༄༅།། ལོ་སར་སྐབས་ཀྱི་བདེ་སྲུང་གི་ཤེས་བྱ་འགའ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྤེལ་དུས། 02-23


གཅིག བཟའ་བཏུང་ལུགས་མཐུན་སྒོས་བསྟེན་པ།

  ལོ་སར་ཚེས་གཅིག་མ་གཏོགས་ཟས་མི་ཟ། དྲུག་པོའི་ཀླུ་རོལ་མ་གཏོགས་གོས་མི་གོན་ཞེས་པའི་བཤད་སྲོལ་ལྟར། ལོ་སར་གྱི་དུས་ཆེན་སྐབས་སུ་ཁྱིམ་ཚང་རེ་རེས་ཤ་མར་ཐུད་གསུམ་གྱི་རི་རབ་བརྩིགས་ཤིང་། ཇ་ཆང་འོ་མའི་རྒྱ་མཚོ་བསྐྱིལ་ནས་བཟའ་བཏུང་ལོངས་སྤྱོད་ལ་ཅི་དགར་རོལ་བཞིན་ཡོད། འོན་ཀྱང་ལུས་ཕུང་བདེ་ཐང་གི་ངོས་ནས་བཤད་ན། འདི་ལྟར་སྣུམ་ཟས་སྣུམ་ཆུའི་རིགས་བསྟེན་དྲགས་ན་སྙིང་ནད་དང་གཟའ་གྲིབ། མཁྲིས་པའི་གཉན་ཚད་དང་གཤེར་མའི་གཉན་ཚད་སོགས་སློང་སྲིད་ཅིང་། བཟའ་བཏུང་གི་གཙང་སྦྲར་དོ་སྣང་མ་བྱས་པ་ལས་ཕོ་བའི་གཉན་ཚད་དང་རྒྱུ་མའི་གཉན་ཚད་སོགས་འབྱུང་སྲིད་པས། ཚང་མས་ཟས་ཞིམ་པོ་ཉུང་བཟའ་ཉུང་འཐུང་བྱེད་དགོས་པ་དང་། ལོ་ལོན་རྒན་པ་རྣམས་ཀྱིས་ལྷག་པར་དུ་ཕྱོགས་དེར་གཟབ་གཟབ་བྱེད་དགོས། ད་དུང་སྨན་གཞུང་དུ་བཤད་པ་ལྟར་ཕོ་བའི་ཆ་གཅིག་ཟས་དང་ཆ་གཅིག་ཆུ། ཆ་གཅིག་རླུང་གི་གནས་ཏེ་སྟོང་བར་འཇོག་དགོས་ཟེར་བ་ལྟར། ཟས་ཞིམ་པོ་གང་ཞིག་ཡིན་རུང་འགྲངས་ཐག་ཆོད་པ་ཞིག་མི་འཐུང་བར་ཉུང་ཟ་ཉུང་འཐུང་བྱེད་རྒྱུ་གལ་ཆེ།
གཉིས། ཆང་ཉུང་འཐུང་བྱེད་པ།
  ལོ་སར་གྱི་སྐབས་སུ་ཆང་མང་པོ་འཐུང་བ་ལས་དོན་རྐྱེན་སྣ་ཚོགས་འབྱུང་བཞིན་ཡོད་དེ། དཔེར་ན་ཆང་མང་པོ་འཐུང་བ་ལས་གཟའ་གྲིབ་ཕོག་པ་དང་། གཤེར་མའི་གཉན་ཚད་འཕར་བ། མཆིན་ནད་ཇེ་ལྗིད་དུ་འགྲོ་བ། ཆང་བཅུད་རང་བཞིན་གྱི་ཕོ་བའི་གཉན་ཚད་སོགས་ལྟ་བུ་རེད། དེར་བརྟེན། ལོ་སར་གྱི་སྐབས་སུ་ཆང་ཉུང་འཐུང་བྱེད་དགོས་ཤིང་། ལྷག་པར་དུ་བཟི་ཁ་ཆེ་བའི་ཆང་རབ་ཡིན་ན་མ་འཐུང་ན་བཟང་། ཝུ་ཆང་དང་སིལ་ཆང་། བཟི་ཁ་དེ་འདྲ་མི་ཆེ་བའི་ཆང་ཡང་ཉུང་འཐུང་བྱེད་དགོས་པར་མ་ཟད། ཉིན་རེར་ཐེངས་གཅིག་ལས་བརྒལ་མི་རུང་།
གསུམ། རྩེད་འཇོར་རོལ་ཤེས་བྱེད་པ།
  ལོ་སར་གྱི་སྐབས་སུ་ཁྱིམ་མི་གང་བོ་ལྷན་དུ་འཛོམས་ནས་སྐྱིད་དགའ་དགའ་སྤྲོ་སྤྲོས་རྩེད་འཇོ་སྣ་ཚོགས་ལ་རོལ་བཞིན་ཡོད། ཐ་ན་རྒྱུན་པར་དེ་འདྲ་རྩེད་རྒྱུར་མི་དགའ་བའི་རྒན་པ་རྣམས་ཀྱང་བྱིས་པ་ཚོ་དང་མཉམ་དུ་ཤོག་ཕཱའེ་དང་མཱ་ཅང་སོགས་རྩེ་ནས་དུས་འདའ་བཞིན་ཡོད། སྤྱིར་རྩེད་འཇོར་རོལ་བ་ནི་སྤྲོ་སྣང་ལྡན་པའི་བྱ་འགུལ་ཞིག་ཡིན་མོད། དུས་ཡུན་ཚད་ལས་བརྒལ་མི་རུང་། ལྷག་པར་དུ་སྙིང་ཁམས་ཁྲག་རྩའི་ནད་ཡོད་པའི་རྒན་པ་རྣམས་ལ་མཚོན་ན། རྩེད་འཇོར་རོལ་བའི་ཡུན་དུས་ཚོད་གཉིས་ལས་བརྒལ་མི་རུང་ཞིང་མཚན་མོའི་གཉིད་དེ་བས་ཀྱང་གཅོག་མི་རུང་། རྒན་པ་རྣམས་སེམས་ཁམས་ལྷོད་ལ་འབབ་མི་ཐུབ་ཅིང་སེམས་འཚབ་པའི་རང་བཞིན་གྱི་རྩེད་འཇོ་སྟེ་རྒྱན་ཤོ་མཱ་ཅང་སོགས་རྩེ་ན་སྙིང་ཁམས་ཁྲག་རྩར་ཧ་ཅང་གནོད་པས། དེ་དག་སྤང་ཅི་ཐུབ་བྱེད་དགོས། དུས་མཚུངས་སུ། དུས་ཆེན་གྱི་སྐབས་སུ་བརྙན་འཕྲིན་ལ་བལྟ་ནའང་རྒན་པ་ཚོས་ལྟ་ཡུན་དུས་ཚོད་བཞི་ལས་མི་བརྒལ་བ་དང་། ནང་དོན་གྱི་ཐད་ནས་ཀྱང་དགའ་སྤྲོའི་རང་བཞིན་དང་། གླུ་གླུ་དབྱངས་སོགས་རོལ་མོའི་རང་བཞིན་ལ་བལྟ་བ་ལས་བལྟ་བ་མིག་གིས་མི་བཟོད་པའི་ཉེན་ཁའི་རྣམ་པ་དང་གསོད་རེས་གཏུབ་རེས་བྱེད་པའི་དྲག་རྩལ་རང་བཞིན་གྱི་ནང་དོན་ལ་མ་བལྟས་ན་བཟང་།
བཞི། དགའ་དྲགས་མི་རུང་། 
    ལོ་སར་གྱི་སྐབས་སུ། སྐྱེས་ཕོ་མོ་རྒན་གཞོན་ཐམས་ཅད་ཧ་ཅང་སྐྱིད་ཅིང་། དེའི་ནང་ནས་ཀྱང་ཆེས་སྐྱིད་པ་ནི་ལོ་ལོན་དང་བྱིས་པ་རེད། དེའི་རྒྱུ་མཚན་ནི་རྒན་པ་རྣམས་ཀྱིས་ཆེས་རེ་ལྟོས་བྱེད་ས་ནི་ཁྱིམ་མི་གང་བོ་ལྷན་འཛོམས་འབྱུང་རྒྱུ་དེ་ཡིན། ལྷག་པར་དུ་ས་ཐག་རིང་བོ་ན་ཡོད་པའི་བུ་བུ་མོ་རྣམས་ཕྱིར་ཡུལ་དུ་ལོག་ནས་ལོ་སར་ན་ཕ་མ་དང་ལོ་ལོན་ཚོའི་སེམས་ཁམས་སྐྱིད་ཅིང་རེ་འདོད་གྲུབ་པའི་དགའ་སྣང་གིས་ཁེངས་ངེས།
      གཅིག་ན་ལོ་སར་གྱི་སྐབས་སུ་ཟས་ཞིམ་པོ་གང་མངར་གང་ལེགས་ལ་རོལ་ཆོག་ཅིང་། 
     གཉིས་ནས་དགོང་མོར་ཐོན་ན་ད་རུང་ཡུན་རིང་ངོ་མ་འཕྲད་པའི་བུ་བུ་མོ་དང་གཉེན་ཉེ་གྲོགས་པོ་ཚོར་ལབ་གླེང་སྣ་ཚོགས་བྱས་ནས་དུས་བསྐྱལ་ཆོག་པས། རྒན་པ་རྣམས་ལ་མཚོན་ན་སྤྱིར་དུས་སྐབས་དེ་ནི་མི་ཚེ་ཁྲོད་ཀྱི་ཆེས་སྐྱིད་པའི་དུས་ཡིན་མོད། འོན་ཀྱང་ལུས་ཕུང་བདེ་ཐང་གི་ངོས་ནས་བཤད་ན། དགའ་དྲགས་ནས་དུས་ཡུན་རིང་བོར་སེམས་ཁམས་གཡོས་ན། སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ་དང་ཁྲག་ཤེད་ཇེ་མཐོར་འགྲོ་སྲིད། དེ་བས་སྙིང་ཁམས་ཁྲག་རྩའི་ནད་བྱུང་ཡོད་པའི་རྒན་པ་ལ་ལར་གཟའ་གྲིབ་ཕོག་པ་དང་སྙིང་ནད་སློང་བའི་ཉེན་ཁ་ཆེ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1