༄༅།། བོད་ཀྱི་ལོ་རྒྱས་སྟེང་གི་བེ་རི་དང་བེ་རི་རྒྱལ་པོའི་སྐོར་ལ་དཔྱད་པ།

རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 03-02


 རྒྱལ་མོ་འབྲུག་པ།
             དེ་ཡང་ཁམས་བི་རིའམ་བེ་རི་རྒྱལ་པོ་ཞེས་འབོད་པ་དེ་ནི་སྔོན་དུས་བར་ཁམས་ཀྱི་ཡུལ་ཉི་ཚེ་བའི་ས་སྐྱོང་ངམ་རྒྱལ་པོ་ཞིག་ཡིན་ནའང་། བོད་ཀྱི་ལོ་རྒྱུས་སྟེང་བེ་རི་རྒྱལ་པོ་ནི་ས་སྐྱོང་གཞན་དག་རྣམས་ལས་སྐད་གྲགས་ཅུང་ཟད་ཆེ་བར་མ་ཟད། ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ནང་བོད་ཀྱི་ལོ་རྒྱུས་ཡོངས་ལ་ཤུགས་རྐྱེན་དང་བྱས་པ་འདྲ་མིན་འཇོག་མྱོང་མཁན་ཞིག་ཡིན་སྟབས། བོད་ཀྱི་རྒྱལ་རབས་ཆོས་འབྱུང་རྣམས་དང་སྒོས་སུ་ས་སྐྱ་བའི་སྐབས་ནས་བཟུང་ལོ་རྒྱུས་ཡིག་ཚང་དང་འབྲེལ་ཡོད་བླ་དཔོན་དག་གི་རྣམ་ཐར་བཅས་སུ། བེ་རིའི་སྐོར་གྱི་བྱུང་བ་མང་ཉུང་ཅི་རིགས་ཤིག་བཀོད་པའི་ཡིག་ཆ་རྒྱུན་པར་མཐོང་རྒྱུ་མང་བ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་མོད། འོན་ཀྱང་ད་སྔ་བར་བོད་རྒྱའི་མཁས་པ་ཚང་མས་བྲིས་པའི་ལོ་རྒྱུས་ཚད་ལྡན་དུ་འདོད་པ་དཔེར་ན་རྒྱ་ཡིག་གི་《བོད་ཀྱི་ལོ་རྒྱུས་བསྡུས་པ་》ཞེས་པར་གཙང་པ་སྡེ་སྲིད་ཀྱི་ལོ་རྒྱུས་བརྗོད་སྐབས། “ཡང་ཁམས་སུ་བེ་རི་ཐུའུ་སི་དོན་ཡོད་རྡོ་རྗེས་བོན་ལ་དད་ནས་དགེ་ལུགས་པ་དང་ནང་བསྟན་སྤྱི་ལ་དགྲར་བཟུང་ནས་བོད་དུ་བསྐྱོད་པའི་གྲ་སྒྲིག་བྱས་”①ཞེས་དང་། ཡང་རྒྱ་ཡིག་གི་《ཏཱ་ལའི་བླ་མའི་རྣམ་ཐར་》ཞེས་པའི་ནང་“1639ལོར་གུ་ཤྲི་ཧན་གྱིས་ཡང་དམག་ཁྲིད་དེ་ཁམས་ཀྱི་དཀར་མཛེས་རྒྱུད་ལ་ཕར་རྒོལ་བྱས་ཏེ་བེ་རིའི་ཐུ་སི་དོན་ཡོད་རྡོ་རྗེ་ཚར་གཅོད་བྱས་ཐོག །དེང་སང་གི་སྡེ་དགེ་དང་། དཀར་མཛེས། ལྡན་ཁོག །དཔལ་ཡུལ། སེ་ཤུལ་སོགས་ཀྱི་ས་ཆ་རྣམས་བཟུང་སྟེ་རང་གི་མངའ་འོག་གི་མི་བཏང་ནས་ཡུལ་དེར་དབང་སྒྱུར་དང་ལོ་ལྟར་གྱི་དཔྱ་ཁྲལ་བསྡུ་ལེན་བྱེད་དུ་བཅུག་པ་རེད།”②ཞེས་དང་། དེ་བཞིན་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》ཞེས་པའི་ནང་ཡང་“སྤྱི་ལོ་1639བོད་ས་ཡོས་ལོར་གོ་ཤྲི་ཁང་གིས་དཔུང་ཆེན་མཚོ་སྔོན་ནས་བཏེགས་ཏེ་བར་ཁམས་སུ་ཡོད་པའི་གཙང་པ་སྡེ་པའི་མཐུན་ཕྱོགས་བེ་རི་ཚོ་པའི་ཐོག་ཏུ་དཔུང་འཇུག་གནང་སྟེ་ལོ་གཅིག་ཙམ་རིང་གཡུལ་འགྱེད་པ་བརྒྱུད་སྡེ་དགེ་དང་། དཀར་མཛེས། རྨར་ཁམས། ལྡན་ཁོག །པད་ཡུལ། སེ་ཤུལ་སོགས་དྲག་ཤུགས་ཀྱིས་བླངས་ཏེ་བེ་རི་འགོ་པ་དོན་ཡོད་རྡོ་རྗེ་རྗེས་འབྲང་དང་བཅས་པ་ཚར་བཅད།”③ ཅེས་གོང་གི་རྗེས་འབྲངས་ཀྱིས་བཀོད་པ་གསལ་ཏེ། དབུས་གཙང་གི་མཁས་པ་ཚོ་ཁམས་ཕྱོགས་ལ་ཆ་རྒྱུས་མེད་སྟབས། དཔལ་ཡུལ་ལ་པད་ཡུལ་དང་སེར་ཤུལ་ལ་སེ་ཤུལ་ཞེས་འབྲི་ནོར་བྱས་འདུག་པ་ལྟ་བུ་དང་། དེ་མིན་《སྲིད་དོན་རྒྱལ་རབས་》སུའང་རྩོམ་པ་པོས་དང་པོ་དཀར་མཛེས་ཏྲེ་བོ་བྱས་པ་འཁྲུལ་འདུག་ཚུལ་བཀོད་རྗེས། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་ལ་བརྟེན་ནས་བེ་རིའི་ཡུལ་ལྡན་ཁོག་ཏུ་ཡོད་པ་གཞིར་བཞག་གིས་བསྒྲུབས་འདུག་པ་ལྟ་བུ་སོགས་མང་ལ། གང་ལྟར་བོད་རྒྱའི་མཁས་པ་མང་ཆེ་བས་གོང་དུ་བཀོད་པའི་ལུང་བཞིན་མ་དག་རྒྱུན་འབྱམས་ཀྱིས་གཅིག་ན་བེ་རི་རྒྱལ་པོ་ཟེར་བ་དེ་དེང་སང་གི་ཁམས་དཀར་མཛེས་རྫོང་གི་ཏྲེ་བོའི་བེ་རི་གཅིག་པུ་ཡིན་ཤག་ཤག་བྱས་པ་དང་། གཉིས་ན་དེའི་རྒྱལ་པོའི་མིང་ནི་བེ་རི་དོན་ཡོད་རྡོ་རྗེ་ཟེར་བ་ཞིག་ཡིན་པ་དོགས་སློང་ཙམ་ཡང་མ་གནང་ཁར་ལོ་རྒྱུས་གཞན་དག་ལ་དོ་སྣང་གཏན་ནས་གནང་མི་འདུག་པ་དང་། གསུམ་ན་བེ་རུ་རྒྱལ་པོ་ལ་ད་དུང་ཐུའུ་སིའི་ཐོབ་གོ་ཡོད་པ་གཞིར་བཞག་གིས་བཀོད་པ་བཅས་པའི་རྐྱེན་གྱིས། དེ་ལ་ཁོ་བོས་ཀྱང་ལོ་ངོ་བཅུ་གྲངས་སྔོན་དུ་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》①ཞེས་པའི་དེབ་ཀྱི་པར་གཞི་དང་པོའི་ནང་བེ་རིའི་སྐོར་འབྲི་ཁུལ་བྱས་ཡོད་མོད། འོན་ཀྱང་མ་ཤེས་པ་ལ་ཉེས་པ་མེད་ཅེས་པའི་དཔེ་བཞིན། ཁོ་བོས་བེ་རི་རྒྱལ་པོ་ཡོད་སའི་ཡུལ་གྲུ་ར་མགོ་ལུག་སྦྱར་ལྟ་བུས་འབྲི་ནོར་ཤོར་ཡོད་པ་ཕྱིས་སུ་མཁས་དབང་དམ་པའི་ཚད་མའི་གསུང་②གི་རྒྱབ་སྐྱོར་ལ་བརྟེན་ནས། ཞིབ་འཇུག་བྱས་འབྲས་ནོར་བཅོས་དང་བཅས་གོང་གི་དཔེ་དེབ་པར་གཞི་གཉིས་པའི་③ནང་གསལ་འདེབས་ཀྱི་ཚུལ་དུ་བཀོད་ཡོད་ནའང་། དེ་ལ་བསྡུས་པ་ཙམ་ལས་ཞིབ་རྒྱས་ཤིག་ས་བཅད་ཀྱི་དབང་གིས་འགོད་པར་མི་འོས་པས་ན། ལོ་གཉིས་སྔོན་ལ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་སྐབས་བཅུ་གཅིག་པའི་ཐོག་ལ་དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་འབྲི་སྐབས། ཁོ་བོས་ཡང་བསྐྱར་བེ་རིའི་སྐོར་ལ་ཞིབ་འཇུག་གནད་དུ་ཕིགས་པ་ཞིག་བྱ་འདོད་ཡོད་པ་ལྟར་རྩོམ་ཡིག་འདི་འབྲི་རྒྱུ་བྱས་ཤིང་། དེ་ལྟར་དཔེ་ཆ་མང་པོ་བཙལ་ཀློག་དང་བསྟུན་ཆེད་དུ་བེ་རིའི་ཡུལ་སྡེ་ངོ་མ་ཡོད་ས་བར་ཁམས་ཏེ་དེང་སང་གི་ཆབ་མདོ་རྫོང་བེ་རི་ཤང་གི་འབྲོག་སྡེ་ཁྲོད་དུ་རྟོག་ཞིབ་དང་ཞིབ་འཇུག་ཏུ་ཕྱིན་ནས་དཔྱད་རྩོམ་འབྲི་མགོ་བརྩམས། དེའི་དུས་སུ་སྐལ་བ་ལེགས་པོ་ཞིག་ནི་ཆབ་མདོ་ས་ཁུལ་བོད་སྨན་ཁང་གི་གྲོགས་མཆོག་དམ་པ་ལྷ་རྗེ་བུ་དེས་ཚེ་རིང་ལགས་ཀྱིས་རོགས་རམ་གནང་སྟེ་དེ་གའི་ཡུལ་མི་དང་ལྷན་དུ་བེ་རིའི་སྡེ་ནང་དུ་སོང་ནས་ངོ་འདྲི་དང་རྒྱུས་ལོན་བྱས་པར་མ་ཟད། དེ་གའི་བེ་རི་ལྷ་བརྒྱ་གྲྭ་ཚང་དང་ལྷ་རྗེ་བཀྲ་ཡོན་ཕ་བུ་བཅས་ཀྱིས་རྒྱབ་སྐྱོར་དང་དགའ་པོ་ཆེན་པོ་གནང་བའི་མཐུན་རྐྱེན་ལ་བརྟེན་ནས། ཁོ་བོས་བར་ཁམས་བེ་རི་ཞེས་པ་དེའི་ས་ངོ་མི་ངོ་དང་ཡུལ་ངོ་སྡེ་ངོ་ཟིན་པའི་གོ་སྐབས་བཟང་པོ་རྙེད་དཀའ་བ་ཐོབ་སོང་། དེ་ནས་ཡང་བསྐྱར་གོ་སྐབས་ཡག་ཤོས་ཤིག་ནི་ད་ལོའི་ཟླ་ལྔ་པར་ཁོ་བོའི་གྲོགས་མཆོག་དམ་པ་བཀྲ་ཤིས་ཚེ་རིང་ལགས་དང་སླར་ཡང་མཇལ་འཛོམས་བྱུང་བར་མ་ཟད། ཁོང་གིས་ཆབ་མདོ་ཤེས་རབ་ཀྱིས་བྲིས་པའི་《ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ་》①ཞེས་པའི་དེབ་གསར་པ་ཞིག་གནང་སོང་བའི་ནང་། བེ་རིའི་སྐོར་གྱི་ལེ་ཚན་རྒྱས་པ་ཞིག་ཡོད་པ་ལག་སོན་བྱུང་བའི་བཀའ་དྲིན་ཆེན་པོ་བསྐྱངས་ཁར། ད་དུང་འཇར་མན་གྱི་མཁས་དབང་ཕེ་ཁར་ཧྲི་ཝེ་རྒར་ལགས་ཀྱིས་བེ་རིའི་སྐོར་ལ་ཞིབ་འཇུག་བགྱིས་པའི་རྩོམ་ཡིག་ཅིག་ཀྱང་ཕྲན་ལ་བསྐུར་གནང་བྱུང་བས། ཁོ་བོས་དེ་དག་མཇལ་ཐུབ་པ་བྱུང་བ་བཅས་ཀྱིས་ད་ལན་དཔྱད་རྩོམ་འདི་འབྲི་བ་ལ་རྒོད་ཕྲུག་ལ་གཤོག་པ་ཐོགས་པ་ལྟར་དང་། སྒོས་སུ་ཤེས་རབ་ལགས་ཀྱི་རྩོམ་ཡིག་ཏུ་ཁོ་བོས་མཇལ་མ་ཐུབ་པའི་དཔེ་རྙིང་མང་པོ་ཞིག་ལུང་དྲངས་འདུག་པས། དེའི་ནང་དོན་མང་པོ་ཞིག་ནི་ཁོ་བོའི་ལུང་འདྲེན་གྱི་རྒྱབ་རྩ་གཙོ་བོར་གྱུར་པ་འཆད་འགྱུར་དང་བཅས་སྔོན་འགྲོའི་ཚུལ་དུ་གླེང་སློང་ཙམ་ལགས།  དེ་ལ་དཔྱད་རྩོམ་འདིའི་ནང་བེ་རི་དང་བེ་རི་རྒྱལ་པོའི་སྐོར་གཙོ་བོ་གཤམ་གསལ་དོན་ཚན་འགའི་སྒོ་ནས་བརྗོད་པར་འདོད་དེ།
             དང་པོ། བེ་རིའི་མིང་ཐོབ་དང་རིགས་རུས་ཀྱི་སྐོར་བཤད་པ།
             དེ་ཡང་བོད་མདོ་དབུས་ཁམས་གསུམ་དུ་བི་རིའམ་བེ་རི་ཞེས་པའི་མིང་ཐོབ་པ་ནི་ཤིན་ཏུ་མང་ལ། སྒོས་སུ་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྣམས་སུ་རིགས་རུས་ལ་བེ་རི་བྱས་པ་དང་། ཡུལ་མིང་ལ་བེ་རི་བྱས་པ། སྡེ་ཚོ་ལ་བེ་རི་བྱས་པ། རྗེ་དཔོན་ལ་བེ་རི་བྱས་པ་དང་གང་ཟག་ལ་བེ་རི་བྱས་པ་སོགས་ཅི་རིགས་ཤིག་ཡོད་པའི་དབང་གིས། ང་ཚོས་བེ་རི་ཞེས་གླེང་སྐབས་མིང་ཐོབ་དང་གོ་དོན་འདྲ་མིན་སྣ་ཚོགས་མཐོང་འདུག་པ་ཡིན། དེས་ན་འདིར་ཐོག་མར་བར་ཁམས་བི་རིའམ་བེ་རི་རྒྱལ་པོའི་སྐོར་མ་གླེང་སྔོན་ལ་བེ་རི་ཞེས་པའི་མིང་ཐོབ་དང་བྱུང་ཁུངས་རིགས་རུས་སྐོར་ཅུང་ཟད་གླེང་ན།  
             དང་པོ་བི་རིའམ་བེ་རི་ཞེས་མིང་ཡི་གེ་རེས་མོས་སུ་བྲིས་པའི་ཐ་སྙད་འདི་དང་ཐོག་བོད་ཀྱི་རིགས་རུས་ཤིག་ཡིན་པར་མ་ཟད། བོད་ཀྱི་རྩ་བའི་རུས་ཆེན་བཞིར་གྲགས་པའི་ནང་ནས་ལྡོང་གི་ནང་གསེས་ཆེ་བཙུན་སྤེལ་མ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་ཡིན་པར་བཤད་དེ། 《རྒྱ་བོད་ཡིག་ཚང་ཆེན་མོ་》རུ། “ད་ཕོ་བོ་ལྡོང་ལ་མཆེ་དྲུག་ཡོད། །སྟོད་ན་སྤ་ཚབ་འབྲིང་ཡས་གཉིས། །བར་ན་རོ་འཛེ་རག་ཤི་གཉིས། །སྨད་ན་མི་ཉག་གྱི་ཐན་གཉིས། །ཆེ་དྲུག་མཚན་ན་བཙུན་དྲུག་དེ། །བི་རི་འ་མདོ་དང་གླིང་པ་གཉིས། །རོ་འཛེ་ལ་ཕུ་པ་དང་མདའ་པ་གཉིས། །གྱི་ཐན་ལ་རྒྱས་བསྡུས་ཆེ་ཆུང་གཉིས། །དེ་ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། །”①ཞེས་དང་། ཡང་སྒོས་བར་ཁམས་གྱི་བེ་རི་འདི་ཡང་ལྡོང་གི་བྱེ་བྲག་གཅིག་ཏུ་མངོན་ཏེ། 《རུས་ཡིག་སྣ་ཚོགས་པད་མ་དཀར་པོའི་སྐྱེད་ཚལ་》ཞེས་པར།“སྔོན་ཁམས་བེ་རི་རྒྱལ་པོ་ཞེས་བར་ཁམས་ཀྱི་རྒྱལ་པོ་ཆེན་པོ་དེའི་གདུང་རིགས་ནི། ལྷ་ལྡོང་དཀར་པོའི་རྒྱུད་པ་དངོས་དེ་ཡིན་ལ། བར་སྐབས་སུ་བེ་རི་རྒྱལ་པོ་དོན་ཡོད་རྒྱལ་བློན་ནས་བླ་མ་དང་དགོན་པ་སྤྱི་བ་ཁྱད་པར་དུ་དགེ་ལུགས་པ་ལ་གནོད་ཚབས་ཆེ་བས། དགེ་ལུགས་ཀྱི་སྦྱིན་བདག་ཆེན་པོ་སོག་པོ་ཨུ་ལོད་རྒྱལ་པོ་གོ་ཤྲིར་ཧན་དཔུང་བཅས་ཀྱིས་བཅོམ་ནས། རྒྱལ་ས་འཁོར་བཅས་ཐམས་ཅད་བཅོམ་ཞིང་གཏོར་བ་ཡིན་ལ།”② ཞེས་གསལ་པོར་བཀོད་ཡོད་པ་ལྟར་རོ། །ཡང་བེ་རི་ཞེས་པའི་རིགས་རུས་འདི་མདོ་སྨད་དང་བར་ཁམས་དབུས་གཙང་སོགས་སུ་ཁྱབ་པའི་དབང་གིས་མདོ་དབུས་ཁམས་གསུམ་དུ་བེ་རི་ཞེས་མིང་རུས་ལས་ཡུལ་མིང་དུ་ཐོགས་པ་ཤིན་ཏུ་མང་། དཔེར་ན་མདོ་སྨད་དུ་བེ་རི་ཡུལ་མིང་ལ་བྱས་པ《ཉང་ཆོས་འབྱུང་》དུ། “བཙུན་པ་གསུམ་པོས་གོས་རེ་བས་དྲིལ་ནས་སྤྲང་ཆས་སུ་ཞུགས་ནས་བྲོས་ཏེ། ཆོས་འདུལ་བ་དྲེའུ་ཁལ་གཅིག་བཀའ་ནས་མངའ་རིས་སྟོད་ལ་ལམ་བྱུང་། རྒྱལ་ཁྲིམས་མི་གཅིག་པའི་ས་ཆ་ནས་བསྟན་པ་དར་བར་བྱ་བསམས་ནས། གང་དུ་ཡང་མ་ནུས་ནས། ཉིན་མོ་གབ་ཅིང་ནུབ་མོ་བྱོན། དགེ་བསྙེན་ཤེས་རབ་གོ་ཆ་བ་བ་གཅིག་ལ་མིང་ཤཱཀྱ་ཤེས་རབ་ཏུ་བཏགས། དེ་གཡོག་ལ་ཁྲིད་ནས་མདོ་སྨད་ལྷོ་ངོས་བེ་རིའི་ས་ཆ། དེའུ་ཚ་ཚོ་ནས་ལམ་བྱས། རྨ་ལུང་རྡོ་རྗེ་བྲག་ར་ཨ་ཆུང་གནམ་གྱི་ཡང་རྫོང་གཙུག་ལག་ཁང་རྒྱ་ཕིབས་ཡོད་པ་དང་དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ནས།”① ཞེས་མདོ་སྨད་ལྷོ་ངོས་བེ་རིའི་ས་ཆ་ལས་དེའུ་ཚ་ཚོའམ་ཚྭ་མཚོ་ཞེས་གསལ་པོར་བཀོད་ཡོད་ལ། ཡང་དེ་《མདོ་སྨད་ཆོས་འབྱུང་》དུ། “ཁྱད་པར་བོད་དུ་གླང་དར་མས་བསྟན་པ་བསྣུབས་པའི་དུས་སུ་དཔལ་ཆེན་ཆུ་བོ་རིའི་སྒོམ་གྲྭ་ནས། གཡོར་སྟོད་ཀྱི་དམར་ཤཱཀྱ་མུ་ནེ། དྲད་ཆུང་མདོའི་གཡོ་དགེ་འབྱུང་། རྒྱ་རབ་པའི་གཙང་རབ་གསལ་གསུམ་གྱིས་འདུལ་བ་དྲེའུ་ཁལ་ཞིག་བཀའ་ཏེ་མངའ་རིས་སྟོད་དུ་བྲོས། གར་ལོག་ནས་ལམ་ཐོན། ཧོར་ཡུལ་ལ་བྱས། མདོ་སྨད་ལྷོ་ངོས་ཀྱི་བེ་རིའི་ཚྭ་མཚོ་ནས་ཚུར་བྱོན་ཏེ་རྨ་ལུང་རྡོ་རྗེ་བྲག་ར། ཨན་ཆུང་གནམ་རྫོང་། དན་ཏིག་ཤེལ་གྱི་ཡང་དགོན་སོགས་ན་སྒོམ་ཞིང་ཡོད་པ་རྨ་ཆུ་ཁའི་ཕྱུགས་རྫིས་མཐོང་སྟེ།”②ཞེས་ཐད་ཀར་མིང་བསྡུས་ཏེ་བེ་རིའི་ཚྭ་མཚོ་ཞེས་བཀོད་འདུག་མོད། གང་ལྟར་བསྟན་པ་ཕྱི་དར་སྐབས་དབུས་གཙང་མཁས་པ་མི་གསུམ་ཕེབས་ལམ་མདོ་སྨད་ན་བེ་རི་ས་ཆ་ཞེས་པའི་ཡུལ་མིང་ཡོད་པ་གསལ་པོར་བཀོད་པ་ལྟར་དང་། ཡང་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་《བཀའ་ཆེམས་མཐོང་བ་དོན་ལྡན་》བྱ་བར། “ལྷ་ཤངས་པ། འུ་ཡུག །བི་རི་གསར་རྙིང་། སྦྲ་མོ་ཆེ་དང་བཅས་པ་”③ཞེས་དང་། ཡང“ལྷ་ཤངས། འུ་ཡུག །བྱང་   བི་རི་གསར་རྙིང་། སྦྲ་མོ་ཆེ་དང་བཅས....”①ཞེས་ཕག་གྲུའི་དཔོན་དབོན་བར་ལྷ་སྡེ་མི་སྡེ་འབངས་སུ་གཅོད་སྐབས་བི་རིའམ་བེ་རི་གསར་རྙིང་དང་བྱང་བེ་རི་ཞེས་པའི་ཡུལ་མིང་བཀོད་ཡོད་པ་ལྟ་བུས་དེ་ཕྱོགས་སུའང་བེ་རི་ཡུལ་མིང་ལ་བྱས་པ་ཡོད་ལ། ཡང་《ཁྱུང་པོ་སྟེང་ཆེན་》ཞེས་པའི་དེབ་ནང་སྟེང་ཆེན་ཁོངས་སུ་ད་ལྟའི་བར་དུ་བེ་རི་ཞེས་པའི་ཡུལ་མིང་ཡོད་ཚུལ་དེ་ཉིད་ལས། “སྟེང་ཆེན་རྫོང་ཁོངས་ཀྱི་ཆུས་ཁག་བརྒྱད་ཀྱི་ཁོངས་གཏོགས་ཤང་ཁག །གཏམ་སྟོད་ཤང་ཁོངས་སུ་གཏམ་སྟོད་ཤང་དང་སྲིབ་རོང་ཤང་། བེ་རི་ཤང་། ནུ་ཁུག་ཤང་དང་དབྱིངས་གཤིས་ཤང་བཅས་ཤང་ལྔ་”②ཞེས་བར་ཁམས་སུའང་ཡུལ་མིང་བེ་རི་བྱས་པ་ཡོད་ལ། དེ་ལྟ་བུ་བོད་ཡུལ་གང་སར་བེ་རི་ཞེས་པའི་མིང་མང་དུ་ཡོད་ཚོད་འདུག་ལ་རྒྱས་པ་རྗེས་སུ་དཔྱད་འོས་ཀྱི་གནས་དང་། ཡང་བེ་རི་ཞེས་པའི་མིང་འདི་སྡེ་ཚོ་ལ་བྱས་པ་ནི་འཆད་འགྱུར་བར་ཁམས་བེ་རི་དང་། དེ་ལས་གྱེས་པར་བཤད་པ་སྨད་ཁམས་ཏྲེ་བོའམ་མ་ཟུར་བེ་རི་དང་སྟོད་ཨ་གྲག་བེ་རི་ཞེས་གྲགས་པའི་མི་སྡེ་དང་ཚོ་པ་རྣམས་ཡིན་ལ། དེ་མ་ཟད་མདོ་སྨད་དུ་བེ་རི་ཁྲི་སྐོར་གསུམ་དང་བེ་རི་རྒྱ་གླིང་དང་ཙོང་ཀའི་བེ་རི་ཞེས་པའི་མིང་རྙིང་པ་ཡང་མཐོང་རྒྱུ་ཡོད་པ་ལྟར་དང་། དེ་བཞིན་རྗེ་དཔོན་ལ་བྱས་པ་ནི་འཆད་འགྱུར་བར་ཁམས་བེ་རི་རྒྱལ་པོ་དང་། སྨད་ཁམས་ཏྲེ་བོའི་བེ་རི་དཔོན་ལྟ་བུ་ཡིན་ལ། ཡང་སྐབས་འགར་བེ་རི་ཞེས་པ་གང་ཟག་སྤྱིའི་མིང་དུ་བྱས་པའང་ཡོད་དེ། བོད་ཀྱི་ཡིག་རྙིང་《དབུ་ནག་མིའུ་འདྲ་ཆགས་》ཞེས་པར། “སྐྱ་བཀྲ་སྒང་ལ་བཅུད་བཞི་ཡོད། སྐྱང་དང་འུ་སི་མི་སུ་གསུམ། ཙོང་ཁ་བཟུང་བའི་བེ་རི་བཞི། སྐྱ་བཀྲ་སྒང་གི་བཅུད་བཞི་ཡིན།”① ཞེས་དང་། ཡང་“ད་བོད་མིན་རྣམས་ཀྱིས་སོ་ས་བགོས་པ། བེ་རི་མདོ་རི་སློག་ཀྱ་གསུམ། དབང་ཁ་ཀ་བཟུང་བའི་མི་གསུམ་ཡིན། ཟི་ན་ཟི་འདུ་མར་ཝེར་གསུམ། ཐབས་ཀྱིས་ཆེ་བའི་མི་གསུམ་ཡིན། བེ་རི་རོང་པོ་ཁྱུང་པོ་གསུམ། གྲགས་པ་ཅན་གྱི་མི་གསུམ་ཡིན། ”②ཞེས་སོགས་བེ་རིའི་མིང་ཐོབ་པ་གང་མང་ཞིག་མཐོང་རྒྱུ་ཡོད་པ་ལྟར་ཞིབ་ཏུ་དཔྱད་པར་རིགས་པའི་གནས་ཤིན་ཏུ་མང་བ་ཤེས་དགོས།    
             གཉིས་པ། བེ་རིའི་མི་སྡེ་དང་འབྱུང་ཁུངས་སྐོར་བཤད་པ།  
             དེ་ཡང་གོང་དུ་བཤད་པ་ལྟར་བེ་རི་ཞེས་པའི་མིང་ཐོབ་པའི་མི་སྡེ་དང་ཡུལ་གྲུ་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཡོད་འདུག་ལ། སྒོས་སུ་བོད་ཀྱི་ཡིག་རྙིང་དང་ཆོས་འབྱུང་རྣམ་ཐར་རྣམས་ལ་གཞིགས་ན། བེ་རི་ནི་ཐོག་མར་མདོ་སྨད་རྨ་ཆུའི་རྒྱུད་དང་ཙོང་ཁའི་ཡུལ་དུ་ཡོད་ཚོད་འདུག་སྟེ། གོང་དུ་ལུང་དྲངས་པའི་《མིའུ་འདྲ་ཆགས་》སུ་བེ་རི་མདོ་རི་སློག་ཀྱ་གསུམ། དབང་ཁ་ཀ་③བཟུང་བའི་མི་གསུམ་ཡིན། ཞེས་དང་ཡང་སྐྱ་དང་འུ་སི་འུ་མི་གསུམ། ཙོང་ཀ་བཟུང་བའི་བེ་རི་བཞི་ཞེས་བེ་རི་ནི་མདོ་སྨད་ཙོང་ཁའི་ཡུལ་གྲུ་བདག་ཏུ་བཟུང་བའི་མི་སྡེ་དང་པོ་ཡིན་པར་བཤད་ལ། དེ་མ་ཟད་《མཁས་པའི་དགའ་སྟོན་》དུའང་།“ཨ་མདོ་བ་ཕུར་ཚ་ནང་སོ། ཧོར་སེར་གྱི་རི་ཐང་གཉིས། བེ་རིའི་སེང་གེ་མི་ལོག་གི་ཡོན་མཆོད་སོགས།”①ཞེས་དང་། ཡང་“བེ་རིའི་ཁྲི་དཔོན་ཁག་གསུམ། སེང་གེ་མི་ལོག་གི་ཕུར་བ་ཐར་སོགས་ཀྱིས་..”②ཞེས་མདོ་སྨད་ན་བེ་རིའི་མི་སྡེ་ཡོད་པར་མ་ཟད་མིང་ལའང་སེང་གེ་མི་ལོག་ཅེས་པ་དང་། དེ་ལས་ཆེ་བ་བེ་རི་ཁྲི་དཔོན་ཁག་གསུམ་ཞེས་ཁྲི་དཔོན་གྱི་མིང་འཛིན་པའི་མི་སྡེ་ཁག་གསུམ་ཙམ་ཡོད་པར་བཤད་འདུག །ཡང་《ཀརྨ་རོལ་པའི་རྡོ་རྗེའི་རྣམ་ཐར་》དུའང་ཁོང་མདོ་སྨད་ཕྱོགས་སུ་ཕེབས་སྐབས་ལམ་བར་དུ་བེ་རི་རྒྱ་གླིང་ཞེས་པའི་མི་སྡེས་གདན་དྲངས་ཚུལ་སོགས་གསལ་པོར་བཀོད་འདུག་པ་ནི།“དེ་ནས་ཡུལ་སྐྱོང་ཁྲི་སྐོར་དང་བེ་རིའི་རྒྱ་གླིང་གིས་གདན་དྲངས་ཏེ། དེ་རུ་③མདོ་དང་། སོ་འཇམ་ཁ་གསུམ་དང་ཁྲི་ཁར་བྱོན་”④ཅེས་དང་། ཡང་“དེ་ནས་དབང་རྒྱལ་དབེན་ཤྲིས་⑤དམག་ཁྲི་ཕྲག་ཙམ་ཁྱེར་ནས། ཡུལ་སྐྱོང་ཁྲི་སྐོར་དང་བེ་རི་རྒྱ་གླིང་འདེབས་སུ་བྱུང་བ་ལ། ཞལ་ནས་བཟློག་གོ།”⑥ཞེས་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “དེ་ནས་སྙེ་བོ། པོ་བོ་རྣམས་བརྒྱུད་མདོ་ཁམས་ཀྱི་ལྷོ་ངོས་ནས་ལྷོ་ལུང་ཆེན་བཅོ་བརྒྱད། འདན་མ། གླིང་། བེ་རི་ལ་སོགས་པའི་བར་དུ་རྨ་ཆུའི་རྒྱུད་ཀྱི་སྐྱེ་བོ་སོ་སོས་སྤྱན་དྲངས་ཤིང་།”⑦ཞེས་   བེ་རི་ལ་སོགས་པའི་བར་དུ་རྨ་ཆུའི་རྒྱུད་ཅེས་ཡུལ་འདིར་བེ་རི་ཡུལ་སྐྱོང་ཁྲི་སྐོར་དང་བེ་རི་རྒྱལ་གླིང་ཞེས་པའི་མི་སྡེ་མི་ཆུང་བ་ཧོར་དམག་ཁྲི་ཕྲག་ཙམ་གྱིས་བཅོམ་ཉེ་ཡོད་པ་བཟློག་ཚུལ་བཅས་གསལ་བོར་བཀོད་འདུག །ཡང་མདོ་སྨད་དུ་བེ་རི་བྱ་བ་ཡོད་ཚུལ་དེ་ལས་གསལ་བ་ནི་ཁམས་སྤྲུལ་བཞི་པའི་《རང་རྣམ་》དུ། “ཆེ་རྒྱུད་ལྡོང་ལ་ཡོད། མང་སྣ་དབྲ་ལ་ཡོད། དཔའ་རྩལ་འདྲུ་ལ་ཡོད་པར་གྲགས་པའི་ནང་ནས་བདག་གི་རུས་ནི་ཆེ་རྒྱུད་སྨུག་པོ་ལྡོང་། རིགས་ནི་མདོ་ཁམས་བྱང་འབྲོག་གི་རྒྱལ་ཕྲན་རིགས་དྲག་པ་ཞིག་སྟེ། དེ་ཡང་རྨ་ཡུལ་གྱི་ས་ཡི་ཆ། བེ་རི་དམར་①དུ་གྲགས་པར་སྡོད་གནས་ཆགས་པས་བེ་རི་དང་།”② ཞེས་མདོ་སྨད་རྨ་ཡུལ་དུ་བེ་རི་དམར་བྱ་བའི་ཡུལ་གྲུའམ་དཔོན་ཁག་སྒེར་བཙན་པའི་རྒྱལ་ཕྲན་ལྟ་བུ་ཡོད་ཚུལ་སོགས་གསལ་པོར་བཀོད་འདུག་མོད། འོན་ཀྱང་ཡ་མཚན་དགོས་པ་ཞིག་ནི་དེང་སང་མདོ་སྨད་ཙོང་ཁ་དང་རྨ་ཡུལ་དུ་བེ་རི་ཁྲི་དཔོན་ཁག་གསུམ་དང་རྒྱལ་ཕྲན་མ་ཟད། བེ་རིའི་མིང་ཐོབ་པའི་མི་སྡེ་དང་ཡུལ་མིང་ས་མིང་གྲགས་ཆེ་བ་ཞིག་ཀྱང་མི་འདུག །འདིའི་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཤིན་ཏུ་མང་ཡང་ཁོ་བོར་མཚོན་ན་ལོ་རྒྱུས་ཀྱི་ཡིག་ཆ་དང་བློས་འཁེལ་བའི་རྒྱུ་ཆ་ད་སྔ་མ་རྙེད་པས་རེ་ཞིག་བཏང་སྙོམས་སུ་འཇོག་པ་ལས་འོས་མ་ཡོད་ལ། ཡང་བླ་མ་འགའ་རེའི་རྣམ་ཐར་སོགས་ལ་དཔྱད་   དེ་ཚོད་དཔག་ཙམ་བརྗོད་ན། བེ་རིའི་མི་སྡེ་རྣམས་ཐོག་མར་མདོ་སྨད་དུ་ཡོད་པ་ཕྱིས་སུ་ཧོར་སྡེ་རྣམས་སྔ་གཞུག་ཏུ་མདོ་སྨད་ཕྱོགས་སུ་འཁྱམས་ནས་ཡོང་བས་བེ་རི་ལྟ་བུའི་འབྲོག་པ་རྣམས་དེ་དག་དང་འཐབ་ཀྱང་མ་ཐུབ་ནས་མཐར་སྟོད་ཕྱོགས་སུ་རིམ་གྱིས་མཆེད་སོང་བ་ཨེ་ཡིན་སྙམ། གང་ཞེ་ན། ཁམས་སྤྲུལ་བཞི་པའི་རང་རྣམ་དུ་གོང་གི་ལུང་ཚིག་གི་མཇུག་ཏུ། “དཔའ་རྒོད་ཆེ་བས་དམག་གི་ལས་ཀ་མང་པོ་བྱས་ཏེ་ཧོར་གླིང་ཁྱུང་པོ་གསེར་ཚ་སོགས་མང་པོ་དང་འཁྲུག་ཀྱང་ཀུན་ལས་རྒྱལ་ཁ་ཐོབ་པ་དང་། ལྷ་ཆོས་བཞེངས་པའི་བཀྲ་ཤིས་དགེ་མཚན་དུ་མ་བྱུང་བ་དེ་ལ་བརྟེན་ནས་ཀུན་གྱིས་དགེ་རྒྱལ་དུ་བཏགས་པས་ལྡོང་བེ་རི་ཉ་མཚོ་དགེ་རྒྱལ་དུ་གྲགས།”① ཞེས་དང་། ཡང་། “དེ་སྐབས་སོག་པོའི་རྒྱལ་ཕྲན་ཨར་ས་ལང་གི་དམག་རྟ་ཁྲ་ཅན་དང་ཐུག་ནས་ཉིན་གསུམ་དུ་འཐབ་པས་ནུ་བོ་ཐུབ་པ་འབུམ་གྱིས་གཙོར་བྱས་དཔོན་གཡོག་བཅུ་གཅིག་བསད། སོག་དམག་ནས་བ་ཁེན་ཨེར་ཁེ་ཐའི་ཇི་དང་ཨོར་སྡེང་བ་ཐུར་ཁོ་ཤོས་ཆེ་དང་། གསོལ་དཔོན་ཤི་དར་ཇིའི་སང་གསུམ་གྱིས་གཙོར་བྱས་པའི་དྲུག་ཅུ་ཙམ་བསད་པས་དམག་གིས་རྒྱལ་ཁ་ཐོབ་ནས་སོག་དམག་ཕར་ལོག །དེ་ནས་ད་ལྟའི་སྡོད་གནས་ལྷོ་ཟླ་ངང་མའི་ཆུ་རྒྱུད་བཟུང་ཞིང་ཡུལ་འདིར་ལྷ་ཐོག་དང་ཚང་གསར་སོགས་མང་པོས་ས་བཟུང་ནས་དེ་དག་ཡུལ་གཞན་དུ་འཁྱར་བའི་མཐར་ལྷ་འདྲེའི་འཕྲུལ་བུར་གྲགས་པར་ལྡོང་བེ་རི་ཉ་མཚོ་དགེ་རྒྱལ་གྱིས་བཟུང་བས། གཏེར་མ་འགའ་ཞིག་ལས། ས་དགུ་ཤོར་གྱི་རྟིང་མ་ལྷ་འདྲེས་བཟུང་། །ཞེས་འབྱུང་བའི་ཐོག་ཏུ་ཁེལ་བར་གྲགས།”② ཞེས་ལྡོང་བེ་རི་ཉ་མཚོ་དགེ་རྒྱལ་དུ་གྲགས་པའི་མི་སྡེ་འདིས་སོག་རྟ་ཁྲ་ཅན་དང་འཐབ་སྟེ་རེ་ཞིག་རྒྱལ་ཡང་མཐར་ཡུལ་འཁྱར་ནས་ད་ལྟའི་སྡོད་གནས་དེང་སང་གི་ཟླ་ཆུའི་རྒྱུད་དེ་བར་ཁམས་ཕྱོགས་ཀྱི་ཡུལ་འདིར་ཆགས་ཚུལ་གསལ་པོར་བཀོད་ཡོད་ལ། དེས་ན་སྐབས་བབ་ཆབ་མདོའི་བེ་རི་དོན་ཡོད་རྒྱལ་གྱི་ཡང་མེས་རྣམས་ཀྱང་གོང་གི་བེ་རི་དང་མཉམ་དུ་མདོ་སྨད་ཡུལ་གང་ཞིག་ནས་ཕྱོགས་འདིར་མཆེད་ཡོང་བ་ཡང་ཡིན་སྲིད་དེ། གང་ཞེ་ན། 《ལྷ་ཐོག་རྒྱལ་རབས་》ཞེས་པའི་དཔེ་རྙིང་དེར། “དཔལ་རྩལ་སྟོབས་ཀྱིས་ཆེ་བ་དེ་སེ་ར་བུ་སྐྱིད་དང་། རེའུ་ཡབ་སྲས་ཀྱི་སྐུ་རིང་ལ་གླེང་ཆོག་པ་བྱུང་ནས་འབྲི་རྫ་སྒང་འདི་བཟུང་བ་ཡིན་ནོ། །དེ་སྐབས་ཤིག་ན་སྟོབས་ཆེན་བེ་རི་རྒྱལ་པོ་ཆོས་འབུམ་གྱིས་འགོ་འཚོས་ནས། བེ་རི་མི་བརྒྱ་རྟ་བརྒྱས་གནམ་གྱི་སྐར་མ་འབྲུ་དྲུག་མིན་པ་ཁ་ལ་བཏབ་ཀྱང་། ལྷ་ཐོག་གི་སྡེ་ཡུལ་གཡས་སུ་བཞག་ནས་མཐུན་འཇུག་བསྒྲུབ་ཕྱིར་བེར་ལྷ་གཉིས་པོ་ཉེ་བྱས།”① ཞེས་དང་། ཡང་། 《སྟག་ལུང་ཆོས་འབྱུང་ཁ་སྐོང་》དུའང་། “ལྷག་པར་མདོ་ཁམས་འདིར་ཡང་གློ་བུར་བསོད་ནམས་སྟོབས་ཤུགས་དྲག་ལ་མྱུར་བའི་བེ་རི་བུ་རྒྱལ་དོན་ཡོད་ཅེས་སྐབས་ཐོག་སྟོབས་ཀྱི་འཁོར་ལོ་བསྒྱུར་བའི་དབང་དང་།”② ཞེས་ཆབ་མདོའི་བེ་རི་ནི་གློ་བུར་སྐབས་ཤིག་ལ་རྒྱལ་པོ་ཆོས་འབུམ་བྱ་བས་རང་གི་མི་སྡེའི་མགོ་འཚོས་ཐོག །དམག་དཔོན་བློན་པོ་མི་བརྒྱ་རྟ་བརྒྱར་གྲགས་པ་རྣམས་ཀྱིས་སྒང་དྲུག་གི་ས་ཆ་ཐམས་ཅད་བཅོམ་བརླག་གིས་བདག་ཏུ་བཟུང་ཡང་། བེ་རི་དང་འདབས་འབྲེལ་བའི་ལྷ་ཐོག་རྒྱལ་པོ་ནི་དེ་དང་ཉེ་འབྲེལ་བྱས་ཡོད་སྟབས་ལོགས་སུ་བཞག་པ་ཙམ་ལས་དབང་འོག་ཏུ་མ་བསྡུས་ཚུལ་བཀོད་ཡོད། ལུང་ཚིག་འདི་གཉིས་ཀྱི་བརྗོད་སྟངས་ལ་བརྟགས་ན་སྐབས་ཤིག་ན་ཞེས་པ་དང་གློ་བུར་ཞེས་པ་ནི་བར་སྐབས་ཤིག་ཏུ་གློ་བུར་རམ་སྔོན་མེད་ཀྱི་ཚུལ་དུ་བྱུང་བ་ཡིན་པ་ཤུགས་སུ་བསྟན་ཅིང་། ཡང་སྟོབས་ཆེན་བེ་རི་རྒྱལ་པོ་ཆོས་འབུམ་གྱིས་མགོ་འཚོས་ནས་ཞེས་པ་ནི་སྔར་བེ་རིའི་མི་སྡེ་ཁ་འཐོར་དུ་ཡོད་པའམ་ཡང་ན་སྟོབས་ཤུགས་དེ་འདྲ་མེད་པ་རྒྱལ་པོ་འདིས་རང་གི་མི་སྡེའི་མགོ་འཚོས་ནས་སྟོབས་ཤུགས་ཆེན་པོར་ཆགས་པར་མ་ཟད། ཉེ་འཁོར་གྱི་མི་སྡེ་གཞན་དག་རྣམས་ཀྱང་བཙན་དྲག་གིས་བཅོམ་པ་དང་རིམ་གྱིས་ཡུལ་གྲུ་རྒྱ་ཆེན་པོ་དཔེར་ན་གནམ་གྱི་སྐར་མ་འབྲུ་དྲུག་མིན་པའི་ས་ཐམས་ཅད་དེ་མདོ་ཁམས་སྒང་དྲུག་ཚང་མ་དབང་འོག་ཏུ་བསྡུས་ཚུལ་བཅས་བཀོད་འདུག་པ་འདི་ཡིན། 
             ཡང་གོང་སྨྲས་བཞིན་བེ་རིའམ་བེ་རི་ཁྲི་སྐོར་གསུམ་ཟེར་བ་རྣམས་ཐོག་མར་ཕལ་ཆེར་མདོ་སྨད་ཡུལ་དུ་ཡོད་ཚོད་འདུག་ལ། དེས་ན་ས་པཎ་སྨད་ཕེབས་ཀྱི་སྐབས། “ངས་བི་རི་ཁྲིད་ནས་ངོ་བལྟས། འདིར་ཤིན་ཏུ་ངོ་བལྟ་ལེགས་པས། སྟོད་མངའ་རིས། དབུས་གཙང་བ་རྣམས་ངོ་བལྟས། བི་རི་ཐ་ཐད་ཚོ་ཡང་ངོ་བལྟ་བར་ཡོད་བྱས་པས། ད་བར་ལ་དམག་མ་སོང་བ་དེས་ཕན་པ་ཡིན་ཏེ། སྟོད་ཀྱི་མི་རྣམས་དེ་ཚོ་མི་ཤེས་ཏེ་མཆིས།”① ཞེས་པའི་བི་རིའམ་བེ་རི་དེ་ཡང་སྔར་ཁོ་བོས་དེང་སང་གི་ཆབ་མདོའི་བི་རི་འདི་ཡིན་ཤག་བྱས་པར་མ་ཟད། དེ་ལ་ཞིབ་འཇུག་གནད་དུ་ཕིགས་པ་བྱ་འདོད་ཀྱིས་ཆེད་དུ་ཁམས་སུ་བསྐྱོད་ནས་ཞིབ་འཇུག་དང་འབྲེལ་བོད་ཡིག་གི་ཡིག་ཚང་མང་པོ་ཞིག་ཀློག་སྐབས། ཡང་ཁོ་བོའི་སྔར་གྱི་དམ་བཅའ་དེའང་བྱེ་མའི་འཆང་བུར་འགྱུར་ཉེ་ཡོད་པ་ཚོར། གང་ཞེ་ན། ས་པཎ་གྱིས་ཁྲིད་པའི་བི་རིའམ་བེ་རི་དེ་ནི་དེང་སང་གི་ཆབ་མདོའི་བེ་རིའི་སྡེ་འདི་ཡིན་པར་ཐེ་ཚོམ་མི་ཟ་ཐབས་མེད་བྱུང་། རྒྱུ་མཚན་ནི་ཆབ་མདོའི་བེ་རི་འདི་གཙོ་བོ་བེ་རི་རྒྱལ་པོ་ཆོས་   འབུམ་བྱ་བ་ནས་མི་སྡེ་མགོ་འཚོས་ཏེ་བེ་རི་མི་བརྒྱ་རྟ་བརྒྱ་①ཟེར་བའི་དམག་དཔོན་བཙན་དྲག་ཅན་དག་གི་སྟོབས་ཤུགས་ལ་བརྟེན་ནས་བེ་རི་རྒྱལ་པོ་དོན་ཡོད་རྒྱལ་བར་དུ་མི་རབས་གསུམ་ཙམ་ལ་བར་ཁམས་སུ་དབང་སྒྱུར་བྱས་པ་ཡིན་ལ། དེའི་སྔོན་དུ་བེ་རི་འདི་ལ་བཤད་རྒྱུན་ཙམ་ལས་②ལོ་རྒྱུས་གང་ཡང་བཙལ་རྒྱུ་མི་རྙེད། དཔེར་ན། ལྷ་ཐོག་རྒྱལ་པོ་ལྟ་བུ་ཡིན་ན་སྔོན་བོད་བཙན་པོའི་དུས་སྐབས་ནས་བར་ཁམས་ཕྱོགས་འདིར་ཡོད་ཚུལ་ཁོང་ཚོའི་《ལྷ་ཐོག་རྒྱལ་རབས་》སོགས་③སུ་བཀོད་ཡོད་པ་ལྟར་དང་། དེ་ལས་བེ་རི་ལ་མཚོན་ན་དེ་ལྟ་བུའི་ལོ་རྒྱུས་རིང་མོ་གླེང་རྒྱུ་མི་འདུག་ལ། ཡིག་རིས་སུ་བཀོད་པའང་མི་མཐོང་བར་འདུག །  
             འོན་ཀྱང་ས་པཎ་གྱིས་ཁྲིད་པའི་བེ་རི་མདོ་སྨད་དུ་ཡོད་པ་བྱས་ན་ཡང་དཀའ་ངལ་ཞིག་ཕྲད་པ་ནི་གོང་དུ་སོང་བའི་བེ་རི་ཁྲི་སྐོར་དང་བེ་རི་རྒྱ་གླིང་། བེ་རི་དམར། ཙོང་ཀའི་བེ་རི་ལྟ་བུའི་མིང་ཙམ་ལས་ད་ལྟ་དེའི་རྒྱུད་པ་དང་ཡང་ན་སྡེ་ཚོ་ས་ཆ་འདི་ཡིན་ཟེར་བའི་ཡུལ་སྡེ་ཞིག་མཛུབ་མོ་འཛུགས་རྒྱུ་མེད་སྟབས། དེ་ལའང་   འགྲེལ་བཤད་རྒྱག་ཁག་པོ་བྱུང་འདུག་ན། ཁོ་བོས་མུ་མཐུད་ནས་རྒྱུ་ཆ་བཙལ་ཏེ་ཞིབ་འཇུག་བགྱི་བ་མ་གཏོགས་ད་ལྟ་འདི་ཡིན་འདི་མིན་ཞེས་ཁ་ཚོན་གཅོད་མི་ནུས་པས་རེ་ཞིག་བེ་རི་སྔོན་མའི་ལོ་རྒྱུས་འདི་ཙམ་ཞིག་དྲན་སློང་གི་ཚུལ་དུ་ཞུས་པ་ལགས།      
             གསུམ་པ། གཙང་སྲིད་སྐབས་ཀྱི་བར་ཁམས་བེ་རི་རྒྱལ་པོའི་སྐོར་བཤད་པ།
             དེ་ཡང་ང་ཚོས་དུས་རྒྱུན་པར་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྣམས་སུ་བེ་རིའམ་བེ་རི་རྒྱལ་པོ་ཞེས་པའི་མིང་མཐོང་དུས་རྟག་པར་གཙང་པ་སྡེ་སྲིད་སྐབས་ཀྱི་བེ་རི་རྒྱལ་པོ་དོན་ཡོད་ཅེས་པའི་ལོ་རྒྱུས་དང་མིང་ལ་འབྲེལ་བ་བྱས་ཏེ་རྗོད་བཞིན་ཡོད་ལ། དེའང་གཙོ་བོ་བར་ཁམས་བེ་རི་རྒྱལ་པོ་དང་སྒོས་སུ་བེ་རི་རྒྱལ་པོ་དོན་ཡོད་རྒྱལ་ནི་དུས་སྐབས་དེ་ལ་བོད་ཀྱི་ལོ་རྒྱུས་སྤྱིའི་ཐད་ལ་བྱས་པ་འདྲ་མིན་སྣ་ཚོགས་འཇོག་མྱོང་མཁན་ཞིག་ཡིན་པར་མ་ཟད། ཆོས་ཕྱོགས་སུ་བན་བོན་གྲུབ་མཐའི་ལ་རྒྱ་དང་རྒྱལ་པོ་རང་གི་བྱས་ཉེས་བཅས་ལ་བརྟེན་བེ་རི་རྒྱལ་པོ་ནི་ཆབ་མདོ་ཤེས་རབ་ཀྱིས་བཤད་པ་ལྟར། བཟང་གྲགས་ངན་གྲགས་ཇི་ལྟར་བྱས་ཀྱང་རུང་གང་ལྟར་མིང་གྲགས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་བསྙོན་དུ་མེད་ལ། དེ་ལྟར་གོང་དུ་སྨྲས་པ་བཞིན་བར་ཁམས་བེ་རི་རྒྱལ་པོའམ་བེ་རི་དོན་ཡོད་རྒྱལ་གྱི་ཡང་མེས་ནི་སྟོབས་ཆེན་བེ་རི་རྒྱལ་པོ་ཆོས་འབུམ་བྱ་བ་ཡིན་དགོས་འདུག །ཁོ་པས་རང་སྡེའི་མགོ་འཚོས་ནས་འོག་གི་དཔོན་བློན་ནམ་དམག་དཔོན་བེ་རི་མི་བརྒྱ་རྟ་བརྒྱར་གྲགས་པའི་བཙན་ཤུགས་ལ་བརྟེན་ནས་“གནམ་གྱི་སྐར་མ་འབྲུ་དྲུག་མིན་པ་ཁ་ལ་བཏབ་སྟེ་ཐོག་མར་ཉེ་འཁོར་ལྷ་ཐོག་མིན་པ་སྨར་ཁམས་སྒང་དང་ཚ་བ་སྒང་སོགས་རང་གི་དབང་འོག་ཏུ་བཅུག་ཅིང་། དེའི་འོག་ཏུ་བེ་རི་དཔོན་ཀླུ་བཙན་དང་ཨ་འཕན་རྒྱལ་བ་བ་བྱུང་ནས། ལྡན་ཆོས་འཁོར་སོགས་སུ་བཀུར་སྟི་བགྱིས། ཕྱི་མའི་བུ་དོན་ཡོད་རྒྱལ་བྱ་བས་ཆོས་འཁོར་དགོན་དུ་ལྷ་ཁང་བཞེངས་པ་སོགས་བྱས་ཀྱང་། རྗེས་སུ་བེ་རིའི་དཔོན་རྒན་དེ་སྣང་ཞིག་བོན་པོ་བྱ་བའི་བོན་པོ་ཞིག་གིས་བསླུས་ཏེ་ལོག་པའི་ལམ་དུ་ཞུགས། ཆོས་མིན་བྱ་བ་མང་པོ་བྱས་”①ཤིང་། སྒོས་སུ་རྒྱལ་བུའི་རིང་“བེ་རི་རྒྱལ་བུ་དོན་ཡོད་ཅེས་སྐབས་ཐོག་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་དབང་དང་། ལངྒའི་རྒྱལ་པོའི་དཔའ་ངར་ལ་འགྲན་པ་དེས་ལས་དབང་ཚན་ཤུགས་ཆེན་པོས་སྨར་ཁམས་ལྗང་རྒྱལ་པོའི་རྒྱལ་ཁམས་ཡན་ལ་རིམ་པར་དབང་བསྒྱུར་ཞིང་། འཇང་སོག་པོ་སོགས་ལའང་དམག་འཁྱེར་སོགས་ཁམས་ཕྱོགས་འདིར་གླང་ཆེན་སྨྱོན་པའམ་སེང་གེ་སྲབ་མེད་འཕྱོ་བ་ལྟ་བུའི་ཆུ་དྲུག་སྒང་ལྔར་འཁོད་པའི་ལུས་ཅན་མཐའ་དག་བུ་རྒྱལ་གྱི་ཁྲིམས་ལས་ནམ་ཡང་འདའ་བར་མི་སྤྱོད་ཅིང་། དབུས་གཙང་ཁམས་གསུམ་གྱི་རྒྱ་པ་སོགས་ཚོང་རིགས་ཕྱོགས་འགྲོས་རྣམས་ཀྱང་སྨར་ཁམས་བརྒྱུད་འགྲོ་བ་གཤིན་རྗེའི་གྲོང་ཁྱེར་བགྲོད་པ་ལྟ་བུའི་བག་ཟོན་དགོས་པའི་སྐབས་”②བྱུང་བ་དང་། དེའི་དུས་སུ་བེ་རིའི་མངའ་ཁོངས་ནི་《རག་ར་ཆོས་འབྱུང་》ལས། “གཙང་རྒྱལ་རྣམས་དང་དུས་མཚུངས་སུ་ཁམས་ལ་བེ་རི་ཤེད་རྒྱས་དོན་ཡོད་རྒྱལ་དུས་སྟོད་དགེ་རྒྱས་རྫ་དཀར་ནག་ནས་སྨད་མེ་ཉག་ལ་ཐུག་པའི་བར་ལ་མདོ་ཁམས་སུམ་ཉིས་དབང་དུ་བསྡུས་པས་དྲག་བཙན་ཕལ་ཆེར་ཀྱང་འདི་པའི་དབང་ཡིན་པ་ཤས་ཆེ་ལ། གོང་ས་ལྔ་པ་དགུང་ལོ་བརྒྱད་ཙམ་བཞེངས་སྐབས་སོག་པོ་གཞུང་དྲུག་ནང་ཞིག་བྱུང་དུས། དེ་ནས་བྲོས་པ་རྣམས་ཁལ་ཁའི་ཁྲོད་སོང་བ་སྡེ་ཕན་ཚུན་རྩོད་པའི་རྐྱེན་གྱིས་ཆོག་ཐུ་དཔུང་བཅས་སྤྱུགས་པས་མཚོ་ཁར་འོངས་ནས། ཐུ་མེད་དཔོན་བློན་གྱི་ལས་སྐལ་རྫོགས་པ་དང་བཅས་བྱ་རྡོ་ལམ་ཕྲད་ལྟ་བུས་མིང་གི་ལྷག་མར་བཏང་སྟེ་མཚོ་ཁའི་འབངས་རྣམས་ཀར་སོག་རྟ་ཁྲ་ཅན་གྱིས་བདག་བྱས། རེ་ཞིག་མངའ་ཐང་ཆེ་བར་བྱུང་། ཤིང་ཕག་ལོར་བོད་དུའང་གཡུལ་བཤམས་ཤིང་དགེ་བསྟན་ལ་ཉམས་ཆག་འབྱུང་ཉེ་ལ་ལྔ་པ་ཆེན་པོས་དབང་སྡུད་སོགས་རིམ་གྲོ་མཛད་དེ་བཟློག་སྟེ་ཚབས་སུ་མ་གྱུར། མར་ལམ་ཁམས་ནས་འཕྲོག་བཅོམ་བྱེད་བཞིན་ཕྱིན་པས་རྟ་ཁྲ་ཅན་ཟེར་བ་དེ་དུས་ཡིན། དེ་སྐབས་བེ་རི་ཡང་དགྲ་རྐང་ཧྲག་པས་འཇོམས་མ་ནུས་པར་ཆོག་ཐུའི་བུ་ཨར་ས་ལང་དམག་དཔོན་དུ་ཡོད་པ་དཔོན་བློན་ནང་ཞིག་གིས་གསོད་རེས་བྱས།”① ཞེས་གསུངས་པ་ལྟར་བེ་རྒྱལ་དོན་ཡོད་རྒྱལ་གྱི་སྐབས་བོད་ཡུལ་དབུས་གཙང་དང་མདོ་ཁམས་མ་ཟད། ཐ་ན་ཀླ་ཀློའི་དཔུང་ཚོགས་སོག་པོ་རྟ་ཁྲ་ཅན་ཟེར་བ་དང་འཇང་ས་དམ་རྒྱལ་པོ་སོགས་ལའང་དགྲར་ལང་ཐུབ་མཁན་དང་དབང་འོག་ཏུ་བསྡུས་ཏེ་བཙན་དྲག་གིས་ཕལ་ཆེར་ལ་དབང་བསྒྱུར་བ་ཞིག་ཡོད་འདུག །      དེ་ལྟར་བོད་ན་སྐད་གྲགས་ཡོད་པའི་བེ་རི་རྒྱལ་པོ་ནི་དེང་སང་ཆབ་མདོའི་ཁོངས་ཀྱི་སྨར་ཁམས་སྒང་གི་བེ་རི་རྒྱལ་པོ་མི་ཐོག་གསུམ་ཙམ་གྱི་ལོ་རྒྱུས་དང་། ཁྱད་པར་དུ་བེ་རི་དོན་ཡོད་རྒྱལ་བྱ་བའི་སྐབས་བེ་རིའི་མངའ་ཐང་དང་སྟོབས་ཤུགས་དར་བའི་རྩེར་སོན་པའི་དུས་ཡིན་པར་མ་ཟད། བེ་རྒྱལ་དོན་ཡོད་རྒྱལ་གྱི་བྱས་པས་བོད་སྤྱིའི་ལོ་རྒྱུས་ལ་ཤུགས་རྐྱེན་ཐེབས་པའི་དོན་རྐྱེན་མང་པོ་བྱུང་བའི་དབང་གིས་བེ་རྒྱལ་འདི་པ་དེ་ལས་ཀྱང་སྐད་གྲགས་ཡོད་ཅིང་། དེ་དང་འབྲེལ་བའི་ལོ་རྒྱུས་དང་བཤད་རྐྱུན་བཟང་ངན་གཉིས་ཀ་ཡང་བོད་ཡུལ་དང་སྒོས་སུ་བར་ཁམས་ཕྱོགས་སུ་མང་པོ་གོ་རྒྱུ་ཡོད་ལ། ཡང་བེ་རི་རྒྱལ་པོའི་ལོ་རྒྱུས་ཁ་ཚང་དང་དམངས་ཁྲོད་ཀྱི་བཤད་རྒྱུན་དང་བཅས་པ་ཕྱོགས་བསྡུས་ཀྱིས་བྲིས་ན་པོད་རྒན་ཞིག་ཀྱང་ལོང་སྲིད་ཀྱང་། འོན་ཏེ་ཁོ་བོས་སྐབས་དོན་བེ་རི་དོན་ཡོད་རྒྱལ་གཙོས་པའི་བྱུང་བ་གཙོ་ཆེ་བ་འགའ་བརྗོད་པ་མ་གཏོགས་ལོ་རྒྱུས་ཁ་ཚང་འབྲི་བའི་འགན་ནུས་གང་ཡང་མེད་སྟབས་དེའི་སྐོར་རྗེས་འཇུག་བློ་གསལ་རྣམས་ཀྱི་བགོ་སྐལ་དུ་འཇོག་པ་ལས་འོས་མེད། དེ་ལྟར་བེ་རི་དང་ཆབ་མདོ། བེ་རི་དང་རི་བོ་ཆེ། བེ་རི་དང་བྲག་གཡབ། བེ་རི་དང་སྒ་སྟོད། བེ་རི་དང་ནང་ཆེན། བེ་རི་དང་འབའ་པ། བེ་རི་དང་འཇང་སོགས་ཉེ་འབྲེལ་ཚོ་པ་དང་མི་སྡེ་ཕན་ཚུན་འཁྲུག་ཚུལ་སྐོར་སོགས་ཆབ་མདོ་ཤེས་རབ་ཀྱིས་བརྩམས་པའི་《ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ་》དང་ཕྱི་གླིང་གི་མཁས་པ་ཕེ་ཐར་ཧྲི་ཝེ་རྒར་(PETER SCHWIEGER)ནས་བྲིས་པའི་《བེ་རི་རྒྱལ་པོའི་རྣམ་ཐར་ལ་དཔྱད་པ་》(Towards  a  Biography  of Don-yod  rdo-rje,  King of Bi-ri)ཞེས་པའི་ནང་ཅུང་རྒྱས་པར་བཀོད་ཡོད་པས། འདིར་ཁོ་བོས་ཀྱང་བསྐྱར་བཟློས་ཀྱི་ངལ་བ་མི་བགྱི་ལ། གཤམ་དུ་བེ་རི་རྒྱལ་པོ་དོན་ཡོད་རྒྱལ་གཙོས་པའི་བྱུང་བ་གཙོ་ཆེ་བ་འགལངོ་སྤྲོད་ཙམ་འགོད་རྒྱུ།    
             (གཅིག) རྒྱལ་རྒྱུད་དང་གནས་ཡུལ།   
             དེ་ཡང་གོང་དུ་སོང་བ་བཞིན་བེ་རིའི་གདུད་རྒྱུད་ནི་ལྡོང་བེ་རི་ཡིན་འདུག་ལ། ཡང་ལྷ་ལྡོང་དཀར་པོའི་གདུང་རྒྱུད་ཡིན་ཚུལ་ཡང་ཡོད་མོད། གང་ལྟར་བེ་རིའི་རྒྱལ་རྒྱུད་ནི་བེ་རི་ཆོས་འབུམ་བྱ་བ་ནས་བགྲང་དགོས་པར་བསམས་ཤིང་། དེའི་སྔོན་དུ་ཕག་གྲུའི་སྐབས་སུ་བེ་རི་རྩ་འབུམ་ཟེར་བ་ཡོད་སྐད་དེ། ཡིག་ཆ་ཁུངས་ཐུབ་ལས་མ་མཐོང་བྱས་ཡིད་རྟོན་པར་དཀའ་སྙམ། དེས་ན་བེ་རི་ཆོས་འབུམ་ལ་བུ་གཉིས་ལས་ཆེ་བ་བེ་རི་ཀླུ་བཙན་དང་ཆུང་བ་བེ་རི་ཨ་འཕན་རྒྱལ་བྱ་བ་ཡིན་ཚོད་འདུག །ཨ་འཕན་རྒྱལ་གྱི་བུ་བེ་རི་དོན་ཡོད་རྒྱལ་ཡིན་ཚུལ་གོང་དུ་ཞུ་ཆེན་གྱི་གསུང་ལུང་དྲངས་པ་ལས་ཕྱི་མའི་བུ་དོན་ཡོད་རྒྱལ་ཞེས་བྱ་བ་ཞེས་པས་གསལ་པོར་བཀོད་ཡོད་ལ། དེ་མ་ཟད་《ཞལ་སྔ་ཆོས་འབྱུང་》དུའང་འཕགས་པ་ལྷ་མཐོང་བ་དོན་ལྡན་གྱི་རྣམ་ཐར་བརྗོད་སྐབས། “བེ་རི་རྒྱལ་པོས་ཚ་བ་སྟོད་སྐུ་ལྷ་ངང་ཡག་གི་འདབ་ཞོལ་དུ་གདན་དྲངས། རྒྱལ་པོ། རྒྱལ་མོ། སྲས་དོན་ཡོད་རྒྱལ།”① ཞེས་གསལ་པོར་བཀོད་ལ། འདིའི་བེ་རི་རྒྱལ་པོ་ནི་བེ་རི་ཨ་འཕན་རྒྱལ་ལ་གོ་དགོས་པར་བསམས། དེ་མིན་དོན་ཡོད་རྒྱལ་ལ་ད་དུང་སྲིང་མོ་བེར་བཟའ་ལྷ་མཚོ་ཟེར་བ་ཞིག་ཀྱང་ཡོད་འདུག་ལ། ཐོག་མར་རི་བོ་ཆེའི་དཔོན་ཚང་ཁྲོ་བོ་རྒྱལ་མཚན་ལ་གནས་སོང་བ་ཕྱིས་དཔོན་འདས་པས་བེར་བཟའ་ལྷ་མཚོ་གཞན་དང་འདུ་མ་འདོད་ནས་ཉེ་ལོག་པ་ལ་བརྟེན་རི་བེའི་བར་འཁྲུག་པའང་བྱུང་འདུག།དེའི་སྐོར་《སྟག་ལུང་ཆོས་འབྱུང་ཁ་སྐོང་》དུ་“(རི་བོ་ཆེ་) སྡེ་འདིའི་བསོད་ནམས་དམར་ཕྱོགས་ལ་མྱུར་བའི་ཟླ་བའམ་སྣུམ་ཟད་ཀྱི་མར་མེ་ལྟར་གྱུར་པའི་མཐུས་དཔོན་ཚང་ཁྲོ་བོ་རྒྱ་ལ་མཚན་གཤེགས་པའི་ལྕམ་བེར་མོ་ཡུག་ཏུ་ལུས་པ་རིན་ཆེན་རྒྱལ་མཚན་དང་འདོད་མ་གཅིག་པའི་ངན་སྤྱོད་སྣ་ཚོགས་དང་བཅས་རང་ཡུལ་དུ་བྱེར་བ། བུ་རྒྱལ་གྱི་ཞེ་ལ་གནག་པའི་རི་ཆེའི་ཇ་པ་བསྒག་ལེན་བྱས་པ།་་་‘..ཆུ་བ་ཟླ་བ་བརྒྱད་པའི་ཚེས་དྲུག་ལ་བེ་རིའི་དཔུང་ཆེན་ལྷགས་ཏེ་མཁར་འབེལ་མདོའི་དུས་འགྱུར་དེ་བྱུང་ཞིང་།”② ཞེས་བཀོད་པ་ལྟར་གྱི་གནས་ཚུལ་ཡང་བྱུང་མྱོང་འདུག །བེ་རྒྱལ་དོན་ཡོད་རྒྱལ་ལ་ད་དུང་སྲས་སྟོབས་རྒྱལ་ལམ་གཡུང་དྲུང་སྟོབས་རྒྱལ་བྱ་བ་ཞིག་ཀྱང་ཡོད་འདུག་ལ། སྲས་མོ་ཞིག་ཡོད་པ་དེའི་ཕྱིས་སུ་ཚ་བ་སྒང་གི་ཤར་རྩ་ཚང་དང་གཉེན་བསྡེབས་ནས་མི་རབས་དུ་མར་བེ་རིའི་དཔོན་དུ་བསྐོས་པར་བཤད་མོད། ཡིག་ཚང་ཁུངས་ཐུབ་མ་མཐོང་བས་ངག་རྒྱུན་ལྟར་བཀོད་པ་ཡིན་ལ། དེ་ནས་བེ་རི་མི་སྡེ་ཆབ་མདོའི་འདུ་ར་བླ་ལྔའི་ཁོངས་སུ་བཅུག་སྟེ་རྫོང་དཔོན་བྱ་བ་མངགས་པར་བཤད་འདུག །“བེ་རི་རྫོང་དཔོན་ནི་ལོ་གྲངས་རྒྱས་བཅད་ཆབ་མདོ་ཚང་གིས་བསྐོ་གཏོང་བྱེད་དགོས་པ་དང་། དེ་དང་ཤར་རྩ་ཚང་གཉིས་ཟུང་འབྲེལ་གྱིས་བེ་རིའི་སྡེ་འགོ་འཚོས་ཤིང་། དེ་ནས་བཟུང་བེ་རིའི་དཔོན་ལ་རྒྱལ་པོའི་མིང་མེད་པར་ཤར་རྫོང་གཉིས་ཞེས་འབོད་སྲོལ་དར། དོན་ལ་མི་ལོ་སུམ་བརྒྱ་ལྷག་རིང་ཤར་རྫོང་ཟུང་འབྲེལ་གྱིས་བེ་རིའི་སྲིད་དབང་འཛིན་སྐྱོང་གནང་འདུག་”①པ་ཡིན་ཟེར།  
             ཡང་འདིར་རྫོང་དཔོན་ཟེར་དུས་ང་ཚོའི་ཡིད་ལ་མཁར་རྫོང་ཡོད་སའི་དཔོན་པོ་ཞིག་ལ་གོ་འདུག་མོད། བེ་རིའི་རྫོང་དཔོན་ཟེར་བ་ནི་ཁོ་བོ་དེར་བཅར་སྐབས་བཙལ་འདྲི་བྱས་འབྲས་སུ། ཆབ་མདོ་ཚང་གིས་མངགས་པའི་དཔོན་རིགས་རྫོང་དཔོན་གྱི་མིང་ཐོབ་ཡོད་པ་ལྟ་བུ་ཙམ་ལས་དོན་དུ་ཤར་རྩ་ཚང་དང་བེ་རི་ལྷ་བརྒྱ་གྲྭ་ཚང་རྫོང་དཔོན་བཅས་འབྲོག་པའི་རུ་ཁྲོད་དུ་སྦྲ་རྒན་རེ་ཕུབ་ནས་ཡོད་པ་མ་གཏོགས་མཁར་དང་ཕོ་བྲང་ཟེར་རྒྱུ་མེད་ལ། སྔར་དེ་དག་གི་སྦྲ་ཤུལ་འདི་ཡིན་ཞེས་ད་ལྟའི་བེ་རི་ལྷ་བརྒྱ་གྲྭ་ཚང་གི་འཁྲིས་སུ་སྟོན་རྒྱུ་ཡོད་པ་ལྟར་དང་། དེ་མིན་བེ་རི་རྒྱལ་པོའི་སྐབས་ཀྱང་རྒྱལ་ས་དང་ཕོ་བྲང་ཟེར་རྒྱུ་མེད་འདུག །བུ་ཚང་གི་སྦྲ་རྒན་ཟེར་བ་རྒྱལ་པོའི་སྡོད་གནས་ཀྱང་སྦྲ་ནག་ཡིན་འདུག་པར་བཤད། དེས་ན་བེ་རི་དོན་ཡོད་རྒྱལ་སྐབས་ཀྱི་སྦྲ་ཤུལ་གང་ཡིན་ཞེ་ན། ཁོ་བོ་དེ་ཕྱོགས་སུ་ངོ་འདྲིར་ཕྱིན་སྐབས་ཡུལ་མི་ཚོས་རྔམ་རིང་སུམ་མདོ་ཟེར་ས་ཡིན་པ་ད་ལྟ་གོ་འཇོའི་འབྲོག་པ་དང་བེ་རིའི་བར་མཚམས་རྔམ་རིང་གཞུང་ནས་འབབ་པའི་རྔམ་ཆུ་དང་ཆུ་གཉིས་མདོ་ནས་འབབ་པའི་རེ་ཆུ་འདྲེས་མདོ་དེ་ཡིན་པར་བཤད་ལ། ཁོ་བོ་དག་དེ་གར་   བལྟར་ཕྱིན་མྱོང་ལ་ད་ལྟ་སྦྲ་ཤུལ་ཡིན་ཟེར་སར་མཆོད་རྟེན་ཞིག་བརྒྱབ་ཡོད་པ་མ་གཏོགས་གཞན་འབྲོག་པའི་རུ་བ་ལས་ཅི་ཡང་མི་འདུག་ལ། དེའི་རྒྱབ་རི་དེ་བེ་རི་རྒྱལ་པོའི་བླ་རི་ཡིན་པས་སྔོན་དུས་རི་སྟེང་དུ་བོན་པོའི་དགོན་པ་རྒྱལ་ཆེན་ཕོ་བྲང་ཞེས་པ་ཞིག་ཀྱང་ཡོད་ཟེར་ཞེས་དེ་གའི་མི་རྣམས་སྨྲའོ །  
             དེ་ཡང་ཡིག་ཚང་རྣམས་ལ་བལྟས་ན་ར་འཕྲོད་ཐུབ་སྟེ། 《མཁས་གྲུབ་ཆགས་མེད་པའི་རང་རྣམ་》ལས། “བསམ་འགྲུབ་རྒྱལ་མོ་ཁྲི་སྐོར་གྱི། །སྡེ་རྣམས་འཐོར་བའི་རྩིག་ར་དང་། །བེ་རི་རྒྱལ་པོའི་ཐབ་ཀ་མཐོང་། །འདུས་བྱས་ཐམས་ཅད་མི་རྟག་ཅིང་། །སྙིང་པོ་མེད་པའི་ངོ་སྤྲོད་བྱུང་། །སྐྱོ་བ་སྐྱེས་པའི་མགུར་ཡང་བྱས། །ཕྱིར་ལམ་རྔམ་ཆེན་གཞུང་དུ་ཞག །རྨི་ལམ་འཁྲུལ་བའི་སྣང་བ་ལ། །བེ་རི་རྒྱལ་པོ་དོན་ཡོད་རྒྱལ། །ཁོ་བོའི་དྲུང་དུ་བྱུང་ནས་ནི། །བྲག་འདིར་བསེན་མཁར་བསྟོད་རོགས་ཟེར། །དེ་བྱས་ཁོ་བོའི་བླ་དེ་ནི། །བྲག་དཀར་དེ་ལ་འཁོར་རམ་སྙམ། །”ཞེས་དང་། ཡང་། “དེ་ནས་འཛི་རྒྱལ་སྒ་བྲོ་ཞེས། །བེ་རི་རྒྱལ་པོའི་བླ་རི་ནི། །མཐོང་བའི་ས་རུ་སླེབས་པ་དང་། །གནམ་རྩུབ་གློ་བུར་སེར་ཕྲན་བྱུང་། །བན་བོན་ལྷ་རུ་ཡིན་པར་གོ། དེ་ནས་བྲག་དཀར་མདོ་རུ་སླེབས། །”① ཞེས་སྔར་གྱི་ས་མིང་རྔམ་ཆེན་གཞུང་དང་། འཛི་རྒྱལ་སྒ་བྲོ། བྲག་དཀར་མདོ་སོགས་ད་ལྟའང་སྟོན་རྒྱུ་ཡོད་པས་བར་ཁམས་བེ་རི་རྒྱལ་པོའི་གནས་ཡུལ་ནི་སྨར་ཁམས་སྒང་རིང་མོའི་དབུས་རྔམ་ཆེན་གཞུང་གི་ཕྱོགས་འདི་ཡིན་པ་བསྙོན་དུ་མེད་ལ། དེ་མིན་སྔར་ཁོ་བོ་སོགས་ཀྱིས་ཆབ་མདོའི་བེ་རི་རྒྱལ་པོ་དང་ཏྲེ་བོའི་བེ་རི་དཔོན་གཉིས་ནོར་སོང་བ་ལ། ཆབ་མདོ་ཤེས་རབ་ཀྱིས་འཁོར་གསུམ་ལན་མང་དུ་འཕངས་འདུག་པ་རྟགས་གྲུབ་པས་དེའི་སྐོར་ཁོ་བོས་གོང་དུ་ཞུས་ཟིན་པ་བཞིན་སྔར་ནས་ནོར་བཅོས་བྱས་ཡོད་པ་ལྟར་འདིར་དེ་ཙམ་ལས་རྒྱས་པར་གླེང་དགོས་མི་འདུག་གོ།   
             (གཉིས།) ཆོས་དད་དང་གྲུབ་མཐའ།  
             དེ་ཡང་བེ་རིའི་མི་སྡེ་དང་བེ་རི་རྒྱལ་པོའི་ཆོས་དད་དང་གྲུབ་མཐའི་གནས་ཚུལ་གང་འདྲ་ཞིག་རེད་བསམས་ན། བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་པོའི་ནང་བེ་རི་རྒྱལ་པོ་དོན་ཡོད་རྒྱལ་ལམ་ཡང་ན་བེ་རི་དཔོན་རྒན་གང་ཞིག་གི་སྐབས་ནས་བོན་པོའི་བླ་མ་སྣང་ཞིག་བོན་པོ་ཟེར་བ་ཞིག་གིས་བསླུས་ཏེ་བོན་ཆོས་ལ་དད་པ་བྱས་པར་མ་ཟད། ཆོས་ལུགས་གྲུབ་མཐའ་གཞན་དག་ཐམས་ཅད་བསྒྱུར་བཀོད་བྱས་པ་བཅས་ཀྱི་སྐོར་བྲིས་འདུག་པ་མང་སྟེ། 《ཞལ་སྔ་ཆོས་འབྱུང་》དུ། “བེ་རི་རྒྱལ་པོས་ཚ་བ་སྟོད་སྐུ་ལྷ་ངང་ཡག་གི་འདབ་ཞོལ་དུ་གདན་དྲངས། རྒྱལ་པོ། རྒྱལ་མོ། སྲས་དོན་ཡོད་རྒྱལ། ཆོས་སྒར་བ། རྒྱལ་རིགས་དཔོན་རིགས་སོ་སོ་དང་། སྡེ་ཤོག་སོ་སོ་ནས་ཉིན་རེ་བཞིན་བརྒྱ་འབུལ་འགྲན་ནས་ཕུལ།”① ཅེས་བཀོད་པ་དེར་《རག་ར་ཆོས་འབྱུང་》དུ། “ཕ་དུས་སུ་འཕགས་པ་ལྷ་ཞལ་སྔ་མཐོང་བ་དོན་ལྡན་ལ་ཚ་བ་སྒང་སྐུ་ལྷའི་ཞོལ་དུ་འབུལ་ཆེན་ཕུལ་བའི་ལོ་རྒྱུས་ཞལ་སྔ་ཆོས་འབྱུང་དུ་ཡོད་པ་ལྟར་སྔར་དུས་སྦྱིན་བདག་རྙིང་ཁུངས་ཡིན་ཀྱང་།”② ཞེས་བེ་རི་རྒྱལ་པོའི་ཕ་དུས་ཟེར་བ་གོང་གི་རྒྱལ་པོ་ཞེས་པ་ཕལ་ཆེར་ཨ་འཕན་རྒྱལ་ལ་གོ་དགོས། དེའི་དུས་སུ་ཆབ་མདོའི་འཕགས་པ་ལྷ་ལ་འབུལ་ཆེན་ཕུལ་བར་མ་ཟད། ད་དུང་སྦྱིན་བདག་རྙིང་ཁུངས་ཡིན་པར་བཤད་པ་ལྟར་མང་ཆེ་བས་དོན་ཡོད་རྒྱལ་གྱི་རིང་གློ་བུར་དུ་བློ་ལོག་པ་ལྟ་བུར་གོ་འདུག་མོད། འོན་ཀྱང་ཞིབ་ཏུ་བརྟགས་ན་བེ་རིའི་མི་སྡེ་དང་རྒྱལ་པོའི་སྔར་གྱི་དད་མོས་གཙོ་བོ་བོན་ཆོས་ཡིན་པར་འདུག་སྟེ། གང་ཞེ་ན། ཁམས་སྤྲུལ་ལྔ་པའི་གསུང་ལས་བེ་རིའི་སྣོད་བཅུད་ལ་བསྔགས་བརྗོད་གནང་བའི་ཚིགས་བཅད་དུ། “སྲིད་ན་མཆིས་པའི་ལེགས་བྱས་ཀུན། །གཅིག་ཏུ་ཚོགས་པའི་ཡུལ་ལྗོངས་འདིར། །ལྷ་ཡི་སྐྱོང་བ་ཡེ་གཤེན་གྱི། །འཕྲུལ་བདག་མི་བོ་དབལ་ཅན་མཐུས། །དབང་བྱས་བེ་རི་ཞེས་གྲགས་པའི །མིང་གི་སྙན་པ་སྔོན་བྱུང་ཞིག །བྱེད་པོས་བཏགས་པ་ཇི་བཞིན་དུ། །ད་ལྟའང་ཁྱབ་པར་གྲགས་པ་འདི། །”① ཞེས་བེ་རིའི་ཡུལ་ལྗོངས་འདི་ནི་ལྷ་སྐྱོང་ཡེ་གཤེན་གྱི་འཕྲུལ་བདག་མི་བོ་དབལ་ཅན་གྱི་མཐུས་དབང་བྱས་པའི་ཡུལ་མིང་སྔོན་ནས་ད་ལྟའི་བར་དུ་གྲགས་པར་བཤད་པས་མཚོན། དེས་བེ་རིའི་ཡུལ་དུ་སྔོན་དུས་ནས་བོན་དར་བར་ཡོད་ཚུལ་ཤེས། དེ་མིན་《སྒོ་སྟོན་ཉི་མ་བསྟན་འཛིན་གྱི་རྣམ་ཐར་》ལས་ཀྱང་།“སྐམ་རྒྱལ་མཚན་གསུམ་གྱི་སྐུ་ཐོག་ལ། །ཁམས་བེ་རི་རྒྱལ་པོའི་མངའ་རིས་སུ། །བོན་གཡུང་དྲུང་གི་བསྟན་པ་མེ་ལྟར་འབར། །”②ཞེས་དོན་ཡོད་རྒྱལ་གྱི་ཕ་མེས་ཡང་མེས་ནས་བར་ཁམས་བེ་རིའི་ཡུལ་འདིར་གཡུང་དྲུང་བོན་གྱི་བསྟན་པ་མེ་ལྟར་འབར་བར་བཤད་ལ། དེ་ལས་སྐམ་ཁྲོ་བོ་རྒྱལ་མཚན་བྱ་བ་བེ་རི་རྒྱལ་པོ་དོན་ཡོད་རྒྱལ་གྱི་རིང་རང་གི་བུའི་བླ་མར་གྱུར་ཚུལ་ཡང་རྣམ་ཐར་དེ་ཉིད་ལས། དོན་ཡོད་རྒྱལ་གྱི་སྐུ་ཚེ་སྨད་ལ། མདོ་ཁམས་ཁུལ་དུ་བོན་གྱི་བླ་ཆེན་ཞིག་པོ་བཅོ་བརྒྱད་དུ་གྲགས་པའི་ནང་གི་སྣང་ཞིག་བླ་མ་རྒྱ་ལ་བ་བློ་གྲོས་ཞེས་བྱ་བ་དབུ་ལ་ཤ་ཡི་གཙུག་ཏོར་འབུར་བ། གྲུབ་རྟགས་དང་མངོན་ཤེས་སྣ་ཚོགས་ཡོད་པ་དེ་དོན་ཡོད་རྒྱལ་གྱིས་གདན་དྲངས་ནས་ཀེ་སྟོད་རྒྱ་ཆེན་ཕོ་བྲང་གི་དབུ་རྩེར་བཞུགས་སུ་གསོལ་ཏེ་དོན་ཡོད་རྒྱལ་རང་གི་དབུ་བླར་བསྟེན། སྔར་གྱི་དབུ་བླ་སྐམ་ཞིག་ལྷ་བླ་ཁྲོ་བོ་རྒྱལ་མཚན་ནི་སྲས་སྟོབས་རྒྱལ་གྱི་དབུ་བླ་བྱས་ལུགས་བཤད་   ཅིང་། བེ་རི་རྒྱལ་ཐོག་མང་པོའི་རིང་གི་དབུ་བླ་ལ་སྐམ་ཞིག་ཁོ་ན་བསྟེན་གྱི་ཡོད་པ་དོན་ཡོད་རྒྱལ་གྱི་དུས་སྐམ་ཞིག་གི་གྲལ་གྱི་གོང་ན་སྣང་ཞིག་བཞག་པ་དེར་བོན་པོ་ནང་ཚག་འདོད་མ་གཅིག་པའི་རྣམ་འགྱུར་ཞིག་ཀྱང་རྣམ་ཐར་དེའི་ཁོག་ན་གནས་འདུག་ཅེས་ཆབ་མདོ་ཤེས་རབ་ཀྱིས་རྣམ་ཐར་ངོ་མར་བརྟག་དཔྱད་བྱས་རྗེས་སྔར་གྱི་དབུ་བླ་དང་རྒྱལ་ཐོག་མང་པོའི་རིང་བོན་པོ་སྐམ་ཞིག་ལ་བརྟེན་པ་ལས་སྐབས་དེར་གཅིག་པོ་དང་བེ་རྒྱལ་དོན་ཡོད་རྒྱལ་གཅིག་པུས་བོན་སྣང་ཞིག་ལ་དད་ཀྱིན་མེད་པའི་གནས་ཚུལ་གསལ་པོར་བཀོད་ཡོད་ལ། ཡང་། 《ཁམས་འབྲུག་རྣམ་ཐར་》ལས། “འདིའི་སྐབས་ཚོར་བེ་རི་འདི་ལ་མ་བཅོས་པའི་ཉམས་ཆེ།...དགེ་བའི་ཕྱོགས་ཀྱི་ཡིག་དྲུག་འདྲ་ཡང་འདྲེན་སྲོལ་དེ་ཙམ་མེད་རིགས་སུ་འདུག་པས། ཕྲེང་བ་ཡོད་མཁན་ཀྱང་ཆེར་མི་འདུག། གཤེན་པོ་ལ་རྫོངས་འདེབས་སྲོལ་ཚད་མི་འདུག་ཀྱང་། ཤ་ཁྲག་གཙོར་འདོན་གྱི་མཆོད་སྦྱིན་བྱེད་པ་ལས་སྡིག་ལ་འཛེམ་སྲོལ་ཡང་མི་འདུག”① ཅེས་བེ་རིའི་མི་སྡེ་དང་རྗེ་འབངས་རྣམས་ཀྱིས་ཀྱང་རིམ་གྲོ་འགའ་རེ་སྒྲུབ་པ་མ་གཏོགས་དགེ་ཕྱོགས་ལ་སྒྲུབ་པ་ཆུང་ཞིང་སྡིག་ལས་ལ་མི་འཛེམ་ཞེས་བོད་གདོད་མའི་ཆོས་ལུགས་བོན་གྱི་ལུགས་ཁོ་ན་གཙོ་བོར་བསྟེན་པ་མ་གཏོགས། སངས་རྒྱས་ཆོས་ལུགས་ཀྱི་སྡིག་སྤང་དགེ་སྒྲུབ་ཀྱི་ལྟ་བ་དང་དུ་མ་བླངས་པ་མངོན་འདུག །དེའི་སྟབས་ཀྱིས་བེ་རྒྱལ་དོན་ཡོད་རྒྱལ་སྐབས་དམག་དང་ཆབ་སྲིད་ཀྱི་སྟོབས་ཤུགས་ཇེ་ཆེར་སོང་རྗེས་རང་གི་ཕ་མེས་ཡང་མེས་ཀྱི་ཆོས་དད་བྱེད་ས་བོན་ལུགས་རྒྱ་ཆེར་སྤེལ་འངོད་པར་མ་ཟད། དེའི་དུས་སུ་སྣང་ཞིག་བོན་པོ་བྱ་བའི་མངོན་ཤེས་དང་གྲུབ་རྟགས་རང་གི་སྔར་གྱི་བླ་མ་ལས་ཀྱང་ཆེ་བ་དང་ཕྲད་པས་རྐྱེན་བྱས། བོན་ཁོ་ན་ལས་གྲུབ་མཐའ་གཞན་པ་སྤེལ་མ་བཅུག་ནས་ས་དགེ་ཀར་རྙིང་དང་འཁོན་དུ་སོང་བ་རེད་སྙམ།   
             (གསུམ།) བྱས་ཉེས་དང་བཅོམ་བརླག 
             དེ་ལྟར་བེ་རྒྱལ་དོན་ཡོད་རྒྱལ་གྱི་སྐབས་དེར་བོད་ཀྱི་སྲིད་འཛིན་གཙང་པ་སྡེ་སྲིད་དང་འབྲེལ་ལམ་བཙུགས་ཏེ། དགེ་ལུགས་པས་གཙོས་པའི་ནང་བསྟན་གྱི་གྲུབ་མཐའ་ཁག་ལ་བརྙས་བཅོས་དང་བསྒྱུར་བཀོད་བྱས་ནས་ནང་བསྟན་གྲུབ་མཐའ་རིས་མེད་དང་འཁོན་དུ་གྱུར་པ་བསྙོན་མེད་ཡིན་ཏེ། 《ཆབ་མདོ་བྱམས་པ་གླིང་གི་གདན་རབས་》སུ། “དེ་སྔ་བེ་རི་ཐུ་སིའམ་བེ་རི་རྒྱལ་པོར་གྲགས་པའི་ཕ་དུས་སུ། 《ཞལ་སྔ་མཐོང་བ་དོན་ལྡན་》ལ། ཚ་བ་སྒང་གི་སྐུ་ལྷའི་ཞོལ་དུ་འབུལ་ཆེན་ཕུལ་ཞིང་ཆོས་ཞུས་པ་དང་། འཕགས་ཆེན་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཡབ་སྲས་རྣམས་གཙུག་ན་བཀུར་བའི་སྦྱིན་བདག་རྙིང་ཁུངས་ཡིན་ཀྱང་རྗེ་འདིས་གདན་སའི་འཛིན་སྐྱོང་གནང་བཞིན་པའི་སྐབས་སུ། བེ་རི་རྒྱལ་པོའི་བུ་དོན་ཡོད་ཟེར་བའི་དུས་སུ་སྟོབས་ཤུགས་ཇེ་རྒྱས་ཀྱིས་ཆུ་སྤྲེལ་ལོ་ནས་རིམ་བཞིན་བར་ཁམས་གསུམ་གཉིས་ལྷག་ལ་དབང་བསྒྱུར་ཞིང་། སྡེ་དགོན་ཀུན་ལ་ཁྲལ་རིགས་འཕར་ལྕིའི་རྩུབ་སྤྱོད་ཀྱིས་མནར་ཐོག །སྣང་ཞིག་བོན་པོ་ཁོ་རང་གི་བླ་མཆོད་དུ་བཀུར་བའི་བྱེད་ལས་ཀྱིས་མདོ་ཁམས་ཀྱི་ས་དགེ་ཀར་རྙིང་གི་དགོན་པ་རྣམས་རིམ་པར་བོན་དུ་བསྒྱུར་བ་དང་། དེ་ལྟར་ཁས་མ་བླངས་པ་རྣམས་རྩ་བརླག་བཏང་ཐོག །རིས་སུ་མ་ཆད་པའི་བླ་ཆེན་མང་པོར་འོ་བརྒྱལ་གཏད་པ་བཅས་བསོད་ནམས་ཟད་ཁ་བསམ་ངན་གྱི་དཔེ་ལྟར་སངས་རྒྱས་ཀྱི་བསྟན་པའི་སྤྱི་དགྲར་ལངས་པ་ན། ཆབ་མདོ་བྱམས་པ་གླིང་ཡང་བོན་དུ་བསྒྱུར་ཉེའི་སྐབས་སུ་རྗེ་འདིས་ཐབས་མཁས་ཀྱིས་བསྟན་པའི་སྲོག་རྩ་ནས་བཟུང་བས་བོན་དུ་བསྒྱུར་མ་བཏུབ་ཀྱང་རེ་ཞིག་བཤད་སྒྲུབ་འཆད་ཉན་སོགས་ཉམས་ཆག་ཆེན་པོ་བྱུང་བར།”①ཞེས་དང་། ཡང་། 《ཁམས་འབྲུག་རྣམ་ཐར་》ལས་ཀྱང་། བེ་རིའི་དཔོན་བློན་བསམ་འགྲུབ་ཀྱི་བུ་བསོད་ལུ་ཟེར་བ་ཞིག་གི་ནད་གཞིའི་དོན་དུ་རྗེ་འདི་གདན་དྲངས་ཚུལ་དང་ཞལ་ཏ་གནང་ཚུལ་གསུང་སྐབས། “སྦྱིན་བདག་ཆེན་པོས་ཞུ་བར་ད་རུང་ནད་འདི་ལ་བསྲུང་རིམ་རྒྱུ་གཏོར་བྱས་ནས་ཇི་ལྟར་འགབ་ཞུ་ཞིག་འདུག་པར། རྗེའི་བཀའ་ལས། ད་ལོ་འོ་སྐོལ་གྱི་རྐྱེན་འདི་རྒྱ་ཆེ་གཏིང་ཐུག་པ་ཞིག་ཡོད་རིགས་སུ་འདུག་རྒྱུ་གཏོར་སྤངས་དག་བྱས་ཀྱང་རྒྱུ་གྲོན་ཆེ་བ་ལས་ཕན་ཐོགས་པ་རང་ཞིག་མི་འོང་བ་འདྲ་གསུངས་ཀྱང་། སྦྱིན་བདག་གིས་རྒྱུ་གཏོར་གྱི་མི་ཆོག་ཀྱང་འདི་ལ་ཕན་པའི་ཐབས་ཤིག་འདུག་ཚེ་སྒྲུབ་པས། ད་དུང་བཀའ་གསལ་གནང་དགོས་ཞེས་ནན་ཆེ་བར་མཛད་པས། འཕྲལ་དུ་ལྷའི་འཁུ་ལྡོག་ལ་བཤགས་བསྐང་རྟེན་འབུལ་སོགས་ཞུ་སྦྱོར་ངེད་རང་གིས་བྱས་པས་ཆོག་ཀྱང་། ཕུགས་ཡབ་ཀྱི་རིང་ནས་ལྷ་སྡེ་མང་པོ་དང་འགྲས་ཆེ་བར་བྱུང་འདུག་པ་དང་། རྟག་ཏུའང་ཁྱེད་རང་དཔོན་གཡོག་གིས་ས་ཀར་རྙིང་གསུམ། ཞྭ་དམར་སེར་གྱི་གྲུབ་མཐའ་འཛིན་པའི་ལྷ་སྡེ་མང་པོ་དང་འགྲས་བཙལ་ཞིང་། གྲུབ་མཐའི་བསྒྱུར་བཀོད་མང་པོ་མཛད་སོང་བས།”② ཞེས་གསལ་པོར་བཀོད་ཡོད་པ་བཞིན་བེ་རྒྱལ་རང་གི་བྱས་ཉེས་དེ་ལ་བརྟེན་ནས་སྤྲང་པོའི་དབྱུག་པ་རང་མགོ་ཟེར་བའི་དཔེ་བཞིན་དགེ་ལུགས་པས་གཙོས་པའི་བླ་དཔོན་རྣམས་ཀྱིས་སོག་དམག་ལ་བརྟེན་ནས་བེ་རི་རྒྱལ་པོ་བཅོམ་བརླག་བྱས་པ་ཡིན་འདུག །ཚུལ་དེ་རྒྱལ་དབང་ལྔ་པའི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》སུ། “དེ་ཡང་བར་ཁམས་བེ་རི་དོན་ཡོད་ཀྱིས། ཀུན་མཁྱེན་བུ་རམ་ཤིང་པའི་རྗེས་སུ་ཞུགས་པ་མཐའ་དག་ལ་ཉེ་བར་འཚེ་ཞིང་། བོན་ཁོ་ན་སྤེལ་བ་ལ་བརྟེན། ས་ཡོས་ཧོར་ཟླ་ལྔ་པའི་ནང་དུ་བེ་རིའི་ཐོག་ཏུ་དཔུང་ཚོགས་རྣམས་བཏེག །མངའ་འབངས་ཕལ་ཆེར་བླངས། ལྕགས་འབྲུག་ཟླ་བ་བཅུ་གཅིག་པའི་ཉེར་ལྔ་ལ། བེ་རི་དཔོན་པོ་སོགས་མཐའ་བཙན་པོར་བྲོས་པ་རྣམས་ཀྱང་། གང་གི་བསོད་ནམས་ཀྱི་ལྕགས་ཀྱུ་རྣོན་པོས། ཁབ་ལེན་རྡོ་བ་དང་ལྕགས་ཕྱེའི་སྣང་ཚུལ་ལྟར་ཁྲིམས་ཀྱི་དོ་ར་ཆེན་པོར་ཡོངས་སུ་བཅུག”① ཅེས་བཀོད་པ་ལྟར། བེ་རྒྱལ་གྱི་བྱས་ཉེས་གཙོ་བོ་ནི། སྐབས་དེར་བོད་ནང་དུ་སྟོབས་ཤུགས་ཆེ་བའི་ནང་བསྟན་གྱི་གྲུབ་མཐའ་མང་པོ་བོན་དུ་བསྒྱུར་ནས་ཁོ་པ་སངས་རྒྱས་བསྟན་པ་སྤྱིའི་དགྲ་བོ་ལྟ་བུར་གྱུར་པ་དེ་ཡིན་ལ། དེ་མ་ཟད་བེ་རྒྱལ་དོན་ཡོད་རྒྱལ་གྱི་སྐབས་རང་ཉིད་སྟོབས་ཤུགས་དང་བཙན་དྲག་ཆེ་བ་ལ་བརྟེན་ནས་སྒང་དྲུག་གི་མི་སྡེ་རྣམས་དང་འགྲས་ཆེར་གྱུར་པས་མི་ཚད། རྒྱ་བོད་བར་གྱི་འགྲོ་འོང་གསེར་ཟམ་བཅད་པ་སོགས་ཀྱང་རང་ཉིད་བཅོམ་བརླག་འགྲོ་བའི་རྐྱེན་དུ་མཐོང་། གང་ཞེ་ན། 《སུམ་པའི་རང་རྣམ་》དུ། “ཤིང་ཁྱི་ནས་ཆ་ཧར་ཧན་དང་ཆོག་ཐུ་རྒྱལ་པོ་དང་ཐུབ་ཆེན་བསྟན་པར་ཆུང་བའི་སྐལ་བ་མི་ལྡན་པར་དུ་རུཥྐའི་ངང་ཚུལ་ཅན་ཁམས་བེ་རི་དོན་ཡོད་རྒྱལ་པོ་གསུམ་གྱིས་དབུས་གཙང་དུ་འགྲོ་བའི་མགྲོན་པོའི་གསེར་ཟམ་བཅད། རྒྱལ་པོ་དེ་གསུམ་གཙང་རྒྱལ་དང་བཞིའི་སྔོན་གྱི་སྨོན་ལམ་ལོག་པ་འགྲུབ་ནས་བེ་རི་མིན་པ་ཕལ་ཆེར་མཐུན་ཏེ་བགྲོས་ཕུགས་སུ་རང་རང་གི་ས་དང་ལྷ་སའང་བདག་བྱས་ཏེ་ས་སྐྱ་བ་བཏང་སྙོམས་སུ་བཞག །དགེ་ལུགས་པ་རྨེག་མེད་བགྱིས་ཏེ་ཀར་འབྲུག་བཏེག་པའི་གཤོམ་ར་བཏང་བ་ཡིན།”① ཞེས་དང་། ཡང་འོན་ཀྱང་ཞེས་གུ་ཤྲི་ཧན་གྱིས་ཁམས་བེ་རི་རྒྱལ་པོ་བཅོམ་ཚུལ་བཀོད་ཡོད། “ལྕགས་འབྲུག་ལ་ཁམས་སུ་བྱོན་ནས་རྒྱལ་བསྟན་སྤྱིའི་དགྲ་བོ་བེ་རི་རྒྱལ་པོ་བཅོམ་སྟེ་བོད་ཁམས་གཞུང་གི་སྒང་དྲུག་དབང་དུ་བསྡུས་ནས།”②ཞེས་གསལ་པོར་གསུངས་པ་བཞིན་གོང་གི་ལུང་ཚིག་གཉིས་ལས་བེ་རི་རྒྱལ་པོ་དོན་ཡོད་རྒྱལ་གྱི་བྱས་ཉེས་དང་མཐའ་འབྲས་བཅོམ་བརླག་བྱས་ཚུལ་མ་ཟད་ལོ་དུས་དང་བཅས་པ་ཞིབ་པར་བཀོད་ཡོད་པ་བཅས་ནི་སྐབས་ཐོག་དེའི་མི་སྣས་བྲིས་པའི་ལོ་རྒྱུས་ངོ་མ་ཡིན་སྟབས་ཡིད་ཆེས་འོས་པར་འདུག་སྙམ་མོ།། །།   
             * རྩོམ་ཡིག་འདི་2006ལོར་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བཅུ་གཅིག་པ་འཇར་མན་རྒྱལ་ཁབ་ཀྱི་བྷོན་དུ་འཚོགས་པའི་ཐོག་སྒྲོག་སྦྱང་ཞུས་པ་དང་། ཕྱིས་སུ་ལོ་ངོ་དྲུག་རིང་ཡིག་ཚང་ཁ་སྣོན་གྱིས་བཟོ་བཅོས་བགྱིས་ནས་2012ལོར་《ཀྲུང་གོའི་བོད་རིག་པ་》ཅེས་པའི་དུས་དེབ་ཨང་གཉིས་པའི་ཐོག་བཀོད་ཡོད།
             ① རྒྱ་ཡིག་གི་《བོད་ཀྱི་ལོ་རྒྱུས་བསྡུས་པ་》 (藏族简史)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1986ལོར་བསྐྲུན་པའི་ཤོག་ངོས་190པར་གསལ།   ②  《ཏཱ་ལའི་བླ་མའི་རྣམ་ཐར་》རྒྱ་འགྱུར་མ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་1984ལོར་བསྐྲུན་པའི་ཤོག་ངོས་70པར་གསལ།  
             ③  《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1989ལོར་བསྐྲུན་པའི་ཤོག་ངོས་563པར་གསལ།
             ① 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》ཞེས་པ་1995ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་པར་གཞི་དང་པོའི་ཤོག་ངོས་311པར་གསལ།   ② 2000ལོར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་སྐབས་དགུ་པའི་ཚོགས་ཆེན་སྐབས་སུ་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ནས་ནོར་ཡོད་ཚུལ་དང་དཔེ་ལྟ་གང་དགོས་གསུངས་པ་བཞིན་དག་བཅོས་བྱས་པ་ཡིན།   
             ③ 2004ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་པར་གཞི་གཉིས་པའི་ཤོག་ངོས་317པར་གསལ་འདེབས་དང་བཅས་བཀོད་ཡོད།
             ① ཆབ་མདོ་ཤེས་རབ་ཀྱིས་བརྩམས་ཤིང་འཕགས་ཡུལ་ཆབ་མདོ་ལོ་རྒྱུས་རྩོམ་སྒྲིག་ཁང་ཞེས་པས་2006ལོར་པར་དུ་བཏབ་པའི་དེབ་ལ་གོ་དགོས།
             ① སྟག་ཚང་དཔལ་འབྱོར་བཟང་པོས་བརྩམས་པའི་《རྒྱ་བོད་ཡིག་ཚང་ཆེན་མོ་》ཞེས་པ་1985ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་13པར་གསལ།  
             ② གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ་གཉིས་ཀྱིས་བརྩམས་པའི་《མགོ་ལོག་རུས་མཛོད་》ཅེས་པ་1992ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་92པར་གསལ།
             ① ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ཅེས་པ་1988ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་441ནས་442པར་གསལ།   
             ② བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་《མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་》ཞེས་པ་1982ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་17པར་གསལ།   
             ③ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས་ཀྱིས་མཛད་པའི་《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་》ཞེས་པ་1986ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་243པར་གསལ།
             ① ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས་ཀྱིས་མཛད་པའི་《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་》ཞེས་པ་1986ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་319པར་གསལ།   
             ② གཡང་དགེས་བརྩམས་པའི་《ཁྱུང་པོ་སྟེང་ཆེན་》ཞེས་པ་2005ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་187པར་གསལ།
             ①② བོད་ཡིག་དཔེ་རྙིང་འཇར་པན་མི་རིགས་བཤམས་སྟོན་ཁང་གིས་དཔེ་ཚོགས་ཀྱི་ཚུལ་དུ་པར་བཏབ་པའི་དེབ་གྲངས་ཨང་32པའི་ཤོག་ངོས་114པར་གསལ།   
             ③ འདིའི་བུ་ཡིག་ཏུ་ཙོང་ཀ་ཞེས་བཀོད་ཀྱང་བོད་ཡིག་དབུ་མེད་པར་སློག་བརྒྱབ་ཡོད་པའི་མ་ཡིག་ན་“ཙོང་ཀ་”མིན་པར་“དབང་ཁ་ཀ་བཟུང་བའི་”ཞེས་གསལ་པོར་བཀོད་འདུག་པས།དེ་ལྟར་བྲིས་ཀྱང་ཁོང་ཚོས་མ་ཡིག་གསུམ་ཙམ་བསྡུར་བ་ཡིན་ཟེར་བས་གང་འགྲིག་བརྟག་པར་འཚལ།
             ①② དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི《ཆོས་འབྱུང་མཁས་པའི་དགའ་སྟོན་》1986ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་1059པར་གསལ།   
             ③ གསར་དུ་དཔེ་སྐྲུན་བྱས་པའི་དེབ་ཏུ་འདི་ལྟར་བཀོད་ཡོད་མོད། འོན་ཀྱང་བོད་ཀྱི་དག་ཡིག་སྦྱོར་སྟངས་དང་མི་མཐུན་པས་གོ་རྒྱུ་མེད་པས་སྒྲིག་ནོར་རེད་བསམས་ཀྱང་མ་ཡིག་ངོ་མ་མཇལ་མི་ཐུབ་པས་དཔྱད་དཀའ།
             ④⑥ ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་《ཀརྨ་ཀམ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར་》ཞེས་པ་1998ལོར་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་431པར་གསལ།  
             ⑤ དབང་རྒྱལ་དབེན་ཤྲི་ཞེས་པ་མཁས་དབང་ཁྲིན་ཆིན་དབྱིན་ལགས་ལ་བཀའ་འདྲི་ཞུས་འབྲས་སུ་ཡོན་ཧྲི་(院士)ཨེ་ཡིན་ཟེར།  
             ⑦དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》1986ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་l121པར་གསལ།
             ① བེ་རི་དམར་ཞེས་པ་ཁོ་བོའི་སློབ་གྲོགས་དམ་པ་འཇུ་སྐལ་བཟང་ལགས་ལ་བཀའ་འདྲི་ཞུས་འབྲས་སུ། བེ་རི་དམར་ཡི་གེ་འབྲི་སྲོལ་མི་གཅིག་པ་དེ་དོན་དུ་དེང་སང་གི་མགོ་ལོག་པད་མ་རྫོང་གི་ཕྱོགས་སྨར་ཆུའི་རྒྱུད་ལ་སྨར་ཞེས་འབྲི་བར་མ་ཟད། མགོ་ལོག་གི་མིང་མ་བྱུང་སྔོན་ལ་དེང་སང་གི་མགོ་ལོག་ས་ཆ་འདི་ལ་བེ་རི་དང་གླིང་གི་ས་ཆ་ཡིན་ཚོད་འདུག། གང་ཞེ་ན། 《གླིང་གེ་སར་རྒྱལ་པོའི་སྒྲུང་》ནང་ལྡོང་བེ་རི་ཉི་མ་རྒྱལ་མཚན་དང་བེ་རི་དུག་མཚོ་ཟེར་བའི་མི་མིང་ས་མིང་མགོ་ལོག་ས་ཆར་ཡོད་མོད། ད་སྔ་རྒྱུ་ཆ་དཀོན་པས་ཕྱིས་ཕན་ཚུན་རོགས་རམ་བགྱིས་ཏེ་ཞིབ་འཇུག་བྱ་དགོས་ཞེས་གསུངས་སོ། །
             ② 《ཆབ་མདོ་ཡིག་ཚང་རིན་ཆེན་སྤུངས་པ་》ཞེས་པའི་ཤོག་ངོས་457གསལ།
             ① ②  《ཆབ་མདོ་ཡིག་ཚང་རིན་ཆེན་སྤུངས་པ་》ཞེས་པའི་ཤོག་ངོས་457ནས་458པར་གསལ།
             ① ②  《ཆབ་མདོ་ཡིག་ཚང་རིན་ཆེན་སྤུངས་པ་》ཞེས་པའི་ཤོག་ངོས་411པ་དང་412པར་གསལ།
             ① ས་སྐྱ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་》ཅེས་པ་1986ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་137པར་གསལ།
             ① ཆབ་མདོ་ས་ཁུལ་དུ་བེ་རི་མི་བརྒྱ་རྟ་བརྒྱ་ཞེས་གླེང་དུས་ཇག་དམག་གི་རང་བཞིན་ཅན་བེ་རི་རྒྱལ་པོ་དོན་ཡོད་རྒྱལ་གྱི་སྐབས་སུ་བྱུང་ནས་ཕྱིས་གྲུ་གུའི་སྒང་དུ་བླ་མའི་གྲུབ་རྟགས་ཀྱིས་གཡང་ལ་མཆོངས་ཟེར་བའི་གཏམ་རྒྱུད་མཚར་པོ་ཞིག་བཤད་རྒྱུ་ཡོད་ལ། དོན་དུ་མི་བརྒྱ་རྟ་བརྒྱ་ནི་བེ་རི་ཆོས་འབུམ་སྐབས་ནས་བྱུང་བའི་དམག་དཔོན་ནམ་དཔོན་བློན་གྱི་མིང་ཨེ་ཡིན་བསམས་ལ། ཕྱིས་སུ་བེ་རི་དོན་ཡོད་རྒྱལ་གྱི་སྐབས་ཇག་དམག་ཏུ་སོང་ནས་ཐམས་ཅད་འཇིགས་ས་ཞིག་ཏུ་གྱུར་པ་མིན་ནམ་སྙམ།   ② ཁོ་བོ་བེ་རིའི་ཁྲོད་དུ་ངོ་འདྲིར་སོང་སྐབས་ཡུལ་མི་ཚོས། བེ་རི་ནི་བསྐལ་པ་ཡ་ཐོག་ནས་ཡོད་པ་རེད། སྟོད་ཨ་གྲག་བེ་རི། སྨད་མ་ཟུར་བེ་རི། བར་ཆབ་མདོའི་བེ་རི། ཞེས་ཨང་དང་པོ་ཆབ་མདོའི་བེ་རི་རེད། སྔར་ནས་བོན་པོ་རེད། ཅེས་བཤད་རྒྱུན་ཙམ་མ་གཏོགས་ཡིག་རིགས་འདྲ་རྙེད་མ་སོང་།   
             ③ རྒྱ་ཡིག་ས་གི་《ཆབ་མདོའི་ས་གནས་ལོ་རྒྱུས་》ཞེས་པའི་དེབ་ཏུ་བོད་ཡིག་ནས་དོན་སྒྱུར་གྱིས་བཀོད་འདུག་པར་གསལ།
             ①②  《ཆབ་མདོ་ཡིག་ཚང་རིན་ཆེན་སྤུངས་པ་》ཞེས་པའི་ཤོག་ངོས་461པ་དང་412པར་གསལ།
             ①  《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་》ཞེས་པའི་ཤོག་ངོས་279ནས་281བར་གསལ།
             ① ཤཱཀྱ་ལྷ་དབང་གིས་མཛད་པའི་《ཞལ་སྔ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་འབྱུང་》ཞེས་པ་2001ལོར་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་18lཔར་གསལ།   
             ②  《ཆབ་མདོ་ཡིག་ཚང་རིན་ཆེན་སྤུངས་པ་》ཞེས་པའི་ཤོག་ངོས་420པར་གསལ།
             ①  《ཆབ་མདོ་ཡིག་ཚང་རིན་ཆེན་སྤུངས་པ་》ཞེས་པའི་ཤོག་ངོས་464པར་གསལ།
             ①  《ཆབ་མདོ་ཡིག་ཚང་རིན་ཆེན་སྤུངས་པ་》ཞེས་པའི་ཤོག་ངོས་444པར་གསལ།
             ① ཤཱཀྱ་ལྷ་དབང་གིས་མཛད་པའི་《ཞལ་སྔ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་འབྱུང་》ཞེས་པ་2001ལོར་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་18Iཔར་གསལ།
             ②  《བོད་ཀྱི་ལོ་རྒྱུས་ཁག་ལྔ་》ཞེས་པའི་ཤོག་ངོས་180པར་གསལ།
             ① ②  《ཆབ་མདོ་ཡིག་ཚང་རིན་ཆེན་སྤུངས་པ་》ཞེས་པའི་ཤོག་ངོས་456པ་དང་437པར་གསལ།
             ①  《ཆབ་མདོ་ཡིག་ཚང་རིན་ཆེན་སྤུངས་པ་》ཞེས་པའི་ཤོག་ངོས་417པ་དང་418པར་གསལ།
             ① རྗེ་བཙུན་བྱམས་པ་ཆོས་གྲགས་ཀྱིས་བརྩམས་པའི་《ཆབ་མདོ་བྱམས་པ་གླིང་གི་གདན་རབས་》ཆབ་མདོ་པར་འདེབས་བཟོ་གྲྭས་པར་བཏབ་པའི་ཤོག་ངོས་278པ་ནས་279བར་གསལ།  
             ② 《ཆབ་མདོ་ཡིག་ཚང་རིན་ཆེན་སྤུངས་པ་》ཞེས་པའི་ཤོག་ངོས་467པར་གསལ།
             ① རྒྱལ་དབང་ལྔ་པ་ཆེན་མོའི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དེབ་ཀྱི་ཤོག་ངོས་193པར་གསལ།
             ①② 《པཎྜི་ཏ་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་རང་རྣམ་》ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་63པར་གསལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1