གཙོ་ངོས།>> པར་སྐྲུན།>>བོད་ཀྱི་རྩོམ་རིག་སྒྱུ་རྩལ།

སྣང་གསལ་བསྟན་འཛིན་ནོར་བུ། ཚེ་རིང་ཆོས་སྒྲོན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༣ཚེས་༡༦ཉིན།

ཁྲུང་ཁྲུང་ལྷ་མོ་དང་ལྷ་རྗེ་དོན་གྲུབ། (བྱིས་སྒྲུང)

        གནའ་སྔ་མོ་གངས་ཅན་བོད་ཀྱི་འབྲོག་པའི་ཁྱིམ་ཚང་ཞིག་ལ་བུ་གཅིག་སྐྱེས་པ་དེའི་མིང་ལ"དོན་གྲུབ"ཟེར།  དོན་གྲུབ་ནི་རང་བཞིན་གྱིས་གཤིས་རྒྱུད་འཇམ་པ་དང་།  སེམས་པ་བཟང་བ།  སྲོག་ཆགས་ཀྱི་རིགས་ལ་བྱམས་བརྩེ་ཆེ་བ་ཞིག་རེད།  དབྱར་ཁའི་ནམ་དུས།  དོན་གྲུབ་ཀྱིས་ཕ་མ་གཉིས་དང་

        སྒོ་ཕྱུགས་རྣམས།  བརྗིད་ཉམས་ཅན་གྱི་གངས་རིའི་ཉེ་འདབས་ལ་ཆགས་པའི་དབྱར་མཚེར་དུ་གནས་སྤོ་བྱེད་པ་དང་།   དགུན་མཁའི་ནམ་དུས་སུ།  ས་བབ་དམའ་བའི་དགུན་མཚེར་དུ་གནས་སྤོ་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་བཞིན་ཡོད།

 

        དོན་གྲུབ་ཕོ་ལོ་ལྔ་གསུམ་བཅོ་ལྔ་ཙམ་ལ་སླེབས་དུས།  འབྲོག་ཁུལ་དེར་ས་ཡོམ་གྱི་གོད་ཆག་ཆེན་པོ་ཞིག་བྱུང་སྟེ་ནད་ཡམས་གང་སར་ཁྱབ་ནས་མི་དང་།  སྲོག་ཆགས་མང་པོ་རྐྱེན་ལམ་དུ་སོང་བ་མ་ཟད།  དོན་གྲུབ་ཀྱི་ཕ་མ་གཉིས་ཀྱང་ནད་ཡམས་དེས་རྐྱེན་པས་སྔ་རྗེས་སུ་གྲོངས།  དོན་གྲུབ་ཀྱི་སེམས་སུ་བཟོད་པར་དཀའ་བའི་སྡུག་བསྔལ་ཡོད་ཀྱང་།  ཕ་མའི་འདས་མཆོད་ཀྱི་རྗེས་འཇུག་ཁག་ལེགས་པར་བསྒྲུབས་པ་དང་།  ཁོ་རང་ཉིད་མ་འོངས་པར་མི་དང་སྲོག་ཆགས་ཚོའི་ཚེ་སྲོག་སྐྱོབ་མཁན་གྱི་སྨན་པ་ཞིག་ཆགས་པ་བྱེད་རྒྱུའི་དམ་བཅའ་བཞག  དེ་ནས་ལོ་ན་ཆུང་བའི་དོན་གྲུབ་ཀྱིས་རང་ཁྱིམ་གྱི་གཡག་དང་ར་ལུག་ལ་སོགས་སྒོ་ཕྱུགས་ཚང་མ་དགོན་པར་ཕུལ་ཏེ་ཚེ་ཐར་བཏང་།  ཁོ་པ་རང་ཉིད་འབྲོག་ཁུལ་གྱི་སྨན་པ་ཞིག་གི་དྲུང་དུ་ཕྱིན་ནས་ཡིག་རྩིས་དང་སྨན་གཞུང་སློབ་སྦྱོང་བྱས།  དེའི་རིང་དོན་གྲུབ་ཀྱིས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་རིག་པའི་གནས་ལ་སྦྱང་པ་བྱས། 

 

        དེ་ནས་དོན་གྲུབ་གཞོན་ནུའི་ལང་ཚོ་དར་ལ་བབས།  མི་ཕྱུགས་གཉིས་ལ་སྲོག་སྐྱོབ་སྨན་བཅོས་བྱེད་མཁན་གྱི་གསོ་བ་རིག་པའི་སྨན་པ་ཞིག་ཏུ་གྱུར།  ནམ་རྒྱུན་དོན་གྲུབ་ཀྱིས་འབྲོག་པ་དང་།  ཁོང་ཚོའི་འབྲི་གཡག་དང་ར་ལུག་རྣམས་ལ་སྨན་བཅོས་བྱེད་པ་མ་ཟད།  རྩྭ་ཐང་གི་སྟེང་དུ་ལུས་ལ་རྨས་སྐྱོན་ཤོར་བའི་གཙོད་དང་།  ཁྲུང་ཁྲུང་སྐེ་ནག  ཨབ་ར།  རི་བོང་ལ་སོགས་བདག་མེད་བྱེས་འཚོ་ལ་གནས་པའི་སྲོག་ཆགས་རྣམས་ལའང་སྨན་བཅོས་བྱེད་ཀྱི་ཡོད་པས།  མི་ཚང་མས་"ལྷ་རྗེ་དོན་གྲུབ་"ཅེས་འབོད་ཀྱི་ཡོད་པ་རེད། 

 

        ལྷ་རྗེ་དོན་གྲུབ་ཀྱིས་ནམ་རྒྱུན་འབྲོག་སའི་གཡས་གཡོན་ལ་ཡོད་པའི་གངས་རི་དང་།  བྲག་རི།  སྤང་རི།  རྫ་རི་ལ་སོགས་ཀྱི་སྟེང་དུ་འཛེགས་ཏེ་རྩ་ཆེའི་སྨན་རྩྭ་སྣ་ཚོགས་འཐུ་པར་འགྲོ་གི་ཡོད་པ་རེད།  ཉིན་ཞིག་ལྷ་རྗེ་དོན་གྲུབ་ཀྱིས་གཡང་གཟར་ཞིག་གིས་སྟེང་དུ་སྨན་རྩྭ་འཐུ་བར་ཕྱིན།  བྲག་རི་དེའི་གཤམ་དུ་འདམ་ར་རྒྱ་ཆེན་ཞིག་ཡོད།  འདམ་ར་དེའི་དཀྱིལ་ལ་གཡུ་ཡི་མཎྜལ་ལྟ་བུའི་མཚེའུ་ཞིག་ཡོད།  མཚེའུ་དེའི་འགྲམ་ལ་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ཤིག་འཚོ་གནས་བྱེད་ཀྱི་ཡོད་པ་དང་།  ཁྱུ་ཚོགས་དེའི་ཁྲོད་དུ་སྤུ་སྒྲོ་བཟང་ཞིང་བྱང་སེམས་དང་ལྡན་པའི་ཁྲུང་ཁྲུང་ཞིག་གིས་སྐད་གདངས་སྙན་པའི་གླུ་སྒྲ་སྒྲོག་བཞིན་ཡོད་པ་རེད།

 

        ལྷ་རྗེ་དོན་གྲུབ་བྲག་རི་དེའི་སྟེང་དུ་སྨན་རྩྭ་འཐོག་པའི་སྐབས་གློ་བུར་དུ་རྐང་པ་འདྲེད་བརྡབ་ཤོར་ནས་གཡང་དུ་ལྷུངས།  བྱང་སེམས་ཅན་གྱི་ཁྲུང་ཁྲུང་དེས་ལྷ་རྗེ་དོན་གྲུབ་བྲག་རིའི་སྟེང་ནས་ལྷུང་ཡོང་བ་མཐོང་མ་ཐག་ལམ་སེང་གནམ་ལ་འཕུར་ནས་ལྷ་རྗེ་དོན་གྲུབ་རང་ཉིད་ཀྱི་གཤོག་པའི་ཐོག་ཏུ་བདེ་བླག་ངང་བླངས་ཏེ་སྲོག་བསྐྱབས།

 

        ཡིན་ན་ཡང་།  ལྷ་རྗེ་དོན་གྲུབ་ནི་གཡང་དུ་ལྷུངས་པའི་དངངས་སྐྲག་གིས་རྐྱེན་པས་རེ་ཞིག་དྲན་པ་འཐོར།

 

        དེ་ནས་རིམ་བཞིན་དྲན་པ་སོས་དུས་རང་ཉིད་མཚེའུ་ཞིག་གི་འགྲམ་དུ་ཡོད་པ་དང་།  མཛེས་ཤིང་ཡིད་དུ་འོང་བའི་གཞོན་ནུ་མ་ཞིག་གིས་རང་ཉིད་ཀྱི་ཁ་ལ་ཆུ་ཐིགས་པ་རེ་རེ་བཞིན་སྟེར་གྱིན་ཡོད་པ་མཐོང་།  གཞོན་ནུ་མ་དེར་ལྷ་རྗེ་དོན་གྲུབ་ཀྱིས་རང་ཉིད་ཀྱི་སྲོག་བསྐྱབས་པར་སེམས་འགུལ་ཆེན་པོས་ཐུགས་རྗེ་ཆེ་ཞུས།  ཉིན་མ་དེ་ནས་བཟུང་།  ལྷ་རྗེ་དོན་གྲུབ་ཉིན་ལྟར་བྲག་རི་དེའི་སྟེང་དུ་སྨན་རྩྭ་འཐུ་བར་འགྲོ་བ་དང་།  མཚེའུ་དེའི་ཉེ་འགྲམ་དུ་ཡོང་ནས་གཞོན་ནུ་མ་དེ་དང་ཐུག་འཕྲད་བྱས།  དེ་བཞིན་གཞོན་ནུ་མ་དེས་ཀྱང་ཉིན་ལྟར་མཚེའུ་དེའི་འགྲམ་དུ་ལྷ་རྗེ་དོན་གྲུབ་བསྒུགས་ནས་བསྡད།  རིམ་བཞིན་ཁོང་གཉིས་ཕན་ཚུན་གཅིག་སེམས་གཅིག་ལ་འབྲེལ་བའི་མཛའ་གྲོགས་ཆགས།

 

        དེ་ནས་ཉིན་ཞིག་རྔོན་པ་ཞིག་མཚེའུ་དེའི་ཉེ་འགྲམ་དུ་འབྱོར།  ཁྲུང་ཁྲུང་སྐེ་ནག་གཅིག་མཚེའུ་དེའི་འཁྲིས་ལ་གཅིག་པུར་ལངས་ཏེ་སྤུ་སྒྲོ་ལེགས་སྒྲིག་བྱེད་བཞིན་ཡོད་པ་མཐོང་།  

        ལྷ་རྗེ་དོན་གྲུབ་ཀྱང་རི་རྩེ་ནས་སྨན་རྩྭ་བཏུས་ཟིན་ཏེ་གཞོན་ནུ་མ་དེ་ཐུག་པར་ཡོང་བའི་སྐབས་དང་འཁེལ།  རྔོན་པ་དེས་ཁྲུང་ཁྲུང་སྐེ་ནག་དེ་ལ་མདའ་ཞིག་འཕང་།  ལྷ་རྗེ་དོན་གྲུབ་ཀྱིས་ཐེ་ཚོམ་སྤུ་ཙམ་མེད་པར་གང་མགྱོགས་ཁྲུང་ཁྲུང་སྐེ་ནག་དེའི་མདུན་དུ་རྒྱུགས་ཏེ་རང་ཉིད་ཀྱི་གཟུགས་པོས་རྔོན་པའི་མདའ་དེ་བཀག  ལྷ་རྗེ་དོན་གྲུབ་ལ་མདའ་དེ་འཕོག་སྟེ་ས་ལ་འགྱེལ་བ་རེད།

 

        རྔོན་པས་གནས་ཚུལ་དེ་མཐོང་དུས།  དེ་རིང་ངས་མི་ཞིག་བསད་སོང་བསམས་ཏེ་ཞེད་ཐག་ཆོད་ནས་བྲོས་ནས་ཕྱིན།  ཁྲུང་ཁྲུང་སྐེ་ནག་དེས་ལྷ་རྗེ་དོན་གྲུབ་ལ་རྔོན་པའི་མདའ་ཕོག་ནས་རྨས་པ་ཤེས་དུས།  སེམས་པ་ཤིན་ཏུ་སྐྱོ་ནས་ངུ་བཞིན་ངུ་བཞིན་ལྷ་རྗེ་དོན་གྲུབ་ཀྱི་ལག་པ་ནས་བཟུང་།  ཁྲུང་ཁྲུང་སྐེ་ནག་གི་གཤོག་པ་དེ་ལྷ་རྗེ་དོན་གྲུབ་ཀྱི་ལག་པར་ཐུག་མ་ཐག་ཁྲུང་ཁྲུང་སྐེ་ནག་དེའི་གཟུགས་པོ་ལམ་སེང་གཞོན་ནུ་མ་ཞིག་ཏུ་གྱུར།  དེ་དུས་ལྷ་རྗེ་དོན་གྲུབ་ཀྱིས་གཞི་ནས་རང་ཉིད་ཀྱི་བརྩེ་གྲོགས་དེ་ནི་ཁྲུང་ཁྲུང་གཟུགས་ཀྱི་ལྷ་མོ་ཞིག་ཡིན་པ་ཤེས།

 

        དེའི་སྐབས་སུ་སྟོན་ཁའི་ནམ་དུས་ཤར་ཟིན་པས།  ཁྲུང་ཁྲུང་སྐེ་ནག་རྣམས་ལྷོ་ཕྱོགས་སུ་དགུན་གཡོལ་གྱི་གནས་སྤོ་བྱེད་པར་འགྲོ་རྒྱུའི་དུས་ལ་སླེབ།  ཡིན་ནའང་།  ཁྲུང་ཁྲུང་ལྷ་མོ་ས་གནས་འདིར་མུ་མཐུད་བསྡད་དེ་ལྷ་རྗེ་དོན་གྲུབ་ལ་ནད་གཡོག་རྒྱུགས་རྒྱུའི་སེམས་ཐག་བཅད་ཟིན།  ལྷ་རྗེ་དོན་གྲུབ་ཀྱིས་བྱང་ཕྱོགས་ཀྱི་གྲང་ངར་ཆེ་བའི་དགུན་ཁའི་གནམ་གཤིས་དེར་ཁྲུང་ཁྲུང་ལྷ་མོ་འཚོ་ཐབས་བྲལ་བ་པས།  ངེས་པར་དུ་ཁྲུང་ཁྲུང་གི་ཁྱུ་ཚོགས་དང་མཉམ་དུ་ལྷོ་ཕྱོགས་སུ་འགྲོ་དགོས་པའི་རེ་བ་བཏོན་པ་དང་།  ལྷ་རྗེ་དོན་གྲུབ་ནས་ཀྱང་དུས་སང་དཔྱིད་ཀའི་མེ་ཏོག་མ་ཤར་བའི་བར་དུ་མཚེའུ་དེའི་ཉེ་འགྲམ་གྱི་བྲག་ཕུག་གི་ནང་དུ་ཁྲུང་ཁྲུང་ལྷ་མོ་བསྒུག་ནས་བསྡོད་རྒྱུ་ཁས་ལེན་བྱས་པ་རེད།  ཁྲུང་ཁྲུང་ལྷ་མོ་ནས་འདོད་མོས་མེད་བཞིན་དུ་རེ་ཞིག་དོན་གྲུབ་དང་ཁ་བྲལ་ཏེ་ལྷོ་ཕྱོགས་སུ་དགུན་གཡོལ་དུ་མི་འགྲོ་ཀ་མེད་ཆགས།

 

        སྟབས་མ་ལེགས་པ་ཞིག་ལ།  མདའ་དེའི་རྩེ་མོ་ལྷ་རྗེ་དོན་གྲུབ་ཀྱི་ལུས་པོའི་ནང་དུ་གཏིང་རིང་པོ་ཞིག་ཟུག་ཡོད་པའི་དབང་གིས་གྲང་ངར་ཆེ་བའི་དགུན་དུས་སུ་རྨ་ཁ་གསོ་མི་ཐུབ་པར་ནད་གཞི་ཇེ་སྡུག་ཇེ་སྡུག་ཏུ་གྱུར་བ་དང་།  དུས་མཚུངས་ཐག་རིང་ལ་ཡོད་པའི་བརྩེ་གྲོགས་ཁྲུང་ཁྲུང་ལྷ་མོ་ཡང་དྲན་ནས་སེམས་སྡུག་དྲག་པོ་བྱུང་སྟེ་དཔྱིད་དུས་ཤར་མཚམས་ཀྱི་གངས་ཆུ་ཞུར་བའི་སྐབས་ལྷ་རྗེ་དོན་གྲུབ་བྲག་ཕུག་དེའི་ནང་དུ་ཚེ་ལས་འདས།

 

        གངས་ཆུ་བཞུར་ནས་རྩྭ་ཐང་རིམ་བཞིན་སྔོ་ལྗང་ཅན་དུ་གྱུར།  སྐབས་དེར་ཁྲུང་ཁྲུང་ལྷ་མོ་ཡང་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་ཕྱིར་ལོག་བྱས་ཏེ་འཕུར་ཡོང་བ་རེད།  ཁྲུང་ཁྲུང་ལྷ་མོ་མཚེའུ་དེའི་ཉེ་འགྲམ་གྱི་བྲག་ཕུག་གི་ནང་དུ་འབྱོར་དུས་རང་ཉིད་ཀྱི་བརྩེ་བའི་ལྷ་རྗེ་དོན་གྲུབ་ནི་ཚེ་ལས་འདས་ཟིན་པ་མཐོང་དུས།  ཧ་ལས་ཧོན་འཐོར་གྱིས་སེམས་སྡུག་དྲགས་པོ་སྐྱེས་ནས་མིག་ཆུ་ལྷུང་ལྷུང་དུ་ཤོར།  ཁྲུང་ཁྲུང་ལྷ་མོའི་མིག་ཆུ་རྣམས་ལྷ་རྗེ་དོན་གྲུབ་ཀྱི་ངོ་གདོང་སྟེང་ལྷུངས།  བསམ་ཡུལ་ལས་འདས་པ་ཞིག་ལ།  གྲོང་ཟིན་པའི་ལྷ་རྗེ་དོན་གྲུབ་རིམ་བཞིན་གསོན་ཡོང་བ་དང་ཆབས་ཅིག  ཁོ་པའི་ལུས་པོ་དེ་ཡང་ཁྲུང་ཁྲུང་སྐེ་ནག་ཅིག་གི་གཟུགས་སུ་འགྱུར།  དེ་ནས་བཟུང་ལྷ་རྗེ་དོན་གྲུབ་དང་ཁྲུང་ཁྲུང་ལྷ་མོ་གཉིས་ཕན་ཚུན་སྐད་ཅིག་ཙམ་ཡང་ཁ་མི་བྲལ་བར་རང་རང་གི་ཁྱིམ་ཚང་ཞིག་ཀྱང་བཙུགས།   དུས་དེ་ནས་བཟུང་།  ཁྲུང་ཁྲུང་ལྷ་མོ་དང་ལྷ་རྗེ་དོན་གྲུབ་ཀྱིས་མུ་མཐུད་ནས་ཁྲུང་ཁྲུང་གི་ཁྱུ་ཚོགས་དང་།  རྩྭ་ཐང་དེའི་སྟེང་གི་སྲོག་ཆགས་གཞན་རྣམས་ལ་ཕན་པ་སྒྲུབ་སྟེ་ཞི་བདེ་དང་འཆམ་མཐུན་གྱི་འཚོ་བ་སྐྱེལ་བཞིན་གནས།

 

39.7K

རྩོམ་ཡིག་སྔོན་མ།
ནོར་རྒྱལ་དང་བུ་བཀྲ་ཤིས།
རྩོམ་ཡིག་རྗེས་མ།
མིག་ཆུ་མེད་པའི་བུ་ཆུང་།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1