༄༅།། དོལ་པོ་ཤེས་རབ་རྒྱལ་མཚན་གྱི་རྟོགས་པ་བརྗོད་པ་དད་པའི་མཆོད་སྤྲིན།

ནོར་བྲང་ཨོ་རྒྱན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་འཕྲིན། སྤེལ་དུས། 02-28


ནོར་བྲང་ཨོ་རྒྱན།


ཀ་ཡོ་རི་རྒྱུད་མདོ་ལས་ལུང་བསྟན་པའི།།
ཁ་ལྗོངས་བསོད་ནམས་ཞིང་མཆོག་ཆོས་ཀྱི་རྗེའི།།
ག་བུར་ལྟར་དཀར་མཚན་དཔེའི་མེ་ཏོག་བཞད།།
ང་ཚོའི་མགོན་གཅིག་ཤེས་རབ་རྒྱལ་མཚན་ཞབས།།

ཅ་སིང་འཁོར་བ་མཐའ་ཅན་མཛད་པའི་ཚུལ།།
ཆ་ཤས་ཡོངས་རྫོགས་རབ་བྱུང་བརྟུལ་ཞུགས་འཛིན།།
ཇ་ཞིམ་ལས་ལྷག་མདོ་སྔགས་རིག་པའི་གཞུང་།།
ཉ་གང་ཐུགས་ཀྱི་དཔལ་བེར་འཛིན་ལ་འདུད།།

ཏ་ཐཱ་ག་ཐའི་ཟབ་གསང་སྙིང་པོའི་དོན།།
ཐ་དད་མ་འདྲེས་གསལ་བར་མཁྱེན་ནས་ནི།།
ད་ནི་ཐུབ་པའི་དགོངས་སྙིང་འདི་འོ་ཞེས།།
ན་ནོར་མེད་པ་གཞན་སྟོང་བསྟན་ལ་འདུད།།

པ་རཱ་མི་ཐའི་དགོངས་བཅུད་གཞན་སྟོང་ནི།།
ཕ་ལམ་ལྟར་ཟབ་རེ་ཞིག་འདུལ་འཛིན་འགས།།
བ་མཆོག་འོ་མ་ལྟ་བུར་མི་འཛིན་པ།།
མ་ནས་དག་པར་མཛད་པས་ཀུན་ཡི་རང་།།

ཙ་རི་བས་ལྷག་ཇོ་ནང་གདན་ཁྲི་འཛིན།།
ཚ་འབུམ་བཞུགས་པའི་རྟེན་བཞེངས་མཛད་པ་སོགས།། 
ཛ་ཡའི་བསྟན་པ་སྲིད་མཐར་སྤེལ་མཛད་པ།།
ཝ་ལེར་དྲན་པས་དད་པའི་མཆི་མ་འཁྲུགས།།

ཞྭ་ལོང་དབུས་དམག་རབ་ལྷག་སྐུར་འདེབས་མཚོན།།
ཟ་ཧོར་རྒྱལ་སྲས་པདྨ་འབྱུང་གནས་ལ།།
འ་ལད་ཞུགས་མཚོན་ཕུལ་བ་ཇི་བཞིན་དུ།།
ཡ་མཚན་བྱམས་པའི་སྟོབས་ཀྱིས་བརྟུལ་དེར་འདུད།།

རྭ་ས་ལ་སོགས་གནས་ཆེན་མང་པོ་ལ།།
ལ་ལུང་རབ་བརྒལ་ཕྱག་མཆོད་མཛད་པ་དང་།།
ཤཱཀྱའི་བསྟན་དང་དེ་འཛིན་འདུས་པའི་སྡེ།།
ས་གསུམ་ཁྱབ་པའི་བསྔོ་སྨོན་མཛད་ལ་འདུད།།

ཨ་ལ་ལ་ཧོ་རྒྱལ་ཀུན་སྙིང་རྗེའི་གཏེར།།
ཧ་ཅང་མཚན་དཔེའི་དཔལ་འབར་སྡོམ་བཙུན་སྐུས།།
ཨ་ཏི་ཡོ་ག་ལྟར་ཟབ་འགྲོ་ལ་བསྟན།།
ཧ་ཧི་བཞད་སྒྲས་རྣལ་འབྱོར་ཀུན་ཐུགས་གཡོ།།

ཨ་དོན་སྐྱེ་མེད་རྟོགས་པའི་རྣལ་འབྱོར་པས།།
ཧ་ཧ་ཧེ་ཧེ་བཞད་སྒྲས་ཁམས་གསུམ་དུ།།
ཨ་ནི་ཡིག་འབྲུ་མཆོག་ཏུ་བཀུར་བ་ལྟར།།
ཧ་ལམ་ཞབས་པད་མི་བསྟེན་མེད་དེར་འདུད།།

ས་བཅུའི་དབང་ཕྱུག་འཕྲིན་ལས་གཅིག་བསྡུས་སྐུ།།
ཤ་ཟ་གདོང་དམར་ཡུལ་གྱི་འདྲེན་མཆོག་ཏུ།།
ལ་ལ་ཙམ་མིན་སྐུ་སྐྱེའི་འཕྲེང་བའི་རབས།།
ར་བ་སྐྱེས་ཀྱི་མཛད་བཟང་བསྟན་ལ་འདུད།།

ཡ་མཚན་ཆོས་སྐུའི་ངོ་མཚར་རྨད་དུ་འབྱུང་།།
འ་ཅག་འགྲོ་བའི་མགོན་གཅིག་དོལ་པོ་རྗེ།།
ཟ་ཧོར་རྒྱལ་སྲས་པདྨའི་ངང་ཚུལ་ལྟར།།
ཞྭ་བཞིན་གཙུག་ཏུ་བཀུར་འོས་ཁྱོད་མིན་སུ།།

ཝ་ལེར་སེམས་སུ་ཁྱོད་ཀྱི་འགྲོ་བའི་དོན།།
ཛ་ཡའི་མཛད་བཟང་ལྟར་ཐོས་ངན་འགྲོ་ཡི།།
ཚ་གྲང་གདུང་བ་ཕ་མཐར་བསྐྲད་ནས་ནི།།
ཙཀྲ་འཁོར་བའི་འཁོར་མཚམས་དེ་མུར་བཅད།།

མ་འགྱུར་འགྲོ་བ་གཉེས་གཤིན་འཕྲིན་ལས་ཀྱིས།།
བ་བེར་འགྲོ་རྣམས་གཏན་བདེའི་ལམ་ཡངས་པོར།།
ཕ་རོལ་ཕྱིན་དྲུག་བསྡུ་བཞིའི་མཛད་པ་དག།
པ་ཊུས་གང་ལ་གང་འདུལ་སྐྱོང་དེར་འདུད།།

ན་མར་ཇོ་ནང་ཞབས་སེན་འགོད་དེ་ཤེད།།
ད་ག་དུས་འཁོར་ཞལ་གཟིགས་དེ་ནས་བཟུངས།།
ཐ་མལ་མ་ཡིན་ཡི་དམ་ལྷ་བླ་མའི།།
ཏ་ལེར་ཞལ་གཟིགས་མཛད་པ་བསམ་མི་ཁྱབ།།

ཉ་གང་ཟླ་བས་ཀུན་དའི་ངང་ཚུལ་བཞིན།།
ཇ་ཧོང་མདོག་ལྡན་ཐུགས་སྲས་སྐར་ཚོགས་བཀྲ།།
ཆ་གཏེར་ལྟ་བུ་བཞི་ལྷག་བཅུ་པའི་གྲངས།།
ཅ་ཅོ་མི་མངའ་བསྐྲུན་པའི་མཛད་པ་རྨད།།

ང་ཅག་གཙུག་ནོར་ཆོས་རྗེ་དོལ་བུ་པ།།
ག་ཆད་མེད་པར་གདུལ་བྱའི་དོན་རྫོགས་ནས།།
ཁ་སྦྱོར་བདུན་ལྡན་ངོ་བོར་ཐིམ་པའི་ཚེ།།
ཀ་དག་སྐུ་རུས་ཡི་དམ་ལྷ་མང་གྱུར།

མང་མང་ཐུགས་སྲས་གདུང་བས་རབ་མནར་ཡང་།།
གསལ་གསལ་མཁའ་འགྲོས་ཕེབས་བསུའི་ངོ་མཚར་བཀོད།།
མཛེས་མཛེས་མཁའ་ལ་གཞའ་ཚོན་འཕྲོས་པ་དང་།།
མང་མང་མེ་ཏོག་ཆར་འཕེབས་སྤྲོ་བས་བྲེལ།།

རིགས་དྲུག་འགྲོ་བའི་དུག་གསུམ་ཚ་གདུང་གིས།།
སྡུག་བསྔལ་ལས་སྐྱོབས་མི་ཡི་སེང་གེ་ཡིས།།
མདོ་ལས་ལུང་བསྟན་ཀུན་མཁྱེན་དོལ་པོ་རྗེ།།
འགྲོ་བའི་གདུང་སེལ་གདུགས་དཀར་བླ་ནར་འཁོར།།

ཉ་རྒྱས་ཟླ་བ་ལྟ་བུའི་འཕྲིན་ལས་ནི།།
གཞན་སྟོང་ལྟ་བའི་སྲོལ་འབྱེད་ཇོ་ནང་གི།།
གདན་ཁྲི་འཛིན་ཅིང་འབུམ་བཞེངས་ཕས་རྒོལ་དམག །
བྱམས་པས་བཅོམ་སོགས་གཞན་དོན་གསེར་ཉའི་ཚུལ།།

འཆད་རྩོད་རྩོམ་གསུམ་མཛད་པས་སྐྱེ་རྒུའི་མིག །
ཅིག་ཅར་འབྱེད་དང་མདོ་སྔགས་ལམ་བཟང་པོ།།
མཁའ་ལྟར་ཡངས་པ་ཐུགས་ཀྱི་བུམ་བཟང་དུ།།
བསྐྱིལ་བའི་མཛད་པ་ངོ་མཚར་རྨད་དུ་བྱུང་།།

མཁས་བཙུན་བཟང་པོའི་གསང་གསུམ་མཛད་པ་ཡི།།
ཞལ་སློབ་ནམ་མཁའི་སྐར་ཚོགས་ལྟར་བཀྲ་ཞིང་།།
ལྷག་པར་ཉེ་སྲས་སྒྱུ་འཕྲུལ་ངུར་སྨྲིག་འཛིན།།
བཞི་ལྷག་བཅུ་ལྡན་པད་དཀར་ལྟ་བུར་བསྐྲུན།།

ཀུན་སྤངས་ཆོས་རྗེས་ལུང་བསྟན་ལྟར་བཞེངས་པ།།
ཇོ་ནང་སྐུ་འབུམ་ཆེན་མོ་སྲིད་གསུམ་ན།།
གྲགས་པའི་དཔལ་འབར་བཞེངས་སོགས་རྟེན་བརྟེན་པ།།
བཞེངས་པའི་མཛད་བཟང་དུང་སྒྲ་ལྟ་བུར་བསྒྲགས།།

མྱ་ངན་འདའ་བཞེད་ལོ་ལྔ་ཙམ་ནས་ནི།།
རྣམ་སྣང་མི་བསྐྱོད་གཤང་གཅིའི་རྒྱུན་ཆད་ཅིང་།།
གཏུམ་མོའི་བདེ་དྲོད་འབར་བའི་དགེ་མཚན་སོགས།།
སྔོན་བཞེད་ཐུགས་མཆོག་དཔལ་བེའི་རིས་ལྟར་བཀྲ།།

མཐར་ཐུག་ཐིག་རིའི་དགུང་གྲངས་བཞེས་པའི་ཚེ།།
མ་འོངས་བསྟན་འཛིན་སྐྱེས་བུའི་ལུང་བསྟན་སོགས།།
གསལ་པོར་གདམས་ནས་ཆོས་སྐུའི་ངོ་བོ་རུ།།
ཐིམ་པའི་རྒྱལ་མཚན་ལྷ་ལམ་ཡངས་པོར་གང་།།

དེ་ལྟར་མགོན་པོ་གང་གི་སྲོལ་འབྱེད་ལམ།།
ལམ་བཟང་གཞན་སྟོང་དབུ་མའི་ལྟ་བ་དག།།
དག་པ་གཉིས་ལྡན་འཁོར་འདས་དབྱེར་མེད་ཆོས།།
ཆོས་འཁོར་གླིང་ལྔའི་ཁྱོན་ལ་བར་མེད་འཁོར།།
        ཞེས་པ་འདི་ཡང་གཙང་ལྗོངས་ནོར་འཛིན་སྒེག་མོའི་ནུ་འབུར་དུ་གནས་པ་པ་ཚབ་ཚུལ་ཁྲིམས་རྒྱལ་པོ་དང་སྣ་ནམ་སྐུ་འཛོམས་པའི་གནས་མཆོག་ཏུ་ཆགས་པ་སྤོས་ཁང་སྨོན་སྐྱིད་དགོན་པའི་སྐུ་ཞབས་སྤོས་ཁང་སྒྲོལ་བཟང་མཆོག་ནས་ཀུན་མཁྱེན་ཆེན་པོའི་མཛད་རྣམ་མདོར་བསྡུས་ཚིགས་བཅད་ཀྱི་ལམ་དུ་དྲངས་པ་ཞིག་འབྲི་དགོས་པའི་བཀའ་ནན་ལྡོག་མེད་ཀྱིས་ན་ཚོད་ཀྱི་འཁུར་ལྕི་ཡང་ཤེས་རིག་གི་ཤེད་མ་བྱེ་བ་བྱིས་པའི་ངང་ཚུལ་ནོར་བྲང་ཨོ་རྒྱན་ཞེས་བྱ་བས་ལྷ་ལྡན་ནོར་བུ་ཁང་གསར་དུ་སྦྱར་བ་བདག་སོགས་འགྲོ་ཀུན་ཀུན་མཁྱེན་ཆེན་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1