རི་ཆུ་ནགས་གསུམ་རིན་ཆེན་གསེར་ལས་ལྷག

ཆོས་རྒྱས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-12


2017ལོའི་རྔ་བ་ཁུལ་གྱི་ཁོར་སྲུང་ལས་དོན་བསྒྲུབ་ཚུལ།
     སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་པ་ན་ཁོར་ཡུག་ཀྱང་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་ནི་ཀུན་གྱིས་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་ལ། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་གཞི་གྲངས་ཀྱི་དཔང་བོ་ཡོད་པ་ལོས་ཡིན། 2017ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་དུ་རང་ཁུལ་གྱིPM10དང་PM2.5ཡི་ཆ་སྙོམས་ཚད་སོ་སོ་བརྒྱ་ཆ37.3དང་45.1བཅས་སུ་མར་ལྷུང་ཡོད། འབར་ཁམས་གྲོང་ཁྱེར་གྱི་མཁའ་དབུགས་ཀྱི་སྤུས་ཚད་བཟང་བའི་སྡུར་ཚད་བརྒྱ་ཆ100ཟིན་ཡོད་ལ། གྲོང་ཁྱེར་གྱི་འཛེར་སྒྲ་ཆ་སྙོམས≤པེ་ཧྥེན55ཡིན་ལ། 2017ལོའི་ཟླ10བའི་བར་དུ་ཁུལ་ཡོངས་ཀྱི་གཙང་བོ་ཕྱི་རུ་བཞུར་མཚམས་ཀྱི་སྤུས་ཚད་རིམ་པⅢཔ་ལོན་ཞིང་། ཆུའི་སྤུས་ཚད་ཆ་སྙོམས་ལྟར་ན་བརྒྱ་ཆ100ཟིན་ཡོད་པ་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་གྲོང4བསྐྲུན་ཟིན་པ་དང་། ཁུལ་རིམ་པའི་སྐྱེ་ཁམས་གྲོང་སྡེ51བསྐྲུན་ཟིན་ཏོ།།

       རི་ཆུ་ནགས་གསུམ་ནི་རིན་ཆེན་གསེར་ལས་ལྷག་ཅིང་། སྐྱེ་ཁམས་ནི་ཡ་ཐོད་མིག་ཟུང་ཇི་བཞིན་སྲུང་དགོས་ལ། ཁོར་ཡུག་ནི་རང་གི་ཚེ་སྲོག་ཇི་བཞིན་གཅེས་དགོས་ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་གསེར་ནག་གི་ཐིགས་པ་ལྟ་བུ་ནི་རང་ཅག་གི་ལམ་སྟོན་གྱི་སྒྲོན་མེ་ཡིན། ལོ་གཅིག་གི་རིང་ལ་རང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་གཙིགས་སུ་བཟུང་ནས་ནུས་ཤུགས་ཡོད་རྒུས་བཙོག་སྒྱུར་འགོག་བཅོས་ཀྱི་གཡུལ་འགྱེད་ཆེན་མོ་གསུམ་བཀྱེས་ཤིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་ལུགས་གསར་དུ་གཏོད་པར་འབད་པ་དང་། ནུས་ཤུགས་ཡོད་རྒུས་འབྲི་ཆུ་དང་རྨ་ཆུའི་སྐྱེ་ཁམས་བདེ་འཇགས་ཡོལ་བ་བསྐྲུན་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནི་ཐོན་སྐྱེད་ནུས་ཤུགས་བསྲུང་བ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བསྒྱུར་བ་ནི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བ་ཡིན་ཞེས་པ་དོན་དུ་འཁྱོལ་བ་བྱས་ཤིང་། ཁོར་ཡུག་སྲུང་སྐྱོང་གི་གཡུལ་འགྱེད་དྲག་པོ་རྔ་བའི་མཐོ་སྒང་དུ་ཕྱོགས་ཡོངས་ནས་ཁྱབ་ཅིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་རྔ་བའི་ས་ཆེན་ཀུན་ཏུ་ཁྱབ་པར་བྱས།

བཅོས་སྐྱོང་གནད་དུ་བཟུང་ནས་སྐྱེ་ཁམས་དམར་ཐིག་ནན་གྱིས་སྲུང་བ།
       སྐྱེ་ཁམས་བཟང་ན་དཔལ་ཡོན་དར། སྐྱེ་ཁམས་ཉམས་ན་དཔལ་ཡོན་རྒུད། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་གྱིས་བསྲུང་ནས་བུ་རབས་ཚ་རྒྱུད་རྣམས་ལ་དྭངས་གཙང་གི་ཁྱིམ་གཞིས་ཤིག་འཇོག་ཕྱིར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྣེ་ཁྲིད་དེ་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་་བྱེད་དང་མང་ཚོགས་ཀྱི་གོམ་ཁ་བརྟན་ཞིང་ནན་གྱིས་བགྲོད་པར་བྱ།
        2017ལོར་རང་ཁུལ་གྱིས་རྨིན་ཅང་གཙང་བོའི་སྟོད་རྒྱུད་ཀྱི་ཞིང་གྲོང་གི་ཁོར་ཡུག་བཅོས་སྐྱོང་གི་རྣམ་གྲངས་ལ་སྐུལ་འདེད་བཏང་ཞིང་། རྨིན་ཅང་གཙང་བོའི་སྟོད་རྒྱུད་ཀྱི་རྫོང་ཁག5སྟེ་ཝུན་ཁྲོན་དང་། ལིས་རྫོང་། མའོ་རྫོང་། ཁྲོ་ཆུ་རྫོང་། ཟུང་ཆུ་རྫོང་བཅས་ཀྱི་ཡུལ་གྲོང32ཀྱི་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ལག་ཏུ་བསྟར་ཞིང་། རྫོང་ཁག་རེར་སྒོར་ཁྲི2000ལྷག་ཕུལ་ནས་གཙོ་བོ་གཙང་འགྲམ་གྱི་གྲོང་སྡེའི་གད་སྙིགས་དང་བཙོག་ཆུ་མེད་པར་བཟོ་བར་བཀོལ་བ་རེད།
       རྒྱལ་ཁབ་དང་ཞིང་ཆེན་གྱི་གཅིག་གྱུར་བཀོད་སྒྲིག་ལྟར། རང་ཁུལ་གྱིས་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་ལག་རྩལ་ཚོ་ཆུང་གིས་བཏོན་པའི་པར་རིས་དང་ཡིག་ཆ་གཞིར་བཟུང་ནས་རང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་ནང་ཁུལ་གྱི་ཡུལ་གྲོང་འཛུགས་སྐྲུན་དང་། བཟོ་ལས། ཞིང་ལས། གཏེར་ལས་ཐོན་ཁུངས། ཚོང་ལས་ནགས་ཚལ། འགྲིམ་འགྲུལ་འཛུགས་སྐྲུན། ལྗོངས་སྐོར་གསར་སྤེལ་གྱི་རྨང་གཞིའི་སྒྲིག་ཆས་སོགས་ས་ཁུལ7དུ་བསྒྱུར་བཅོས་བཏང་ཡོད།
      2017ལོའི་ཟླ7པའི་ཚེས11ནས་ཚེས13རིང་ལ་ཞིང་ཆེན་རང་བྱུང་སྲུང་སྐྱོང་ཁུལ་ཆེད་དམིགས་ཚོ་ཆུང་གིས་རང་ཁུལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཆེད་དམིགས་རྟོག་ཞིབ་བགྱིས་ཤིང་། རང་ཁུལ་གྱིས་ཀྱང་ཆེད་མིགས་རང་བཤེར་གཙང་སེལ་བྱས་པར། ཞིབ་བཤེར་གཙང་སེལ་མཇུག་འབྲས་ལྟར་ན། ཁུལ་ཡོངས་སུ་ཁྱོན་རང་བྱུང་སྲུང་སྐྱོང་ཁུལ25ཡོད་པ་དང་། དེ་ལས་རང་བྱུང་སྲུང་སྐྱོང་ཁུལ20རུ་ཁོར་ཡུག་གི་གནད་དོན255ཡོད་ལ། ཁྱོན་གནས་རི་གྲགས་ཅན14ཡོད་པ་ལས5རུ་སྒྲིག་ལམ་དང་འགལ་བའི་འཛུགས་སྐྲུན་རྣམ་གྲངས་སོགས་ཁོར་ཡུག་གི་གནད་དོན8རྙེད་པ་རེད།

       ཁུལ་ནགས་ལས་ཅུས་དང་ཁུལ་ཁོར་སྲུང་ཅུས། ཁུལ་ཞིང་ཕྱུགས་ཅུས། རང་བྱུང་སྲུང་སྐྱོང་ཁུལ་སོ་སོའི་དོ་དམ་སྡེ་ཁག་གིས་གོང་གི་རྨང་གཞིའི་ཁར་ཆེད་དམིགས་ཞིབ་བཤེར་བྱས་ཤིང་། སྲུང་སྐྱོང་ནུས་པ་མཐོར་འདེགསད་དང་སྲུང་སྐྱོང་གི་ཐབས་ལམ་ཐད་ལ་ནུས་པ་བཏོན་ཏེ་ཁུལ་ཡོངས་ཀྱི་གཙོ་གནད་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ཁུལ་སྲུང་སྐྱོང་གི་ནུས་པ་མཐོ་རུ་བཏེགས་ཤིང་། ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་ཕྱིན་ཡོད་ལ། རང་བྱུང་སྐྱེ་ཁམས་གཏོར་བརླག་གི་དོན་རྐྱེན་བྱུང་མེད། ན་ནིང་གི་ཟླ11པའི་ཚེས8ཉིན་བར་དུ་རང་བྱུང་སྲུང་སྐྱོང་ཁུལ་ནས་རྙེད་པའི་གནད་དོན225ལས་གནད་དོན179བཅོས་ཟིན་པ་དང་། འགྲུབ་ཚད་བརྒྱ་ཆ70ཟིན་ཡོད།

       རི་ཆུ་ནགས་གསུམ་སྲུང་ཕྱིར་དུ་རང་ཁུལ་གྱིས་ལོ་གཅིག་གི་རིང་ལ་མུ་མཐུད་དུ་བཙོག་བསྒྱུར་འགོག་བཅོས་ཀྱི་གཡུལ་འགྱེད་ཆེན་པོ་གསུམ་བཀྱེས་ཤིང་། ཕྱོགས་ཡོངས་ནས་ནམ་མཁའ་སྔོ་ཞིང་བསང་ལ། ཆུ་མོ་དྭངས་ཤིང་གཙང་བ། ས་གཞི་གདོད་ནས་དག་པའི་གཡུལ་འགྱེད་ཆེན་པོ་གསུམ་བཤམས་པ་རེད།
      མཁའ་དབུགས་བཙོག་བསྒྱུར་འགོག་བཅོས་ཀྱི་གཡུལ་འགྱེད་བཀྱེས་ཏེ་ནམ་མཁའ་སྔར་བས་སྔོ་ཞིང་བསང་བར་གྱུར། འབར་ཁམས་གྲོང་ཁྱེར་དང་། ཝུན་ཁྲོན་རྫོང་། གཟི་རྩ་སྡེ་དགུ་རྫོང་བཅས་རྫོང་གསུམ་གྱི་འཁོར་རིགས་ཀྱི་ཁོར་སྲུང་བརྟག་ཞིབ་ལས་ལས་ཁུངས་ཀྱིས་ལྟ་རྟོག་བགྱིས་ཤིང་། 2017ལོའི་ཟླ11པའི་མཇུག་ཏུ་མཁའ་དབུགས་བཙོག་སྒྱུར་གྱི་ཐོན་ཁུངས་རེའུ་མིག་བཟོ་བའི་ལས་དོན་འགྲུབ་ཅིང་། ན་ནིང་གི་ཟླ12པའི་ཚེས18ཉིན་སི་ཁྲོན་ཞིང་ཆེན་གྱི2017ལོའི་ཟླ1པོ་ནས་ཟླ11བར་མཁའ་དབུགས་ཀྱི་སྤུས་ཚད་མཇུག་འབྲས་ཐོན་ཞིང་རང་ཁུལ་གྱིས་ཨང་དང་པོ་ལོན་ཡོད།
      ཆུའི་བཙོག་བསྒྱུར་འགོག་བཅོས་ཀྱི་གཡུལ་འགྱེད་བཀྱེས་ཏེ་ཆུ་མོ་སྔར་བས་དྭངས་ཤིང་གཙང་བར་གྱུར། ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་ཤུགས་ཀྱིས་སྤེལ་ཏེ། 2017ལོར་རྒྱལ་མོ་རྔུལ་ཆུ་དང་། རྨིན་ཅང་གཙང་བོའི་རྔ་བའི་རྒྱུད་ཀྱི་དམིགས་ཡུལ་དང་། གནད་དོན། ལས་འགན། འགན་འཁྲི་སོགས་ལེགས་པར་གྲུབ་ཅིང་། རྔ་བ་ཁུལ་རྨིན་ཅང་གཙང་བོའི་བཞུར་ཁོངས་ཀྱི་གཙང་བོ་གཅིག་ལ་ཐབས་ཇུས་གཅིག་གི་དོ་དམ་སྲུང་སྐྱོང་གྲོས་ཆོད་གསར་དུ་བསྒྲིགས་ཤིང་། འབྲི་ཆུའི་རྒྱུད་ཀྱི་བཏུང་ཆུའི་ཆུ་ཁུངས་ཀྱི་བདེ་འཇགས་ཆེད་དམིགས་ཞིབ་བཤེར་ལས་འགུལ་སྤེལ་བ་དང་། རྔ་བ་ཁུལ་རྨིན་ཅང་གཙང་བོའི་བཞུར་ཁོངས་ཀྱི་ཆུའི་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་གི་ལག་བསྟར་གྲོས་ཆོད་རྣམས་གྲངས2017ལོའི་ལོ་གཅིག་གི་བཙོག་ཆུ་བཅོས་སྐྱོང་གི་མཛོད་ཁང་དུ་བཞག་ཅིང་། ཁྱོན་མ་དངུལ་སྒོར་ཁྲི73120.82བཏང་ཡོད།
      ས་རྒྱུའི་བཙོག་བསྒྱུར་འགོག་བཅོས་ཀྱི་གཡུལ་འགྱེད་བཀྱེས་ཏེ་ས་རྒྱུ་སྔར་བས་གཤིན་པར་བཏང་། 2017ལོའི་སི་ཁྲོན་ཞིང་ཆེན་གྱི་ས་རྒྱུ་བཙོག་བསྒྱུར་གཙོ་གནད་ལྟ་རྟོག་ཁེ་ལས་ཀྱི་མིང་ཐོ་བཀོད་དེ། དེར་ཞིང་ཆེན་གྱིས་ཚོད་འཛིན་ཐེབས་པའི་ས་རྒྱུའི་བཙོག་བསྒྱུར་གཙོ་གནད་ལྟ་རྟོག་ཁེ་ལས11ཡོད་ལ། ཞིང་ཆེན་གྱིས་ཚོད་འཛིན་མ་ཐེབས་པའི་ས་རྒྱུ་བཙོག་བསྒྱུར་གཙོ་གནད་ལྟ་རྟོག་ཁེ་ལས31ཡོད་ཅིང་། སི་ཁྲོན་ཞིང་ཆེན་ཞིང་སྤྱོད་ས་ཞིང་བཙོག་བསྒྱུར་གྱི་གནས་ཚུལ་རྟོག་ཞིབ་ལས་དོན་སྤེལ་ཞིང་། མཇུག་མཐར་རང་ཁུལ་ལ་ཞིང་སྤྱོད་རྟོག་ཞིབ་ས་ཚིགས401དང་གཙོ་གནད་བཙོག་བསྒྱུར་ཁེ་ལས15ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1