༄༅།།ཤར་རྒྱལ་མོ་ཚ་བ་རོང་གི་ས་དབྱིབས་ཆགས་ཚུལ་དང་ལོ་རྒྱུས་སྐོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་འཕྲིན། སྤེལ་དུས། 03-12



ས་དབྱིབས་ཆགས་ཚུལ་སྐོར།
        རོང་ཁུལ་ས་རྒྱ་ཆུང་རུང་།།  ལུང་བར་ཁང་བརྩེགས་མང་ས།།  རི་རྩེ་ཁ་བས་གཡོགས་རུང་།། རི་རྟིང་དྲོད་ཀྱིས་འཛིན་ས།།  ལུང་ཆེན་གཏིང་ལ་ཟབ་རུང་།། ནེའུ་གསིང་སྐྱེད་ཚལ་རྒྱས་ས།།  ཆབ་དང་ཆུ་བོ་རྒོད་རུང་།།  འབྲུ་སྣ་ལོ་ཏོག་མོད་ས།།  ཞེས་པ་ལྟར་གྱི་ཡུལ་ལྗོངས་ཀྱི་བཀོད་པ་ཁྱད་པར་ཅན་གྱི་ས་ཁུལ་ཞིག་སྟེ།  སྒྲུང་ཆེན་བསམ་གྲུབ་ཀྱིས་བཤད་པའི་<<གེ་སར་སྒྲུང་། ཤར་རྒྱལ་མོ་ཚ་བ་རོང་གི་འབྲས་རྫོང་>>ལས།  

        ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ།།  རོང་ལུང་ཆེན་གསེར་གཞུང་ཡངས་པ་ལ།།  ཆབ་ཆུ་བོ་རྒྱལ་མོ་རྔུལ་ཆུ་འབབ།།  མ་སྲིད་པ་རྒྱལ་མོ་རྔུལ་ཆུ་རེད།།  རྟ་འདོ་བས་རབ་སོ་གཅོད་ལམ་མེད།།  མཐོ་བྲག་རི་གཟར་ལ་རྫ་འགག་དོག།   འགག་དོག་གསུམ་མིད་པའི་འཕྲང་དང་འདྲ།། རི་རི་རྩེ་དབུ་གཏུག་གནང་བ་འདྲ།།  རི་རི་སྐེད་དཔུང་བ་གཤིབ་པ་འདྲ།།  ཉིན་ཉིན་རྡོ་སྲིབས་ལ་འགྲིལ་ནི་ཡིན།།  སྲིབས་སྲིབས་རྡོ་ཉིན་ལ་འགྲིལ་ནི་ཡིན།།  ས་རོང་ཆེན་གཟར་མོའི་སྐྱ་བར་ན།།  རྡོ་ཨ་དཀར་རྩེད་མོ་རྩེད་རྩེད་རེད།།  དབུས་དམུ་རྡོ་རི་བོ་མཆོག་རབ་ལ།།མཐུ་ཆེན་པོ་སྐུ་བླ་རྣམ་གསུམ་དང་།།  བཀའ་གཉན་པོ་གཉན་ཆེན་སྡེ་བཞི་སོགས།།  འཁོར་རི་བོ་དྲུག་ཅུ་རྩ་གཉིས་བསྐོར།།  ཕྱི་དཀྱིལ་འཁོར་རེའུ་མིག་བཀྲམས་པའི་དབུས།།  ཤེལ་བུམ་པ་གདན་ལ་བཀོད་པ་འདྲ།།  རྩེ་གནས་ཆེན་བཞི་ལ་ལས་བཞིའི་དབྱིབས།།   སྒྲུབ་གནས་ཕྲན་བརྒྱ་དང་གནས་ལག་བཅུ།། སྐེད་བྲག་དང་ནགས་རི་སྦྲགས་མ་ན།།  མཆོག་ཡི་དམ་བཞི་ཡི་ཕོ་བྲང་ཡོད།།  ཤོད་ལུང་ཆེན་ལྕགས་སྒྲོག་དཔྱངས་འདྲ་ལ།།  ཤར་རྒྱལ་རོང་ལུང་ཆེན་བཅོ་བརྒྱད་ཆགས།། ཞེས་བྱུང་བ་ལྟར་དོན་ལ་གནས་སོ།

        གཞན་ཡང་རྒྱལ་རོང་གནས་འགོ་དགོན་གྱི་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་གྱིས་བཤད་པ་ལྟར་ན། རོང་བྲག་གི་ས་ཆ་ནི་རྨ་བྱ་དགུ་ཡི་ཁ་རྒྱལ་མོ་དམུ་རྡོའི་མདུན་རོང་བྲག་རྫོང་དུ་གཏད་པའི་ས་དབྱིབས་ཤིག་ཡིན། 

        ས་དབྱིབས་རྨ་བྱ་དགུ་འདུས་ཀྱི་གཤོག་པའི་སྟེང་ནས་རི་ཕྲན་དྲུག་ཅུས་མཐའ་ནས་བསྐོར་ཡོད་པའི་རྟེན་འབྲེལ་འགྲིག་པས་ཡུལ་འདི་ནི་སྔོན་བུད་མེད་ཀྱི་རྒྱལ་ཁམས་ཤིག་ཡིན་པ་དང་བུད་མེད་རྣམས་མཛངས་མའི་ཡོན་ཏན་ཚང་ཞིང་སྐྱེས་པ་རྣམས་ས་མཐར་སོང་ཚེ་ཁ་དགེ་བཀྲ་ཤིས་ཤིང་ཡོན་ཏན་ཅན་དུ་བྱུང་བ་ཡིན་ནོ་ཞེས་གསུངས་པ་དེ་ཡང་རྒྱུ་མཚན་དང་ལྡན་པ་ཞིག་རེད་སྙམ།། 

        མདོ་སྨད་ཀྱི་ལོ་རྒྱུས་ལས་རྒྱལ་རོང་གི་སྐོར།
རྣམ་དཀར་ས་བོན་གྲུང་བོ་དེ། ། བྱིན་རླབས་དྲོད་ཀྱིས་ཉེར་བསྐྱངས་པ། །
རྒུད་པ་ཀུན་སེལ་ཡོངས་འདུ་ལྗོན། ། སླར་ཡང་དར་བའི་དཔལ་རྒྱས་ཤོག །
        འདིར་མདོ་སྨད་ཀྱི་བོད་མིའི་ས་ཁུལ་གྱི་བོད་མི་དག་གི་འབྱུང་ཁུངས་རགས་ཙམ་གླེང་བ་ལ། དེང་དུས་བཀན་ཤན་ཞེས་པའི་གྲོང་ཁྱེར་དང་། ཝུན་ཁྲོན་ཞེས་པའི་ས་གནས་འདི་དག་ནི་ལོ་སྟོང་ཕྲག་དུ་མའི་སྔ་རོལ་ཏུ་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཡིན་ལ། རྗེས་སོར་ཐང་རྒྱལ་རབས་ཆོས་དར་སྲིད་དར་གྱི་དབང་ཐང་ཆེ་བར་གྱུར་པའི་སྐབས་སུ་བོད་མི་མཐའ་འདེད་ཀྱིས། ཐང་གིས་ས་ཁུལ་མང་པོར་དམག་གི་རྟེན་གཞི་བཙུགས་ཏེ། ས་འདི་ཕྱོགས་སུ་གྲོང་རྡལ་མང་པོ་བཙུགས་པར་གྲགས། དེ་རྗེས་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་མངའ་ཐང་རབ་ཏུ་རྒྱས་ནས་བོད་དམག་འབུམ་ཕྲག་དུ་མ་དྲངས་ཏེ། ཐང་གི་མཐའ་ཁུལ་གྱི་གྲོང་རྡལ་མང་པོ་ལྷག་མེད་དུ་བཅོམ་ཞིང་། མཐའ་མཚམས་སྲུང་བའི་བོད་དམག་འབུམ་ཕྲག་དུ་མ་གཏན་སྡོད་བྱེད་པའི་ས་གནས་བཙུགས།
  དེ་དུས་འཛམ་གླིང་དུ་སྐད་གྲགས་ཆེ་བའི་དམག་འཁྲུག་བྱས་པའི་ས་ཆ། ཟུང་ཆུ(松潘)ཞེས་པའི་ཆུ་བོའི་མཇུག་དང་ཉེ་བའི་རི་སྒང་ལ་ས་རྡོ་འདྲེས་པའི་གྱང་བརྡུངས་པའི་འཐབ་རྫོང་མཐོན་པོ་མང་པོ་ཡོད་པ་དེང་སང་ད་དུང་མ་ཞིག་པར་ཡོད། དེ་དུས་སུ་མཐའ་མཚམས་སྲུང་བའི་དམག་མི་གཏན་སྡོད་བྱས་པའི་བོད་མི་ནི། རྒྱལ་མོ་ཚ་བ་རོང་གི་ས་གནས་ཀྱི་ཚ་ཁོ་ཞེས་གྲགས་པའི་བོད་མི་འདི་དག་ཡིན་ཏེ། ཕྱིས་སུ་རྒྱལ་ཕྲན་བཅོ་བརྒྱད་དུ་གྱེས་པ་ནི། བཀན་ཤན་གྱི་ལུང་དགུ་རྒྱལ་པོ་ནས་ཁམས་ཀྱི་ལྕགས་ལ་རྒྱལ་པོའི་བར་གྱི་རྒྱལ་ཕྲན་རྣམས་ཡིན། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་གྲགས་པའི་བོད་མཐའ་མཚམས་སྲུང་བའི་རྒྱལ་ཕྲན་བཅོ་བརྒྱད་ནི། 
  1.ལྕགས་ལ།(康定明正宣慰司)2.མགོ་སྨད་དམ་ཀ་ལ།(天泉长官司) 3.མགོ་སྟོད།(冷边长官司)4.དགེ་ཤིས་ཙ།(喀什杂安抚司) 5.པ་ཝམ།(八旺宣慰司) 6.བྲག་སྟེང་།(八地宣慰司) 7.མུ་ཕྱི།(穆平宣慰司) 8.མདའ་མདོ།(丹东安抚司) 9.བཙན་ལྷ།(小金安抚司) 10.འོག་གཞི།(鄂克什安抚司) 11.ལུང་དགུ(མདོ་གླིང་ཡང་ཟེར།瓦寺宣慰司) 12.རྒྱལ་ཁ།(杂谷安抚司) 13.སོ་མང་།(梭磨宣慰司) 14.ཅོག་ཙེ།(卓克基长官司) 15.རྫི་འགག(松岗长官司) 16.བསྟན་པ།(党坝长官司) 17.ཁྲོ་སྐྱབས།(绰斯甲安抚司) 18.ཆུ་ཆེན(大金安抚司)ཏེ་བཅོ་བརྒྱད་དོ། །
        སྲོང་བཙན་དང་ཐང་འཁྲུགས་ཏེ་བོད་དམག་གིས་བཅོམ་པའི་མཁར་ཤུལ་ནི་རྔ་བའི་མཁར་ཤུལ་དག་ཡིན་ཏེ། ས་འོག་ནས་ཐོན་པའི་སོ་ཕག་དང་། ཁྲོ་ཟངས་སོགས་ཀྱི་ཐོག་ཐང་རྒྱལ་རབས་ཀྱི་ཡི་གེ་འདུག་ཅེས་ཟེར། གཞན་ཡང་ལུང་ཟིའི་མཁར་ཆག་ཅེས་གྲགས་པའི་མཁར་ཤུལ་དང་། ལུང་ཟིའི་ཉག་གའི་ལྷོ་ངོས་ཀྱི་ཆུ་དང་འོམ་བུའི་ཆུ། གསེར་ཐང་བརྒྱུད་དེ་འོངས་པའི་ཆུ་འདྲེས་མཚམས་ཀྱི་གད་ཐོག་གི་རྒྱ་མཁར་ཞེས་གྲགས་པའི་ས་དེ་ཡང་དེ་དུས་ཀྱི་མཁར་ཤུལ་རེད། དེ་བཞིན་དུ་མཛོད་དགེ་རུ་རྒྱ་གྲོང་ཆགས་ནས་ཞིང་བཏབ་ཤུལ་གསལ་པོ་ཡོད། འོན་ཀྱང་མཁར་ཤུལ་ཡོད་ཚད་སྲོང་བཙན་སྐབས་བཅོམ་པའི་མཁར་ཤུལ་མ་ཡིན་ཏེ། བོད་རྒྱལ་གྱི་ཆབ་སྲིད་ཉམས་ནས་བོད་སིལ་བུར་འཐོར་བའི་དུས་སུ་ཡང་། རྒྱ་མཁར་འགའ་ཞིག་ཆགས་པ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་གཏན་བཅོམ་བྱས་པ་ཡང་ཡོད་དེ། དཔེར་ན། མཛོད་དགེ་བཞག་ལྡོམ་གྱི་ཁང་གསར་དགོན་གྱི་མདུན་ངོས། བྲ་བོ་སྡེ་བའི་དགུན་ས་ཡོད་སའི་མཁར་ཤུལ་དེ་ནི། གླིང་སེང་ཆེན་གྱི་དུས་སུ་བཅོམ་པའི་མཁར་ཤུལ་ཡིན་ལ། དེ་ལྟ་བུ་ས་གཞན་དུའང་ཡོད་ལ་རི་སྒང་དུ་རྒྱའི་དགོན་ཤུལ་ཡང་ཡོད་དོ། །
        རྒྱལ་མོ་ཚ་བ་རོང་གི་བོད་མི་འདི་དག་གི་རུས་ནི་སྦྲ་ཡིན་ཏེ། མདོ་སྨད་ཆོས་འབྱུང་ལས་གསུངས་པ་ལྟར་རྒྱལ་རོང་རྒྱལ་ཁག་རྣམས་ཀྱི་རུས་ནི་སྦྲ་ཡིན་ཏེ། རིགས་དེར་ཚ་ཁོ་རང་སྐད་ལ་ང་ཤྩི་ཟེར། དེ་ཡང་བོད་ཀྱི་རིགས་ལ། བསྭེ། རྨུ། ལྡོང་། སྟོང་དང་བཞི། རིགས་བཟང་རྣམས་ལ་སྔར་ཞང་བོ་ཟེར་ལ། ཕྱིས་སུ་ལྷ་རིགས་སྒོ་ཟེར། བསྭེ་རིགས་བཟང་རྣམས་ལ་བསྭེ་ཆུང་སྦྲ་ཟེར། རྨུ་རིགས་བཟང་རྣམས་ལ་དམུ་ཚ་སྒ་ཟེར། ལྡོང་རིགས་བཟང་རྣམས་ལ་ཨ་སྤོ་ལྡོང་ཟེར། སྟོང་རིགས་བཟང་རྣམས་ལ་ཨ་ལྕགས་འབྲུ་ཟེར། རིགས་བཞིའི་སྟེང་དུ་དབལ་དང་ཟླ་གཉིས་ཏེ་དྲུག་ལ་མིའུ་གདུང་དྲུག་ཏུ་གྲགས། དེའི་ནང་ནས་བསྭེ་དང་སྦྲ་གཅིག་པར་བཤད། སྔོན་གྱི་རྒྱལ་རབས་རྣམས་སུ་བསྭེ་ཆུང་འབྲས་ཞེས་པའང་སྦྲ་དང་གཅིག་གམ་གསུངས། དེས་ན་རྒྱལ་རོང་གི་ས་ཆ་འདི་རྣམས་སྦྲ་རིགས་ཀྱིས་བཟུང་གཤིས། རུས་མཛོད་ལས། འགག་དོག་མོ་གསུམ་པོ་སྦྲ་ལ་ཐོབ། །སྦྲ་དཔལ་རྩལ་ཆེ་བ་དེ་དོན་ཡིན། །ཞེས་གསུངས་པ་ལྟར་མདོ་ཁམས་རོང་ཆེན་བཞིའི་ནང་ཚན། རྒྱལ་མོ་ཚ་བ་རོང་གི་འགག་དོག་ས་གསུམ་སྦྲས་ཐོབ་ཅེས་གསུངས་སོ། །
        སྦྲ་རིགས་དེ་ལ་སྦྲ་དཀར་དང་སྦྲ་ནག་སྦྲ་ཁྲའི་རིགས་སོགས་དུ་མ་ཡོད་དེ། མིའུ་གདུང་དྲུག་གི་རུས་མཛོད་ལས།  ཤར་རྒྱལ་མོ་རོང་གི་རྒྱལ་པོ་སྔོན་མ་བྱང་ཆུབ་སེམས་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་མདོ་བཞེར་ནག་པོ་ཞེས་པ་དེ་སྦྲ་ནག་པོའི་རིགས་ཡིན་ལ། བསྟན་པ་སྔ་དར་གྱི་དུས་སུ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ་ལོ་ཙཱ་བ་ཆེན་པོ་པ་གོར་བཻ་རོ་ཙ་ན་ཡུལ་རྒྱལ་མོ་རོང་དེར་བྱོན་དུས་ཀྱི་རྒྱལ་པོ་དེ་ཡིན། ཡུལ་དེའི་རྒྱལ་རིགས་སུ་འཁྲུངས་པ་གཡུ་སྒྲ་སྙིང་པོ་ཞེས་པ། ལོ་ཙཱ་བ་ཆེན་པོ་དེའི་སློབ་མར་གྱུར་པ་རྒྱལ་མོ་གཡུ་སྒྲར་གྲགས་པ་སོགས་བྱུང་ཞིང་། ཡུལ་དེར་བསྟན་པ་སྔ་འགྱུར་གྱི་དམ་པའི་ཆོས་ཡང་དེ་ནས་བཟུང་སྟེ་དར་བར་བཤད་དོ། །དེ་ནས་བཟུང་རྒྱལ་པོ་མདོ་བཞེར་ནག་པོའི་གདུང་རིགས་དེར་ཚིག་བསྡུས་པས་རྒྱལ་ནག་གདུང་རིགས་ཟེར་བ་བྱུང་བར་གྲགས།  ཞེས་གསུངས་སོ། །རྒྱལ་པོ་མདོ་བཞེར་ནག་པོའི་གདུང་རིགས་ད་དུང་ཡང་ཡོད་དེ། ཁྱིམ་དེའི་མིང་ལ་རྒྱལ་ནག་ལྕགས་མགོན་ཚང་ཟེར། གཞན་ཡང་རྒྱལ་རོང་གི་མི་རྒྱུད་དང་དཔོན་རྒྱུད་དག་ནི་མིའུ་གདུང་དྲུག་གི་རུས་མཛོད་སོགས་རུས་མཛོད་རྣམས་སུ་རྒྱས་པར་ཡོད། ཤེས་འདོད་ན་དེ་དག་ཏུ་ལྟོས། ཡུལ་དེར། རྒྱལ་མོ་ཚ་བ་རོང་ཟེར་བའི་རྒྱུ་མཚན་རོང་སྟོན་ཤེས་བྱ་ཀུན་རིག་གི་དངོས་སློབ། བོན་གྱི་སློབ་དཔོན་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ལས། དང་པོ་སྐྱེ་བ་བཞེས་ཚུལ་ནི། །འཁྲུངས་ཡུལ་ཤར་ཕྱོགས་རྒྱལ་མོ་རོང་། །དམུ་རྡོ་ལྷ་གཉན་ཉེ་བའི་གནས། ། ཞེས་གསུངས་པ་ལྟར། རྒྱལ་མོའི་དམུ་རྡོ་ཞེས་གྲགས་པའི་ལྷ་རི་མཐོ་ཞིང་བརྗིད་པ་དེའི་རི་རྒྱུད་དང་བཅས་ཡུལ་ལུང་ཆེན་པོ་དེར་རྒྱལ་མོ་རོང་ཞེས་གྲགས་པ། བོད་ཀྱི་ས་གནས་གཞན་ལས་ཚ་བ་ཅུང་ཆེ་བའི་ས་ཡིན་གཤིས་རྒྱལ་མོ་ཚ་བ་རོང་ཞེས་འབོད། ཚིག་བསྡུས་ནས་རྒྱལ་རོང་ཞེས་བརྗོད་པར་བྱེད། གྲོ་ནས་སྲན་གསུམ་སོགས་འབྲུ་རིགས་འབྱུང་བའི་རོང་ཁོག་ཡིན་སྟབས། རྒྱལ་རོང་། ཐེ་རོང་། དགུ་རོང་། རོང་བོ་རེབ་གོང་བཞི་ལ་མདོ་སྨད་ཀྱི་རོང་ཆེན་བཞི་ཞེས་གྲགས་པ་དང་། ཡང་རྒྱལ་རོང་། ཐེ་རོང་། དགུ་རོང་གསུམ་ལ་མདོ་སྨད་ཀྱི་རོང་ཆེན་གསུམ་ཞེས་བྲིས་པའང་ཡོད། ཤར་རྒྱལ་མོ་རོང་། ལྷོ་ཚ་བ་རོང་། ནུབ་ཀོང་པོ་རོང་། བྱང་ཨ་སྟག་རོང་བཞི་ལ་བོད་གངས་ཅན་གྱི་རོང་ཆེན་བཞི་ཟེར།
        ལྷ་རི་རྒྱལ་མོའི་དམུ་རྡོ་འདི་ལ། དམུ་རྡོ་དབང་ཕྱུག་ཟེར་ཞིང་། དེའི་འཁོར་དུ་སྐུ་བླ་རྣམ་གསུམ། གཉན་ཆེན་སྡེ་བཞི། རི་བོ་དྲུག་ཅུ་རྩ་གཉིས་ཀྱིས་བསྐོར་བ། སྒྲུབ་གནས་བརྒྱ་དང་རྩ་བརྒྱད་སོགས་ཡོད་ལ། སྐུ་བླ་རྣམ་གསུམ་ནི། འོག་གཞི་སྐུ་བླ། ཧ་ཉུང་སྐུ་བླ། རྩེ་མདོ་སྐུ་བླ། གཉན་ཆེན་སྡེ་བཞི་ནི། ཤོ་ལོ་གཉན་ཆེན། ས་ཝོ་གཉན་ཆེན། གཡུ་འབྲུག་གཉན་ཆེན། ཐོ་ཝོ་གཉན་ཆེན་ཟེར། སྐུ་བླ་ནི། སྔོན་རྒྱ་མི་འགའ་ཞིག་གིས། དེ་རྒྱ་སྐད་དུ་བསྒྱུར་ཚེ། ཡུལ་སྐད་དེའི་ཀློག་སྒྲ་ལ་བརྟེན་ནས།  སི་གོས་ལང་(四姑娘)ཞེས་བསྒྱུར། དེར་བརྟེན་འགའ་ཞིག་གིས་རྟོག་བཟོའི་སྒྲུང་གཏམ་ཞིག་ཀྱང་བཟོས་པར་གྲགས། ལྷ་གཉན་ལ་སྐུ་བླ་ཟེར་བ་ནི་བོད་མིའི་གནའ་བོའི་ཟེར་སྲོལ་ཡིན་ཏེ། ཏུན་ཧོང་གི་གཏེར་ཡིག་ལས་ཐོན་པའི་མོ་ཡིག་ལས། ཐབ་ལྷ་ནི་དགའ། སྐུ་བླ་ནི་དགྱེས། ཞེས་སོགས་མང་དུ་འབྱུང་ངོ། །ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སློབ་དཔོན་བཻ་རོ་ཙ་ན་རྒྱང་འཕུད་བཏང་སྐབས་རྒྱལ་མོ་ཚ་བ་རོང་གི(རྫི་འགག་ཏུ་རྒྱལ་ས་བཟུང་བས་རྫི་འགག་རྒྱལ་པོའང་ཟེར་ལ། གུ་རུ་མཚོ་རྒྱལ་གྱི་རྣམ་ཐར་ལས། གཟི་འགག་ཅེས་ཡོད། དེང་སང་འགའ་ཞིག་གིས་རྫོང་འགག་ཅེས་བྲིས་པའང་ཡོད།)ཁམས་རྒྱལ་མདོ་བཞེར་ནག་པོས་ཐོག་མར་སྦལ་དོང་དང་ཤིག་དོང་དུ་འཕེན་པ་སོགས་ངན་ལས་སྣ་དགུ་བྱས་མོད། ཕྱིས་སུ་སྐུ་སྲོག་ལ་ཅུང་ཟད་ཀྱང་མ་གནོད་པས་དད་པ་སྐྱེས་ཏེ། སྦྱིན་བདག་གི་མཐིལ་མཛད་ནས་རྒྱལ་སའི་ཉེ་འདབས་སུ་མདོ་ལུགས་ཀྱི་དགོན་པ་གྱི་བོ་ནོར་བུའི་གླིང་དང་། ཁྲོ་ཆུའི་མཐིལ་དུ་སྔགས་ལུགས་ཀྱི་དགོན་པ་བདེ་ཆེན་གླིང་ཞེས་པ་བཏབ། གྱི་བོ་ནོར་བུའི་གླིང་ནི་རྫི་འགག་རྒྱལ་པོ་ན་རིམ་གྱིས་བསྐྱངས་ཏེ། རབ་བྱུང་བཅུ་གཅིག་བཅུ་གཉིས་པའི་བར་དེར། རྫི་འགག་གི་ཁམས་རྒྱལ་ང་ཤྩི་ཚེ་དབང་གྲགས་རྒྱལ་ཇོ་ནང་ལ་དད་པས། འཛམ་ཐང་གི་ཇོ་ནང་པའི་བླ་མ་བསྟེན་ནས། གྱི་བོ་ནོར་བུའི་གླིང་འདིར་ཇོ་ནང་གི་འདོན་ཆ་འགའ་ཞིག་འདོན་བཅུག་པ་དང་། རྗེ་བཙུན་ཏཱ་ར་ན་ཐའི་སྟོང་སྐུ་སོགས་བཞེངས། རྗེས་སོར་མན་ཆིང་ཆེན་ལུང་གིས་དབང་བསྒྱུར་སྐབས། ཆུ་ཆེན་ལྷ་སེང་དགོན་པ་དགེ་ལུགས་སུ་བསྒྱུར་ཏེ། རྒྱལ་རོང་ཡུལ་གྱི་དགོན་སྡེ་མཐའ་དག་གི་ལྟེ་བ་བྱེད་དགོས་པའི་བཀའ་ཕབ། དེའི་སྐབས་སུ་གྱི་བོ་ནོར་བུའི་གླིང་འདིའང་དགེ་ལུགས་སུ་གྱུར་ཏེ། སྨོན་ལམ་ལྔ་མཆོད་སོགས་ཀྱང་དགེ་ལུགས་པ་ལྟར་བྱས། ཁྲོ་ཆུའི་ཡུལ་གྱི་བདེ་ཆེན་གླིང་ནི་ཕྱིས་སུ་ཆོས་ལུགས་གསར་རྙིང་གཉིས་སུ་གྱུར་ཏེ། རང་རང་གི་ལུགས་ལྟར་བྱེད་པ་ལས་ཕན་ཚུན་འགོག་རྒོལ་སོགས་མེད། དེ་ལྟར་བཻ་རོ་ཙ་ནས་བཏབ་པའི་དགོན་པ་གཉིས་ཀྱང་བཅོས་བསྒྱུར་སྐབས་སུ་ལྷག་མེད་དུ་བཅོམ། འོན་ཀྱང་ཁྲོ་ཆུའི་བདེ་ཆེན་གླིང་ལ་རྒྱལ་ཁབ་ཀྱིས་གསོལ་རས་གནང་སྟེ་བསྐྱར་གསོ་བྱེད་བཞིན་ཡོད། གྱི་བོ་ནོར་བུའི་གླིང་གི་དགོན་ཤུལ་དུ་གྲོང་སྡེ་ཆགས་ནས་ཡོད་ལ་བསྐྱར་གསོ་སོགས་བྱེད་ཀྱིན་ཡོད་མེད་མ་ཤེས། 
        བཻ་རོ་ཙ་ན་རྒྱང་འཕུད་གཏོང་སའི་ཡུལ་ནི། རྒྱལ་མོ་ཚ་བ་རོང་ཡིན་པ་ལས་ལྷོ་ཚ་བ་རོང་མིན། སོག་ཟློག་པའི་འབྲི་གུང་དཔལ་འཛིན་དགག་ལན་ནང་དུ་རྒྱལ་རོང་ཡུལ་མིན་ལྷོ་ཚ་བ་རོང་ཡིན་གསུངས་པ། ཁོང་མདོ་སྨད་དུ་ཕེབས་མ་མྱོང་ཞིང་བཞུགས་ཡུལ་མདོ་སྨད་དང་ཐག་ཧ་ཅང་རིང་བས་རྒྱུས་མ་ལོན་པ་རེད་དོ། །
        རྒྱལ་མོ་ཚ་བ་རོང་གི་ཡུལ་མི་རྣམས་ལ་ཚ་ཁོ་ཞེས་འབོད་པའི་རྒྱུ་མཚན་ནི། སྐབས་ཤིག་བོད་ཀྱི་ལྷ་བཙན་པོས་ཁོ་ཕན་ཞེས་པའི་བློན་པོ་ཞིག་མངགས་ནས་ཡུལ་འདིའི་མགོ་དཔོན་དང་དམག་དཔོན་བྱས། འདིའི་རྒྱལ་སའི་ཁང་ཤུལ་ནི་རྫི་འགག་གི་སྲིབ་ངོས་ན་ཡོད། དེ་ལ་བཙན་པོའི་སྲིད་གཞུང་གིས་བཏང་བའི་བཀའ་ཤོག་དང་ཆབ་ཤོག་གི་ཐོག་ཏུ། རྒྱལ་མོ་ཚ་བ་རོང་གི་ཁོ་ཕན་ལ་ཞེས་དང་། ཚིག་སྡུད་བྱས་ཏེ། ཚ་ཁོ་ལ་ཞེས་བྲིས་པ་དག་གི་རྐྱེན་གྱིས་མགོ་དཔོན་དེ་ལ་ཚ་ཁོ་ཞེས་ཐོགས་པ་དང་། རིམ་གྱིས་ཡུལ་མི་ལའང་ཚ་ཁོ་ཞེས་ཐོགས་པ་ཡིན་ཞེས་རུས་མཛོད་འགའ་ཞིག་ལས་བཤད་པ་བཞིན་དུ། མདོ་སྨད་ཆོས་འབྱུང་དུའང་བཀོད་འདུག་པ་ལྟར་རེད། 
        མདོ་སྨད་ཆོས་འབྱུང་ལས་མདོ་སྨད་ལྷོ་བྱང་གི་མི་རྒྱུད་ཕལ་ཆེར་བོད་ཆོས་རྒྱལ་གྱིས་རྒྱ་བོད་སོ་མཚམས་སུ་བཞག་པ་ལས་མཆེད་པ་ཤ་སྟག་ཡིན་པས་སྐད་རིགས་ལའང་བརྡ་རྙིང་མ་འགྱུར་བ་མང་། ཞེས་གསུངས་པ་ལྟར། རྒྱལ་མོ་ཚ་བ་རོང་གི་ཡུལ་སྐད་འདི་ལ་བོད་ཀྱི་བརྡ་རྙིང་མ་འགྱུར་བ་ཤས་ཆེ་བ་ཡིན་ཏེ། སི་ཏུ་པཎ་ཆེན་གྱི་སུམ་རྟགས་འགྲེལ་ཆེན་ལས། ཁམས་ཕྱོགས་ཀྱི་ཨ་མདོ་དང་རྒྱལ་རོང་སོགས་བྱང་ཤར་གྱི་ས་ཆ་རྣམས་སུ་འཁོད་པའི་སྐྱེ་བོ་དག་ལའང་གནའ་བོའི་དུས་སུ་བོད་ཡུལ་དབུས་ནས་བྱུང་བའི་ཀློག་ཚུལ་མ་ཉམས་པ་ཡིན་པར་གྲགས་པའི་ཡི་གེ་འདོན་ཚུལ་དང་། དེ་དག་གི་ཡུལ་སྐད་བཅས་ལའང་ཅུང་ཉམས་ཆེ་ཙམ་ལས། འཕུལ་རྟེན་སོགས་སྒྲ་དག་པར་འདོན་པ་བྱུང་བ་མངོན་སུམ་གྱིས་གྲུབ་ཅེས་གསུངས་སོ། །
        དེས་ན་རྒྱལ་མོ་ཚ་བ་རོང་གི་ཡུལ་སྐད་ཀྱི་ནང་བརྡ་རྙིང་ཆེས་མང་བ་དང་། སྒྲ་དྲག་ཆེ་བའི་དབང་གིས་འགྱུར་བ་དང་། འགྱུར་ཆེ་བ་དང་། ཉམས་ཆེ་དྲག་པའི་དབང་གིས་འགྱུར་བ་དང་། འགྱུར་ཆེ་བ་སོགས་ཀྱི་དབང་གིས་མི་འདྲ་བ་ལྟ་བུར་གྱུར་པའང་ཡོད་ལ་དབུས་གཙང་སྐད་ཀྱང་རིམ་གྱིས་འགྱུར་བའི་སྟབས་ཀྱིས་མི་འདྲ་བ་ལྟ་བུར་གྱུར་མོད། མ་གཞི་རྒྱལ་རོང་གི་སྐད་འདི་བོད་སྐད་རང་ཡིན་པ་ངེད་ཅག་བོད་རང་མཚན་པ་དང་། བོད་ཡིག་ཤེས་པ་དག་གིས་བལྟས་ན་ཤིན་ཏུ་གསལ། བོད་སྐད་དང་བོད་ཡིག་མི་ཤེས་ཤིང་། རྒྱལ་རོང་གི་སྐད་ཀྱང་མི་ཤེས་པ་འགའ་ཞིག་གིས་བྱུང་རྒྱལ་དུ་སྨྲ་བས། དངོས་དོན་ལྕགས་ལྟ་བུ་དག་བསྒྱུར་ག་ལ་ནུས། 
        རྒྱལ་རོང་ཁོག་གི་ཆུ་དེ་ལ་རྒྱལ་མོའི་རྔུལ་ཆུ་ཞེས་བརྗོད་པའི་རྒྱུ་མཚན་ནི། རྒྱལ་མོ་དམུ་རྡོའི་ལྷ་ཆེན་པོ་དེ་ཉིད། སེམས་ཅན་གྱི་དོན་དུ་ཕེབས་བཞུད་གནང་བས་སྐུ་ངལ་ཏེ་རྔུལ་བའི་ཆུ་ཡིན་ཞེས། མཁས་པ་དག་གིས་བསྟོད་བསྔགས་ཀྱི་མིང་གསོལ་ཏེ། བསང་མཆོད་དང་མཆོད་ཆོག་ཀྱང་བརྩམས། དེས་ན་རྒྱལ་མོ་རྔུལ་ཆུའི་ཆུ་རྒྱུད་རྒྱལ་མོ་ཚ་བ་རོང་ཞེས་གྲགས་པའི་རི་ལུང་ཀུན་ནི། སྦྲ་རིགས་ཀྱིས་བཟུང་། རྒྱལ་མོ་རྔུལ་ཆུའི་ཆུ་མགོ་ཟངས་དཀར་སྨད་ཀྱི་མཇུག་གི་ཐད། ལྷ་རྒྱལ་གླིང(ས་འདི་ལ་རྒྱ་མི་དག་གིས་བསྲ་ཅིན་སེ(刷经寺)ཟེར་ཏེ། ཆོས་པར་ལྷ་ཁང་ཞེས་པ་རེད། སྔར་སོ་མང་རྒྱལ་པོའི་ཆོས་ཀྱི་པར་ཁང་ཞིག་དེ་གར་ཡོད་པས་མིང་དེ་ལྟར་བཏགས་པ་རེད་ཟེར)ནས་མར་སྤྱི་ལེ་ཁ་ཤས་སོང་མཚམས། དེང་སང་ལྷ་འབར་གཞུང་ལམ་ཞེས་པའི་ལམ་མདོ(刷马路口)དེ་ནས། སྤོ་དཀར་ལ་ཟེར་བའི(鹧鸪山)ལ་ཆེན་དེ་བརྒལ་བའི་ཕར་རྒྱབ་ཀྱི་ཆུ་དེའི་སྟོད་དེ་ལ་ཁོག་སྲུང་ཞེས་པའི་སྦྲ་རིགས་ཀྱི་སྡེ་བ་ཡོད། དེ་ལ་ཁོག་སྲུང་ཟེར་བའི་རྒྱུ་མཚན། སྔོན་བོད་ཀྱི་སྲིད་གཞུང་གིས་ལུང་ཁོག་དེ་སྲུང་བའི་དམག་བཞག་པའི་རྒྱུད་ཡིན་པས་དེ་ལྟར་གྲགས། སྡེ་བ་དེའི་དཀྱིལ་ཙམ་གྱི་ས་ཚིགས་སུ་རི་ཉག་སྣེ་ལོ་ཞིག་ཡོད་པའི་མཚན་མ་ལས་ས་ཚིགས་དེ་ལ་ཉག་ལོ་ཞེས་གྲགས། རྒྱ་མི་དག་གིས་ཉག་ལོ་ཞེས་པ་བསྒྱུར་སྒྲ་མ་དག་པར། མེས་ཡ་ལོའུ(米亚罗)ཟེར། ཁོག་སྲུང་གི་ཆུའི་སྐེད་ཙམ་དུ་རྒྱལ་ཁ་བཀྲ་ཤིས་གླིང་ཡོད། དེ་ནི་སྔར་ཐང་བོད་འཁྲུག་པའི་སྐབས་སུ་བོད་ཀྱིས་རྒྱལ་ཁ་ཆེན་པོ་ཞིག་བླངས་པའི་དགའ་སྟོན་གྱི་ཡུལ་ལ་རྒྱལ་ཁ་བཀྲ་ཤིས་གླིང་ཞེས་བཏགས། ཕྱིས་སུ་རྒྱལ་ཕྲན་བཅོ་བརྒྱད་ཀྱི་ནང་ཚན་རྒྱལ་ཁ་རྒྱལ་པོའི་རྒྱལ་ས་དེ་གར་བཟུང་། བཀྲ་ཤིས་གླིང་ཞེས་པ་རྒྱ་སྐད་དུ་བསྒྱུར་སྒྲ་མ་དག་པར། ཙ་གི་ལོ(杂谷脑)ཟེར། དེ་ནས་ཁོག་སྲུང་ཆུ་དང་། ཟུང་ཆུའི་ཆུ་བོ་འདྲེས་མཚམས་ཀྱི་ཝིས་ཀྲུའུ་དང་། འོག་གི་ཝུན་ཁྲོན། དེ་འོག་གི་བཀན་ཤན་སོགས། ཐང་བོད་འཁྲུག་པའི་སྐབས་སུ་བོད་དམག་གིས་བླངས་ཏེ། བོད་དམག་སྦྲ་རིགས་ཀྱིས་བཟུང་། དམག་དཔོན་བསོད་ནམས་མགོན་ཟེར་བ་མཐའ་མཚམས་སྲུང་བའི་དམག་དཔོན་བྱས་ཏེ་བསྡད་པ། ཕྱིས་སུ་རྒྱལ་ཕྲན་བཅོ་བརྒྱད་ཀྱི་ནང་ཚན་མདོ་གླིང་རྒྱལ་པོའམ་ལུང་དགུ་རྒྱལ་པོ་ཡང་ཟེར་རོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1