ལོ་སར་གྱི་སྟ་གོན།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-14


        བཀྲ་ཤིས་དགའ་སྟོན་གྱིས་ཡོངས་སུ་ཕྱུག་པའི་ལོ་སར་བསླེབ་ཁར། མཚོ་བོད་མཐོ་སྒང་གི་རོང་འབྲོག་མང་ཚོགས་ཀྱང་ཚོང་ར་ཉུལ་བ་དང་ལོ་སར་ཅ་ལག་ཉོ་བར་བྲེལ་བཞིན་གདའ། ཡུལ་གང་ཡིན་ཡང་ལོ་སར་གྱི་རྣམ་པས་ཡོངས་སུ་ཁེངས་འདུག 

        ཉེ་བའི་ལོ་ཤས་རིང་། ཏང་གི་སྲིད་ཇུས་བཟང་བོའི་འོག རོང་འབྲོག་མང་ཚོགས་ཀྱི་འཚོ་བ་ཉིན་བཞིན་ཇེ་བཟང་ཇེ་ལེགས་སུ་སོང་སྟེ། གཞིས་ཁང་གསར་བར་གནས་སྤར་བ་དང་ཡོང་འབབ་མང་དུ་སོང་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་པས། འབྱོར་འབྲིང་གི་སྤྱི་ཚོགས་ལོངས་སུ་སྤྱོད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་སོང་ཡོད། 


        ལོ་སར་སྐྱིད་པོ་ཞིག་རོལ་འདོད་ན་ལོ་སར་ཅ་ལག་ནི་མེད་དུ་མི་རུང་བ་ཞིག་ཡིན། ཉིན་འདི་ཚོར། ཁ་བ་བབས་ཤིང་གནམ་ཟླ་གྲང་ངར་ཆེ་ཡང་། རོང་འབྲོག་མང་ཚོགས་ཀྱི་ལོ་སར་གྱི་བདེ་སྐྱིད་རོལ་བའི་འདུན་པ་དྲག་པོ་ལ་ཤུགས་རྐྱེན་ཅི་ཡང་མ་ཐེབས་པར། མཛོད་དགེ་རྫོང་གི་སྲང་ལམ་དང་ཚོང་ར། སྡེབ་འཚོང་ཁང་སོགས་སུ་ལོ་སར་ཅ་ལག་ཉོ་བར་བྲེལ་བཞིན་པར་མ་ཟད། དགའ་བའི་འཛུམ་ཆུང་གྲོལ་འདུག  

        སྒོ་རྩིས་ཁང་དུ། ལོ་སར་ཅ་ལག་གཙོ་བོར་གྱུར་པའི་ཚོང་རྫས་མང་དུ་བཤམས་ཡོད་ལ། རོང་འབྲོག་མང་ཚོགས་ཀྱིས་རྒུན་ཆང་དང་ཀ་ར། བསིལ་ཁུ་སོགས་དངོས་འདྲེན་ལག་འཁོར་དུ་འདེད་བཞིན་འདུག 

        ཞིང་རྫས་ཚོང་རར། ཉེ་འཁོར་རྫོང་ཁག་ནས་ཐོན་པའི་རླངས་འཁོར་ཁ་ལོ་བ་དག་གིས་བཅའ་ལག་འདྲེན་སྐྱེལ་བྱེད་པ་དང་། རོང་འབྲོག་མང་ཚོགས་མང་བོས་རང་ཁྱིམ་གྱི་མར་དང་ཆུར་བ། གྲོ་མ་སོགས་ཚོང་རར་བཤམས་ནས་འུར་ཟིང་གི་རྣམ་པས་ཁེངས་འདུག 

        སྲང་ལམ་གཡས་གཡོན་ཀུན་ཏུ། ཁྱེད་ཀྱིས་མི་རེ་རེའི་དགའ་བའི་འཛུམ་མདངས་མཐོང་ཐུབ་ལ། སྐྱིད་པའི་དགོད་སྒྲ་ཐོས་ཐུབ། བོད་ཀྱི་ལོ་སར་བསུ་བར་ཡོངས་སུ་གྲ་སྒྲིག་བྱས་ཡོད་པ་འདྲ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1