༄༅།། བོད་ཡིག་གི་ཡིག་རུས་ཀྱི་དཔེ་རྙིང་རྩ་འགངས་ཆེ་བ་ཞིག

སྔོ་དེའུ་སྒོམ་པ་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།དགེ་ལུགས་པའི་དྲ་བ། སྤེལ་དུས། 03-14


【ནང་དོན་གནད་བཏུས།】རྩོམ་ཐུང་འདིར་དེ་སྔོན་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དྲུང་ཡིག་ཆེན་མོ་སྨྱུག་འཛིན་མཁས་དབང་དགེ་རྒན་སྨོན་ལམ་རྒྱ་མཚོ་མཆོག་གིས་ཉར་ཚགས་མཛད་པའི་བོད་ཡིག་གི་ཡིག་རུས་སྒྱུ་རྩལ་གཞུང་ལུགས་སྐོར་གྱི་དཔེ་རྙིང་ལག་བྲིས་མ་《ཡི་གེའི་བསྟན་བཅོས་སྟོང་ཐུན་སྨྱུག་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་》ཞེས་བྱ་བའི་མ་ཡིག་གཞིར་བཟུང་ནས། དཔེ་རྙིང་དཀོན་པོ་དེ་ཉིད་ཀྱི་ནང་དོན་དང་ཁྱད་ཆོས་གཙོ་བོ་སོགས་མདོར་བསྔུས་གནད་དྲིལ་གྱི་ཚུལ་དུ་ངོ་སྤྲོད་རགས་ཙམ་ཞུས་ཡོད།
【གནད་ཚིག】བོད་ཡིག  ཡིག་རུས་སྒྱུ་རྩལ།  གཞུང་ལུགས།  དཔེ་རྙིང་།  ཁྱད་ཆོས།
           བོད་ཀྱི་རིག་གནས་ཆེ་ཆུང་བཅུའི་ནང་ནས་བཟོ་རིག་པའི་ཁོངས་སུ་གཏོགས་པའི་བོད་ཡིག་གི་ཡིག་རུས་[1]ལ་ཡིག་གཟུགས་དང་། ཡིག་རིས། བྲིས་ཞེས་ཀྱང་ཟེར་ཞིང་། དེར་དུས་ཡུན་རིང་བོའི་ལོ་རྒྱུས་དང་། མཐོང་བ་བརྒྱུད་པའི་ཕྱག་རྒྱུན། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་། ཕུན་སུམ་ཚོགས་པའི་རིག་གནས་ཀྱི་མཆོན་དོན། ཆ་ཚང་ཞིང་ཞིབ་ཚགས་ཆེ་བའི་གཞུང་ལུགས་ཀྱི་མ་ལག་བཅས་ལྡན་པ་ཡིན། ཐོག་མའི་སློབ་དཔོན་ཐོན་མི་སཾ་བྷོཊ་ནས་ད་ལྟའི་ཡིག་མཁན་མཁས་པ་རྣམས་ཀྱི་བར་དུ།  བོད་གངས་ཅན་གྱི་ལྗོངས་སུ་ཡིག་མཁན་མཁས་པ་མང་བོ་གངས་རིའི་ཟོམ་ལས་འབབ་པའི་གངས་ཆུ་གཙང་མའི་རྒྱུན་བཞིན་དུ་ཟམ་མ་ཆད་པར་བྱོན་ཏེ། ཁོང་ཚོ་ཐུན་མོང་གིས་བོད་ཡིག་གི་ཡིག་རུས་སྒྱུ་རྩལ་གྱི་གཞུང་ལུགས་དང་ལག་ལེན་གཉིས་ཀྱི་ཆ་ནས་ཡར་རྒྱས་གོང་འཕེལ་ཆེན་པོ་འབྱུང་བར་བྱས་སོ།།
           ཚང་མས་མཁྱེན་གསལ་ལྟར། བོད་ཡིག་གི་ཡིག་རུས་སྒྱུ་རྩལ་ནི། བོད་ཀྱི་གཟུགས་མིན་རིག་གནས་སམ་དངོས་པོ་མ་ཡིན་པའི་རིག་གནས་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་། མི་རིགས་ཀྱི་མཛེས་དཔྱོད་སེམས་ཁམས་དང་མཐུན་པའི་ཁྱད་ཆོས་ཀྱིས་ཕྱུག་པའི་སྒྱུ་རྩལ་གྱི་རྣམ་པ་ཐུན་མོང་མ་ཡིན་པ་ཞིག་ཀྱང་ཡིན་ནོ།། དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་དང་།རིག་གནས་སྣ་མང་ཅན་དུ་འགྱུར་བཞིན་པའི་དེང་གི་དུས་འདིར། གཟུགས་མིན་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་བོད་ཡིག་གི་ཡིག་རུས་སྒྱུ་རྩལ་སྲུང་སྐྱོབ་དང་། རྒྱུན་འཛིན། དར་རྒྱས་སུ་གཏོང་བའི་བྱ་བ་སྔར་ལས་ལྷག་པར་ལེགས་པོར་བསྒྲུབ་པ་ལ། མི་རིགས་སྤྱི་དང་བྱེ་བྲག་གང་ཟག་སྒེར་བ་གཉིས་ཀྱི་ནང་ནས་བྱེ་བྲག་གང་ཟག་སྒེར་བའི་ཆ་ནས། གནའ་སྔ་མོ་ནས་དུས་ད་ལྟའི་བར་དུ་ཆུ་ལམ་ཞུགས་དང་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་མི་རབས་ནས་མི་རབས་བར་བརྒྱུད་པའི་སྔོན་བྱོན་ཡིག་མཁན་མཁས་པའི་ཡིག་རུས་ཀྱི་ཕྱག་རྒྱུན་འཁྲུལ་མེད་རྒྱུན་འཛིན་གང་ལེགས་བྱེད་དགོས་ཤིང་། སྤྱི་ཚོགས་ཡོངས་ཀྱི་ཆ་ནས་ཡིག་རུས་སྐྱུ་རྩལ་གྱི་གཞུང་ལུགས་ལ་སློབ་སྦྱོང་དང་ཞིབ་འཇུག་གང་ཟབ་བྱེད་པར་མཐོང་ཆེན་བྱས་ཏེ། བོད་ཡིག་གི་ཡིག་རུས་སྒྱུ་རྩལ་གྱི་གཞུང་ལུགས་དང་ལག་ལེན་གཉིས་ཀའི་ཆུ་ཚད་ཇེ་མཐོར་འགྲོ་བར་རང་རང་སོ་སོའི་ངོས་ནས་གང་ཐུབ་ཅི་ནུས་ཀྱིས་བརྩོན་པ་ལྷུར་ལེན་བྱ་དགོས་སོ།།
           དེ་སྔོན་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དྲུང་ཡིག་ཆེན་མོ་སྨྱུག་འཛིན་མཁས་དབང་དགེ་རྒན་སྨོན་ལམ་རྒྱམཚོ(1928-1990ལོ)མཆོག་གིས་བྲིས་པའི 《ཡིག་གཟུགས་བློ་གསལ་སྤྱི་ནོར་》ཞེས་བྱ་བའི་མཛད་བྱང་དུ།དཔེ་འདི་འབྲི་སྐབས། ཁྱུང་བོ་གཡུ་ཁྲིའི་གསུང་རིན་ཆེན་སྒྲོམ་བུ་དང་།ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེའི་དཔེ་རྙིང་བྲིས་མ་ཞིག་དང་། སུམ་པ་པཎྜི་ཏས་དབུ་ཆེན་གྱི་ཡིག་གཟུགས་ཐིག་ཁོངས་སུ་ཕབ་པ་དང་། གཡུ་ཁྲིའི་ཐིག་རྩའི་སྡོམ་ཚིག་དྲངས་པ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཤེས་བྱ་ཀུན་ཁྱབ་ཏུ་དྲངས་པའི་སྡོམ་ཚིག་བློ་གསལ་དགའ་སྟོན་དུ་བཀོད་པ་དེ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཡའ་སེལ་དུ་དྲངས་པའི་གཡུ་ཁྲིའི་ཐིག་རྩའི་སྡོམ་ཚིག་དང་། དེའི་འགྲེལ་བ་བཅས་ལ་ཞིབ་གཏུག་ཅི་ལྕོགས་ཀྱིས་གཞི་བཟུང་།[2]ཞེས་ཁོང་གིས་ཡིག་རུས་ཀྱི་དཔེ་དེ་ཉིད་འབྲི་རྩོམ་གནང་སྐབས་ཁུངས་བཅོལ་ས་དང་ཟུར་ལྟ་གནང་སའི་ཡིག་རུས་སྐོར་གྱི་གཞུང་ལུགས་ཀྱི་བསྟན་བཅོས་གཙོ་བོ་འགའི་མཚན་བྱང་བཀོད་པའི་ཁྲོད་ན་《ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་》ཞེས་པ་ཞིག་འཁོད་འདུག་ལ། བསྟན་བཅོས་དེ་ནི་བོད་ཀྱི་ཡིག་རུས་ཀྱི་རྣམ་བཞག་བསྟན་པའི་གནའ་དཔེ་ཡིག་ཆ་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་ཁོང་གིས་བརྩམས་པའི་《བོད་ཡིག་གི་རྣམ་བཞག་མདོར་བསྡུས》[3]ཞེས་བྱ་བར།
མི་ལོ་དགུ་བརྒྱ་ཡས་མས་གོང་རོལ་ལ།།
ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་མཛད།།
གསུང་རབ་ཕྱི་མོ་ཡི་གེའི་གཟུགས་རིས་ནི།།
གཏན་ལ་ཕབ་འདི་དཔྱོད་ལྡན་ཀུན་གྱིས་བསྟེན།།ཞེས་གསུངས་པས་རྟོགས་ཐུབ་པོ།།
           འདིར་ནི་བོད་ཀྱི་ཡིག་རུས་སྒྱུ་རྩལ་གྱི་གཞུང་ལུགས་སློབ་སྦྱོང་དང་ཞིབ་འཇུག་གི་བྱ་བ་ཡར་སྐུལ་དང་། ཡིག་རུས་གསར་སློབ་པ་དག་ལ་དཔྱད་གཞི་མཁོ་འདོན། རང་དང་སྐལ་བ་མཉམ་པ་འགའ་རེའི་མཐོང་ཐོས་ཀྱི་རྒྱ་བསྐྱེད་པ་བཅས་ལ་ཕན་ཅུང་ཟད་ཨེ་ཐོགས་སྙམ་པའི་ཀུན་སློང་སྙིང་ལ་བཅངས་ཏེ། གནའ་དཔེ་ཡིག་ཆ་དེ་ཀོ་མཚམས་སྦྱོར་རགས་ཙམ་བགྱིད་པ་ལ།

དང་པོ། ཡིག་ཆ་ངོ་སྤྲོད།
           《ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་》ཞེས་བྱ་བའི་བསྟན་བཅོས་འདིའི་མཚན་བྱང་ཡོངས་རྫོགས་ལ་《ཡི་གེའི་བསྟན་བཅོས་སྟོང་ཐུན་སྨྱུག་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།》[4]ཞེས་འཁོད་འདུག་ལ། མཛད་བྱང་དུ།  ཡི་གེའི་མན་ངག་གསེར་དང་འདྲ་བ་འཕགས་པ་འཇམ་དཔལ་གྱིས་མཛད་པ་རྫོགས་སོ།། ཞེས་བསྟན་བཅོས་དེ་ཉིད་མཛད་པ་བོ་འཕགས་པ་འཇམ་དཔལ་བྱ་བ་ཡིན་སྐད་བརྗོད་འདུག་ལ། ནང་དོན་གྱི་ཆ་ནས་བལྟས་ན་ཡིག་མཁན་མཁས་པ་ཁྱུང་བོ་གཡུ་ཁྲིའི་སློབ་མ་ཞིག་གིས་རང་གི་སློབ་དཔོན་གྱི་གསུང་རྩོམ་《སྨྱུག་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ》དང་།《ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ》། 《བྲིས་ཀྱི་མན་ངག་ཡི་གེའི་ཆ་ཐིག་ནམ་མཁའི་ནོར་བུ་》ཞེས་བྱ་བ་བཅས་ཕྱོགས་སྒྲིག་བྱས་པ་ཞིག་ཡིན་པར་སྣང་ལ། གནའ་དཔེ་ཡིག་ཆ་དེའི་མ་ཡིག་སྨྱུག་འཛིན་དབང་བོ་མཁས་དབང་སྨོན་ལམ་རྒྱ་མཚོས་ཉར་ཚགས་མཛད་འདུག   བསྟན་བཅོས་དེ་ནི་བོད་ཡིག་དབུ་མེད་ཀྱིས་བྲིས་པའི་དཔེ་རྙིང་སྣ་རིང་ཞིག་སྟེ། ཤོག་གུའི་སྲིད་ལ་cm༡༥དང་།ཞེང་ལ་cm༧མཆིས།དབུ་ཤོག་གཅིག་ཐིག་དང་།མཇུག་ཤོག་ལྔ་ཐིག་ཡིན་པ་ལས་གཞུང་དཀྱུས་བདུན་ཐིག་བྱས་འདུག  དབུ་ཤོག་ལས་གཞན་ཤོག་ལྡེབས་རེ་རེའི་སྣེ་གཉིས་ལ་ཐིག་གཉིས་རྐྱ་རེ་ཐེན་འདུག་ཅིང་གཡོན་སྣེར་ཤོག་གྲངས་འཁོད་འདུག  བསྟན་བཅོས་ཧྲིལ་བོར་ཁྱོན་བསྡོམས་ཤོག་ལྡེབས་བཅུ་གཉིས་དང་། ཤོག་ངོས་ཉེར་གཅིག་མཆིས་སོ།།

གཉིས་པ། ནང་དོན་མདོར་བསྡུས།
           གནའ་དཔེ་ཡིག་ཆ་དེའི་ནང་དོན་དོན་ཚན་ཆེ་ཁག་བཞིར་ཕྱེ་འདུག་ལ།  དོན་ཚན་དང་བོར་བརྒྱུད་པའི་ལོ་རྒྱུས་ཏེ་སློབ་དཔོན་ཐོན་མིས་འཇོག་གྲུ་བཞི་སེང་གེ་དཀར་མོ་དགུང་དུ་འཕྱོང་བ་དང་འདྲ་བའི་ཡིག་གཟུགས་གསར་བཟོ་མཛད་པ་ནས།  ཡིག་མཁན་མཁས་པ་ཁྱུང་པོ་གཡུ་ཁྲིས་བོད་ཡིག་དབུ་ཅན་ལ་ཆ་ཚད་བགོས་ནས་ཐིག་ཁོངས་སུ་དྲངས་པ་དང་། ཁོང་གི་སློབ་རྒྱུད་སྔ་རབས་དང་པོའི་བུ་བཞི་དང་། བོད་ཀྱི་བུ་བཞི།  ཕྱི་དུས་ཀྱི་བུ་བཞི་ཟེར་བ་བཅས་བྱོན་པའི་བར་དུ། བོད་དུ་ཡིག་མཁན་མཁས་པ་གང་དག་བྱུང་བ་དང་། དེ་དག་གིས་བྱ་ཕོ་འཇོལ་བ་འདྲ་བ་དང་། སྦལ་ནག་ན་ལ་བརྒྱང་བ་འདྲ་བ། མུ་ཏིག་རྩར་ལ་བརྒྱུས་པ་དང་འདྲ་བ། ཕྱིང་བུ་དཀར་བོའི་སྟེང་ལ་ནས་སྔོན་བསྒྲིགས་པ་དང་འདྲ་བ་སོགས་ཀྱི་ཡིག་གཟུགས་གསར་གཏོད་བྱས་ཚུལ་དང་། དེ་དག་རྒྱལ་བོ་སུའི་སྐུ་རིང་ལ་ཡུལ་གང་དུ་གཏེར་དུ་སྦས་པ་དང་། ཕྱིས་སུ་གཏེར་ནས་བཏོན་ཏེ་དར་ཁྱབ་ཏུ་སྤེལ་ཚུལ་སོགས་མདོར་བསྔུས་གནད་དྲིལ་གྱི་ཚུལ་དུ་བསྟན་འདུག
          དེ་ནས་དོན་ཚན་གཉིས་པར་《ཡི་གེའི་སྟོང་འཐུན་ལས་སྨྱུག་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་བཞུགས་སོ།།》ཞེས་པའི་ཡིག་ཆུང་གི་ཁ་བྱང་བཀོད་ནས།
          བཤད་རྒྱུད་མུན་སེལ་ཉམས་སུ་བླངས་པ་བདེ།།
          འཇམ་དབྱངས་རྣམ་འཕྲུལ་ཁྱུང་པོ་གཡུ་ཁྲི་ཡི།།
          སྨྱུག་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་བཤད།།
          ཅེས་གླེང་བསླངས་ཏེ། མཇུག་ཏུ།
          སྨྱུག་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་འདི།།
          ཕྱི་རབས་སྨྱུག་ཐོགས་ཡོངས་ལ་ཕན་པའི་ཕྱིར།།
           ཁྱུང་པོ་བདག་གིས་ཚིགས་སུ་བཅད་དེ་བྲིས།།
          ཕྱི་རབས་སྨྱུག་ཐོགས་བསྟན་འཛིན་རྣམས་ཀྱིས་ཐུགས་དམ་མཛོད།།སྨྱུག་གུའི་བསྟན་བཅོས་དེ་གཉིས་པའོ།[5]ཞེས་པའི་བར་དུ་ཡིག་མཁན་མཁས་པ་ཁྱུང་པོ་གཡུ་ཁྲིའི་《སྨྱུག་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་》ཞེས་བྱ་བ་རྫོགས་པར་བཀོད་འདུག་ལ། བསྟན་བཅོས་དེ་ཉིད་དུ་སྨྱུ་གུའི་རྒྱུ་ཆ་སྨྱུག་མའི་རིགས་ལ་བརྟག་ཐབས་དང་།  སྨྱུག་གྲི་དང་སྨྱུ་གུ་བཟོ་སྟངས། སྣག་གསེར་གཉིས་ཀྱི་སྨྱུ་གུའི་བྱེ་བྲག་གི་ཁྱད་པར་སོགས་ཚིག་ཉུང་དོན་འདུས་ཀྱི་ཚུལ་དུབསྟན་འདུག
          གནའ་དཔེ་ཡིག་ཆ་དེའི་དོན་ཚན་ཁག་གསུམ་པའི་ཁ་བྱང་ལ།《ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་བཞུགས་སོ།།》ཞེས་བཀོད་འདུག་ལ། དཔེ་རྙིང་དེའི་གྲུབ་ཆ་གཙོ་བོ་《ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་》ཞེས་བྱ་བའི་ཚན་པ་འདི་བྱས་འདུག  བསྟན་བཅོས་དེའི་ནང་དོན་གཙོ་བོ་ནི།
          འཇམ་དབྱངས་མཁྱེན་བརྩེ་ལྡན་ལ་ཕྱག་འཚལ་ལོ།།
          བཤད་རྒྱུད་མུན་སེལ་ཉམས་སུ་བླངས་པ་ཡི།།
          འཕྲུལ་ཡིག་སུམ་ཅུའི་བློ་སྒྲོམ་ལྐུགས་འབྱེད་པ།།
          ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་བཤད།།
ཅེས་བསྟན་བཅོས་ལ་འཇུག་པའི་སྒོ་བསྟན་ཅིང་། མཇུག་ཏུ། ཡི་གེའི་བསྟན་བཅོས་གསལ་བའི་སྒྲོན་མེ་སྟེ་གསུམ་པའོ།།[6]ཞེས་པའི་བར་དུ་བོད་ཡིག་ཐིག་ཁོང་སུ་དྲངས་ཏེ་ཆ་བགོ་ཚུལ་དང་། ཡི་གེའི་མགོ་དང་། དཔུང་བ། མིག་འགྲུལ། ཡར་འབུར། མར་འཐེན། དབྱངས་འདོགས་བཅས་ཀྱི་མཚན་ཉིད་དང་།དེ་དག་གི་སྨྱུག་ཁ་ཁྲིད་ཚུལ་བཅས་ཅུང་ཞིབ་པར་བསྟན་པ་དང་།
          སྤྱིར་མ་ཆོས་ཉི་ཤུ་རྩ་གཅིག་དང་།།
          བུ་ཡི་ཆོས་ནི་བཅུ་དྲུག་སྟེ།།
          སྤྱི་ལ་བརྟེན་པའི་ཆོས་གསུམ་དང་།།
          བཞི་བཅུ་ཐམ་པ་ཁྱུང་བོའི་ལུགས།།
          གཅེས་པ་བརྒྱད་དང་འདོན་པ་བཅུ།།
          ཞོར་འབྱུང་ཡིན་ཏེ་ལྔ་བཅུ་བརྒྱད།།
ཅེས་ཡིག་རུས་ཀྱི་རྣམ་བཞག་སྤྱིར་བསྟན་མཛད་ནས།མ་ཆོས་ཉི་ཤུ་རྩ་གཅིག་སོགས་ལ་རབ་འབྲིང་ཐ་གསུམ་གྱི་དབྱེ་བ་ཞིབ་ཏུ་བསྟན་པ་ཀ་མད་སུམ་ཅུ་དང་སྦྱར་ནས་རྒྱས་བཤད་མཛད་ཡོད་དོ།།  དོན་ཚན་བཞི་བ་སྟེ་མཇུག་གི་དོན་མཚན་གྱི་ཁ་བྱང་ལ་《བྲིས་ཀྱི་མན་ངག་ཡི་གེའི་ཆ་ཐིག་ནམ་མཁའི་ནོར་བུ་ཞེས་བྱ་བ་བཞུགས་སོ།།》ཞེས་བཀོད་འདུག་ལ།ནང་དོན་གཙོ་བོ་ནི།ཡི་གེའི་ཆ་ཚད་ཐིག་ཁོངས་སུ་འདྲེན་ཚུལ་ཏེ། ཀ་མད་སུམ་ཅུ་དབྱངས་འདོགས་དང་。  བཅས་པའི་ཆ་ཚད་བསྟན་ཅིང་།
             ཡི་གེའི་ཁོག་དོན་བཞི་བསྡུས་ཏེ།།
             སྙོམས་པ་དང་ནི་མ་འདྲེས་པ།།
             ཀུན་ཏུ་དྲང་ལ་འཇམ་པ་བཞི།
             ཡི་གེ་དག་གི་སྤྱི་སྡོམ་ཡིན།།
ཞེས་སྙོམས་པ་དང་། མ་འདྲེས་པ། དྲང་བ། འཇམ་པ་བཞི་བོ་སོ་སོར་རྣམ་པ་གཉིས་རེར་ཕྱེ་སྟེ་ཚན་པ་བརྒྱད་ཀྱི་སྒོ་ནས་ཆ་ཐིག་གི་རྣམ་བཞག་མདོར་བསྟན་ཅིང་།སྙོམས་པ་ལ་ཁོག་སྙོམས་པ་ལྔ་དང་། ཆ་ལག་སྙོམས་པ་ལྔ། མ་འདྲེས་པ་ལ་ཁོག་མ་འདྲེས་པ་གསུམ་དང་། ཆ་ལག་མ་འདྲེས་པ་གསུམ། དྲང་བ་ལ་ཁོག་དྲང་བ་གསུམ་དང་། ཆ་ལག་དྲང་བ་གསུམ། འཇམ་པ་ལ་ཁོག་གི་འཇམ་པ་རྣམ་གསུམ་དང་། ཆ་ལག་འཇམ་པ་གསུམ་བཅས་རྒྱས་པར་བཤད། དེ་ནས་ཡི་གེའི་མན་ངག་ལྔ་དང་། ཡི་གེ་འགྲིག་པའི་མཚན་ཉིད་གསུམ། ཡི་གེ་རྩོག་པའི་རྒྱུ་བཞི། ཡི་གེ་མི་མཛེས་པའི་རྒྱུ་བཞི། ཡི་གེ་སྣོག་པའི་རྒྱུ་བཞི་སོགས་ཅུང་ཞིབ་པར་བསྟན་ཡོད་པ་ནི། [7]ཡིག་མཁན་མཁས་དབང་སྨོན་ལམ་རྒྱ་མཚོས་《བོད་ཡིག་གི་རྣམ་བཞག་མདོར་བསྔུས་》སུ།
          ལྷག་པར་གཅེས་པ་བརྒྱད་དང་འདོན་པ་བཅུ།།
          དྲང་སྙོམས་འཇམ་དང་མ་འདྲེས་རྣམ་པ་བཞི།།
          རེ་རེར་གཉིས་གཉིས་བསྡོམས་པར་བརྒྱད་དུ་བསྟན།།
          བྱེ་བྲག་ཉི་ཤུ་རྩ་ལྔར་དབྱེ་བ་གནང་།།
          བཅོག་དང་མི་མཛེས་སྣོག་དང་ངན།།
          རེ་རེར་རྒྱུ་བཞི་བཅུ་དྲུག་དང་།།
          མན་ངག་ལྔ་དང་མཚན་ཉིད་གསུམ།།
          བསྟན་བཅོས་འཕྲུལ་གྱི་སྒྲོན་མེར་བཤད།།[8]
ཅེས་《ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་》ལས། བྲིས་ཀྱི་མན་ངག་དང་ཡི་གེའི་ཆ་ཐིག་གི་སྐོར་གྱི་བརྗོད་དོན་གནད་བསྡུས་སྡོམ་ཚིག་གི་ཚུལ་དུ་བསྟན་ཡོད་པ་ལྟར་རོ།།

གསུམ་པ། ཁྱད་ཆོས་གཙོ་བོ།
          བོད་ཡིག་གི་ཡིག་རུས་སྒྱུ་རྩལ་སྐོར་གྱི་གནའ་དཔེ་རྩ་ཆེན་《ཡི་གེའི་བསྟན་བཅོས་སྟོང་ཐུན་སྨྱུག་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་》ཞེས་བྱ་བ་ལ། བོད་ཡིག་གི་ཡིག་རུས་སྒྱུ་རྩལ་སྐོར་གྱི་ཡིག་ཆ་སྔ་ཤོས་ཡིན་པ་དང་གཅིག  གནའ་དེང་གི་ཡིག་མཁན་མཁས་པ་རྣམས་ཀྱིས་མཛད་པའི་བོད་ཡིག་གི་ཡིག་རུས་སྐོར་གྱི་བསྟན་བཅོས་དག་གི་ཁུངས་བཅོལ་ས་ཡིན་པ་གཉིས། སྔོན་བྱོན་ཡིག་མཁན་མཁས་པའི་ཕྱག་རྒྱུན་མན་ངག་ཚང་ལ་མ་ནོར་བར་བསྟན་པ་གསུམ།  བོད་ཡིག་གི་ཡིག་རུས་སྒྱུ་རྩལ་འཕེལ་རྒྱས་བྱུང་ཚུལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞི་ཁུངས་ལྡན་འདོན་སྤྲོད་བྱེད་ཐུབ་པ་དང་བཞི། བོད་ཡིག་གི་ཡིག་རུས་ཀྱི་ཚད་གཞི་ལེགས་པར་གཏན་ལ་ཕབ་ཡོད་པས་གཞུང་ལུགས་ཀྱི་ཆ་ནས་ཞིབ་འཇུག་གི་རིན་ཐང་མཐོ་ཞིང་། ལག་ལེན་གྱི་ཆ་ནས་དེང་གི་དུས་སུའང་ལམ་སྟོན་གྱི་དོན་སྙིང་ལྡན་པ་དང་ལྔ་བཅས་ཀྱི་ཁྱད་ཆོས་ལྡན་པར་སྣང་ངོ་།།

བཞི་བ།མཇུག་གྲུབ་པའི་ཚིག
          བོད་ཀྱི་ཡིག་རུས་སྒྱུ་རྩལ་ལ་གསར་གཏོད་དང་འཕེལ་རྒྱས་གལ་ཤིན་ཏུ་ཆེ་ཡང་། ཡིག་མཁན་མཁས་པའི་ཕྱག་རྒྱུན་གྱི་བརྒྱུད་ཁུངས་མི་ལྡན་པའམ་གཞུང་ལུགས་ཀྱི་རྒྱབ་རྟེན་བྲལ་བའི་ཡིག་རུས་བྲིས་རྒྱུན་དག་ལ་སྤྱི་ཚོགས་ཀྱིས་བརྩི་མཐོང་ཆེར་གཟིགས་མི་བྱེད་པར་མ་ཟད།  ཁུངས་མེད་རང་བཟོའི་ཡི་གེ་ཞེས་ཡིག་མཁན་མཁས་པ་རྣམས་ཀྱིས་འཕྱ་སྨོད་ཀྱི་ཡུལ་དུ་འཛིན་པར་བྱེད་པས་ན།  ཡིག་རུས་སྒྱུ་རྩལ་ལ་དགའ་ཞེན་ཡོད་པའི་མི་སུ་དང་སུ་ཞིག་ཡིན་ནའང་། བརྒྱུད་པ་བར་མ་ཆད་པའི་ཡིག་མཁན་སློབ་དཔོན་མཁས་པའི་མཐོང་བ་བརྒྱུད་པའི་ཕྱག་རྒྱུན་གཙིགས་སུ་བཟུང་སྟེ་དེར་སློབ་སྦྱོང་ནན་ཏན་བྱས་ནས་བྱང་ཆ་ལྡན་པར་བྱེད་པ་ལས་རང་གི་ལག་ལ་གང་ཐོན་མི་བྱེད་པ་དང་།《ཡི་གེའི་བསྟན་བཅོསེ་འཕྲུལ་གྱི་སྒྲོན་མེ་》ལྟ་བུའི་མི་རིགས་རང་གི་ཡིག་རུས་སྒྱུ་རྩལ་སྐོར་གྱི་གཞུང་ལུགས་ཁུངས་མ་དག་ལ་སློབ་སྦྱོང་མཐིལ་ཕྱིན་བྱས་ནས་ཡིག་རུས་སྒྱུ་རྩལ་གྱི་ལེགས་བྱང་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་ལ་འབད་པ་ལྷུར་ལེན་བྱ་དགོས་ཏེ། མཁས་དབང་སྨོན་ལམ་རྒྱ་མཆོས། རིག་གནས་བཅུ་ག་ཕར་ཟད། ཡིག་གཟུགས་གྲྭ་ཟུར་ཉམས་ནས་ཆལ་ཆོལ་དུ་འབྲི་བ་ནི། བཟང་ལྟས་མ་ཡིན་གྱི། རིག་གནས་ཉམས་པའི་ངན་རྟགས་རེད། ཅེས་དམ་པ་གོང་མ་ལ་ལས་གསུངས་པ་ཐུགས་ཤིན་ཏུ་མད་སྙམ།[9]ཞེས་གསུངས་པ་ལྟར། རྩིས་འཁོར་རྒྱ་ཁྱབ་ཏུ་བེད་སྤྱོད་པའི་དེང་གི་དུས་འདི་ལྟ་བུར་མཚོན་ན། ཡིག་གཟུགས་ཆལ་ཆོལ་དུ་འབྲི་བ་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད་པ་ཀུན་ལ་མཐུན་སྣང་དུ་གྲུབ་པ་ལྟར་ལགས་ཤིང་།   དེ་ལྟ་བུའི་གནས་སྐབས་སུ། ཡིག་རུས་སྒྱུ་རྩལ་གྱི་གཞུང་ལུགས་དང་ལག་ལེན་ཟུང་དུ་སྦྲེལ་ནས། སྤྱི་ཚོགས་ཡོངས་སུ་ཡིག་རུས་གྲ་མ་ཆག་གྲུ་མ་ཉམས་པར་འབྲི་བའི་སྔར་སྲོལ་བཟང་བོ་སླར་གསོ་དང་དར་ཁྱབ་ཏུ་བཏང་སྟེ།  མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་རྒྱས་སུ་གཏོང་བ་ལ་ཚང་མས་རང་རང་སོ་སོའི་ས་ནས་དཀའ་བ་དང་ལེན་དང་ཐེག་པ་ཁུར་ལེན་བྱ་རྒྱུ་གནད་ཀྱི་དོན་པོ་ལགས་ཞེས་ཞུའོ།།
    ཟུར་མཆན།
     [1]ཡིག་རུས་ནི། བོད་རྒྱ་ཚིག་མཛོད་ཆེན་མོར། ཡི་གེ་འབྲི་ཚུལ་ལག་རྒྱུན་གྱི་རིགས་ཀྱི་སྤྱི་མིང་ཡིན་པར་བསྟན་འདུག་པས། སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་ཡིག་གཟུགས་ལ་ཡིག་རུས་ཞེས་བརྗོད་ན་ལེགས་ཏེ། ཡིག་གཟུགས་ཞེས་པ་ཡི་གེའི་གཟུགས་སྣ་ཚོགས་ལ་གོ་བ་ལས། སྒྱུ་རྩལ་རང་བཞིན་ཅན་གྱི་ཡིག་གཟུགས་ལ་གོ་མི་ཐུབ་པ་ངེས་གསལ་ཡིན་ཞིང་། ཡིག་རིས་ཞེས་པའང་ཡི་གེ་དང་རི་མོའི་བསྡུས་ཚིག་ཏུ་གོ་བའི་གོམས་སྲོལ་སྔ་མོ་ནས་ཆགས།  ས་ཆ་འགའ་རེར་བྲིས་ཞེས་བརྗོད་ཚུལ་ཡོད་ཀྱང་བྱ་ཚིག་འབྲིའི་དུས་འདས་པ་དང་ནོར་སོ་ཆེ་བས།  བོད་རང་སྐད་ལ་ཡིག་རུས་ཞེས་བརྗོད་སྲོལ་ཡོད་པ་འདི་ཁོ་ན་ལེགས་པར་སྙམ་སྟེ།  ཡིག་རུས་ཞེས་པའི་སྒྲ་བཤད་ནི་ཡི་གེ་འབྲི་ཚུལ་གྱི་ལག་རྒྱུན་སྒྱུ་རྩལ་གྱི་རུས་རྐང་ཅན་གྱི་རིགས་གང་དེ་ལ་ཡིག་རུས་ཞེས་བྱ་བའོ།།
     [2] 《ཡིག་གཟུགས་བློ་གསལ་སྤྱི་ནོར་》།ཡིག་མཁན་མཁས་དབང་སྨོན་ལམ་རྒྱ་མཚོས་འབྲི་རྩོམ་མཛད། རྔ་བ་ཁུལ་རྩོམ་སྒྱུར་ཅུས་ཀྱིས་༡༩༩༧ལོའི་དཔར་ཐེངས་གཉིས་པའི་ཤོག་ངོས་གསུམ་པ་ནས་བཞི་བའི་བར་ན་གསལ།
     [3][8] 《བོད་ཡིག་གི་རྣམ་བཞག་མདོར་བསྡུས་》ཞེས་བྱ་བ། ཡིག་མཁན་མཁས་དབང་སྨོན་ལམ་རྒྱ་མཚོས་བརྩམས། ཀན་ལྷོའི་ཟླ་ཟེར་དུས་དེབ་༡༩༨༢ཁོའི་འདོན་ཐེངས་གཉིས་པའི་ཤོག་ངོས་༦༢པ་ནས་༦༤བའི་བར་ན་གསལ།
     [4]《ཡི་གེའི་བསྟན་བཅོས་སྟོང་ཐུན་སྨྱུག་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།》ཞེས་བྱ་བའི་དཔེ་རྙིང་དཔེ་དཀོན་འདི། ཡིག་མཁན་མཁས་དབང་དགེ་རྒན་སྨོན་ལམ་རྒྱ་མཚོས་ཉར་ཚགས་མཛད་ཅིང་། ཁོང་གིས་མ་ཡིག་དཔེ་རྙིང་དབུ་མེད་བྲིས་མ་དེ་ཉིད་དབུ་ཅན་དུ་ཕབ་པ་ཀན་ལྷོའི་ཟླ་ཟེར་དུས་དེབ་རྩོམ་སྒྲིག་ཁང་གིས་༡༩༩༤ལོའི་ཟླ་ཟེར་དུས་དེབ་འདོན་ཐེངས་གསུམ་པ་ནས་བཞི་བ་དང་། ༡༩༩༥ཝོའི་ཟླ་ཟེར་དུས་དེབ་འདོན་ཐེངས་དང་བོའི་སྟེང་བཀོད་ཡོད་ལ། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་ཆེ་གཞོན་པ་སངས་རྒྱས་བཀྲ་ཤིས་ཀྱིས་དཔེ་རྙིང་དེ་བུ་བཤུས་བྱས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༡༧ལོར་དཔེ་སྐྲུན་བྱ་འཆར་ཡོད་དོ།
     [5][6][7]《ཡི་གེའི་བསྟན་བཅོས་སྟོང་ཐུན་སྨྱུག་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེའི་》མ་ཡིག་གི་ཤོག་ངོས་དྲུག་པ་ནས་བདུན་པ་དང་།ཤོག་ངོས་བརྒྱད་པ་ནས་བཅོ་ལྔ་བ་ནས་ཉེར་གཅིག་པའི་བར་བཅས་ལ་གཟིགས་འཚལ།
    [9]མཁས་དབང་སྨོན་ལམ་རྒྱ་མཚོས་བྲིས་པའི་རྩོམ་ཡིག་《མི་རིགས་སློབ་གསོ་ལེགས་པར་སྤེལ་ནས་ཅན་བཞིའི་ཆེད་དུ་ཤེས་ལྡན་སྐྱེད་རྒྱུ་》ཞེས་པ་ལས་དྲངས། གཙོས་མི་རིགས་དགེ་འོས་མཐོ་རིམ་སློབ་གྲྭའི་རིག་གཞུང་དུས་དེབ་༢༠༠༢ལོའི་འདོན་ཐེངས་དང་བོའི་ཤོག་ངོས་༡༢པར་གསལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1