།
གཅིག ཡ་བཏགས་ཀྱི་འགྱུར་ཚུལ།
        དེ་ལ་མགོ་འཕུལ་དང་བྲལ་བའི་ཀྱ་ཁྱ་གྱ་གསུམ་པོ་ཡུལ་ཤུལ་སྐད་དུ་རིམ་བཞིན་དུ་ལྕེ་ངོས་འགག་གཙུབ་ཀྱི་སྒྲ་/tɕ,tɕʰ,tɕʱ/གསུམ་དང་། པྱ་ཕྱ་བྱ་མྱ་རྣམས་དེ་བཞིན་དུ་/ɕ,sʰ,sʱ,ˀȵ/ལ་འགྱུར་ཞིང་ཀྱ་ཁྱ་པྱ་གསུམ་ལ་མགོ་འཕུལ་ཡོད་མེད་གང་ཡིན་རུང་སྲོག་ཆེན་སྲོག་ཆུང་ངམ་སྒྲ་ལྡན་སྒྲ་མེད་ལ་འགྱུར་མི་འགྱུར་གྱི་ཁྱད་པ་ཅི་ཡང་མེད་མོད། འོན་ཀྱང་གྱ་ལ་སྔོན་འཇུག་ད་བ་གཉིས་དང་མགོ་ཅན་གྱིས་འཕུལ་ཚེ་/dʑ/དང་། སྔོན་འཇུག་མ་འ་གཉིས་ཀྱིས་འཕུལ་ཚེ་/ndʑ/བཞིན་དང་། ཕྱ་ལ་འས་འཕུལ་ལྡན་ན་/tɕʰ/ཡི་སྒྲ་ལྟར་བཀླགས། མྱ་ཡིག་ས་མགོ་ཅན་རྣམས་/ȵ̊/ལྟར་བཀླགས་ཤིང་རེའུ་མིག་ཏུ་ཕབ་ན།
        དེ་ལ་ཀ་སོགས་མིང་གཞི་རྣམས་ར་འདོགས་དང་བསྡེབས་བསྡེབས་པ་ན་མིང་གཞི་སོ་སོའི་སྲོག་ཆེན་སྲོག་ཆུང་དང་སྒྲ་ལྡན་སྒྲ་མེད་ཀྱི་ཁྱད་ཆོས་མ་ཤོར་ན་ཡང་རང་རང་གི་སྐྱེ་གནས་ཉམས་ཏེ་ར་འདོགས་ཀྱི་སྐྱེ་གནས་དང་ཉེ་བའི་ཕྱོགས་སུ་འཁོར་བས་ན། ཀྲ་ཁྲ་གྲ་ལྟ་བུ་སྒྲ་སོ་སོར་གནས་ཤིང་ཀྲ་ཏྲ་པྲ་ལྟ་བུ་རྣམས་སྒྲ་གཅིག་མཚུངས་སུ་གྲུབ་ཅིང་གཞན་རྣམས་ལའང་དེ་བཞིན་དུ་རིགས་བསྒྲེས་ན་ཤེས་སོ། །ཡང་མགོ་ལོག་ཕྱོགས་ཀྱི་འབྲོག་སྐད་དུ་སྲ་ལ་ /tʂ/ཡི་སྒྲ་བཞིན་བཀླགས་ཤིང་། ཨ་མདོའི་ལུང་སྐད་འགར་སྲ་ལ་/ʂ/ཡི་སྒྲ་བཞིན་བཀླགས་འདུག་པར་གང་ལྟར་ཡང་ཀྲ་སོགས་ཀྱི་འགྱུར་ཚུལ་དང་མཚུངས་ཤིང་། ཡུལ་ཤུལ་སྐད་དུ་སྲ་ཡིག་ལྕེ་རྩེ་བཀུག་པའི་ཆ་དང་ལྡན་པའི་/tʂ/དང་/ʂ/གང་ལའང་མ་འགྱུར་བར་འདོགས་ཅན་དོར་བའི་/s/ལྟ་བུར་འགྱུར་བ་ལ་ཅུང་ཞིག་བརྟག་དགོས་ཏེ། སྦྲང་མ་དང་བྲག་རི། ཕྲག་ལྟག སྤྲང་པོ་སོགས་ར་བཏགས་དོར་ནས་སྦང་མ། བག་རི། ཕག་ལྟག སྤང་པོ་ལྟར་བཀླགས་པ་ལ་བལྟས་ན་ཡུལ་ཤུལ་སྐད་དུ་ར་འདོགས་ཅན་རྣམས་ཀྱི་འགྱུར་རིམ་ནམ་འགྱུར་ཚུལ་ལ་འདོགས་ཅན་དོར་བ་ཅན་དང་། གཞི་འདོགས་གཉིས་སྒྲ་གཅིག་ཏུ་འདྲེས་ནས་ལྕེ་རྩེ་བཀུག་པ་ཅན་གྱི་རིགས་རྣམ་པ་གཉིས་མཆིས་ཡོད་པ་འདྲའོ། །
གསུམ། ལ་བཏགས་ཀྱི་འགྱུར་ཚུལ།
        ཀླ་སོགས་འདོགས་ཅན་དྲུག་པོ་འདོགས་མེད་ཀྱི་མིང་གཞི་དང་བསྡུར་ན་ཆེས་མངོན་གསལ་བ་ཞིག་ནི་འདོགས་ཅན་དྲུག་པོ་གདངས་སམ་ང་རོ་མཐོ་གྲས་ཁོ་ནར་འགྱུར་ཡོད་པ་དང་། འགྱུར་ཚུལ་ལ་ཀླ་གླ་བླ་རླ་བཞི་པོ་སྒྲ་གཅིག་སྟེ་/ˀl/རུ་འགྱུར་ཞིང་། ཟླ་ནི་/d/དང་། སླ་ཡིག་/ɬ/སྟེ།
        ཡང་ཟླ་ཡིག་རྫ[dz]་རུ་བཀླགས་པ་ཡང་མང་ཙམ་འདུག་སྟེ། དཔེར་ན་ཟློས་ལ་རྫོས་དང་། ཟླ་བ་ལ་རྫ་བ། ཟླ་ཕོགས་ལ་རྫ་ཕོགས་ལྟ་བུ་དང་། ལྷག་པར་ཡིག་ཚང་ཁུངས་བཙུན་རྣམས་སུ་སྨད་མདོ་ཁམས་སྒང་དྲུག་གི་ནང་གསེས་འབྲི་རྫ་ཟབ་མོ་སྒང་ལ་འབྲི་ཟླ་ཟལ་མོ་སྒང་ཞེས་དང་། རྨ་རྫ་འབྲི་གསུམ་གྱི་ནང་ཚན་རྫ་ཆུ་ཞེས་པར་ཟླ་ཆུ་དང་། དེ་འབྲེལ་རྫ་ཆུ་འབབ་ཡུལ་གྱི་རྫ་སྟོད་ལ་ཟླ་སྟོད་ཅེས་སོགས་འཁོད་ཡོད་པར་ཟླ་ཡིག་གི་སྒྲ་དག་མའམ་སྐབས་ཐོག་དེའི་སྒྲ་གདངས་ཇི་ལྟར་ཡིན་པ་དེ་མཚོན་ཞིང་། རིམ་བཞིན་ཁ་སྐད་དུ་ཟླ་ཡིག་གི་སྒྲ་རྫ་རུ་གྱུར་བའི་རྐྱེན་གྱིས་ཡིག་སྲོལ་གྱི་ཟླ་ཆུ་ཟླ་སྟོད་སོགས་ཀྱང་རྫ་ཆུ་རྫ་སྟོད་ཅེས་ངག་སྲོལ་བཞིན་དུ་བཅོས་པར་སེམས། གཞན་སླ་ཡིག་/ts/རུ་བཀླགས་པ་ཡང་གང་མང་ཞིག་འདུག་སྟེ། དཔེར་ན། སླ་མོ་ལ་[tsa mo]དང་། སླ་ང་ལ་[tsa ŋa]དང་། སླག་པ་ལ་[tsa pa]ཟེར་བ་སོགས་འདུག་གོ །
ཝ་བཏགས་ནི་ཡིག་སྲོལ་དུ་དོན་ཐ་དད་འབྱེད་པའི་རྟགས་ཙམ་དུ་ཟད་ཅེས་གསུངས་པ་བཞིན་ཡུལ་ཤུལ་སྐད་དུ་མིང་གཞི་ལ་ཝ་བཏགས་ཞུགས་ཡོད་མེད་ཁྱད་པར་གྱི་དཔེའམ་རྒྱུ་ཆ་སོགས་མ་རྙེད་པས་ལོགས་སུ་བཀར་ནས་འཆད་པའི་དགོས་པའང་མི་འདུག་པར་སྙམ་ནས་རེ་ཞིག་བཏང་སྙོམས་སུ་འཇོག་པར་བྱའོ། །  
◆ རྩོམ་པ་པོ་ངོ་སྤྲོད། ནན་ཁའེ་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་འབུམ་རམས་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1