ཨ་མ་རྒན་མོའི་ཁ་ཆེམས།

ནགས་རྡོ་སེང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-16


        ཨ་མ་ནི་ང་ཚོའི་བྲང་ཁོག་ཏུ་འཕྱོ་བའི་རིན་བྲལ་གྱི་ཐ་སྙད་གསོན་པོ་ཞིག་ཡིན་ལ།    བུ་ཕྲུག་རེ་རེའི་སེམས་ཁོངས་སུ་བྱམས་དང་བརྩེ་བས་ཕྱུག་པའི་ལྷ་མོ་གསོན་པོ་ཞིག་ཀྱང་ཡིན།    ཨ་མ་ཞེས་པའི་སྨྲ་མེད་ཀྱི་ཡིག་འབྲུ་འདིས་ཀྱང་ང་ཚོར་ཤོད་མི་ཤེས་པའི་དྲོད་འཁོལ་ཞིག་སྦྱིན་ཐུབ་ན།  ཨ་མ་ནི་ང་ཚོ་སྒེར་ལ་དབང་ཞིང་ང་ཚོ་ཁོ་ནའི་ཆེད་དུ་འཚོ་བཞིན་པའི་ཉི་མ་དྲོན་མོ་ཞིག་ཀྱང་ལོས་ཡིན།

 

        ཨ་མ་རྒན་མོའི་དྲོ་སྐྱིད་ཀྱི་པང་ཁ་ནས་ལང་ཚོའི་མྱུ་གུ་བུས་ཤིང་། བྱམས་ལྡན་ཉི་འོད་ཀྱི་བརྩེ་སེམས་དྲོན་མོས་ལུས་ཟུངས་ཀྱི་ཡལ་འདབ་གསོས་པ་དང་།  སྙིང་ནས་གདམས་པའི་བཀའ་སློབ་ཀྱིས་ལེགས་པར་བསྐྱངས་པའི་བུ་ཕྲུག་ནི་བདེ་སྐྱིད་དང་ལྡན་པ་ཞིག་ཡིན་ན།  ང་ནི་འཇིག་རྟེན་འདིའི་ཐོག་ཏུ་ཆེས་དྲོ་སྐྱིད་ལྡན་པའི་བུ་ཕྲུག་དེ་ཡིན་སྲིད།  གང་ཡིན་ཟེར་ན་ང་ལ་ཨ་མ་གཉིས་ཡོད། ཉི་མ་བཞིན་གྱི་ཨ་མ་གཉིས་ཡོད།   བགྲེས་གཞོན་མི་འདྲ་བའི་ཨ་མ་གཉིས་ཡོད།  འོན་ཀྱང་དེ་རིང་ངས་བཤད་འདོད་པ་ནི་ང་ལ་ཁོག་གི་སྙིང་དང་དཔྲལ་བའི་མིག་བཞིན་དུ་བརྩེ་བའི་ཨ་མ་བགྲེས་མོ་ཁོང་ཡིན།     ཁོང་ནི་དགུང་ལོ་བགྲེས་ཤིང་ཞལ་གྱི་སྦྲིག་ཁང་ན་ཚེམས་དཀར་གྱི་ཀ་བ་རེ་གཉིས་ལས་ལྷག་མེད་ཀྱང་།  ཁོང་གི་དབུ་སྐྲ་ནི་དཀར་ནག་གཉིས་ཀྱིས་བསླས་པའི་དར་རས་ཤིག་དང་འདྲ་བར་སྦོམ་ལ་རིང་བའི་ལྕང་ལོ་ཕྲ་མོའི་བར་གསེང་དུ་དམིགས་ཀྱིས་བརྒྱན་པའི་དར་སྐུད་ཀྱི་རྒྱུ་སྤུན་རེ་རེ་བཞིན་འཕྱང་བས། ཤིན་ཏུ་བག་བྲོ་ལ་ཉམས་དང་ལྡན་པ་ཞིག་ཡོད།    མ་གཞི་ཚེམས་དཀར་མུ་ཏིག་གི་ཕྲེང་བ་ནི་སྔ་ས་ནས་ཁོང་དང་གྱེས་ཟིན་ཡང་། བྱམས་སེམས་ཀྱི་འཛུམ་ཞལ་ནི་ཉི་འོད་བཞིན་ཀུན་ལ་དྲོ་སྐྱིད་དང་སྙིང་ཉེ་བའི་ཚོར་སྣང་ཞིག་འབྱིན་ཐུབ།   ལྷག་པར་དུ་ཁོང་ནི་ལག་ཏུ་ཕྲེང་བ་བྲལ་མེད་དུ་བསྣམས་ཤིང་།  མ་ཎི་ཁ་དང་བྲལ་མེད་དུ་འདོན་བཞིན་པའི་རྒན་མོ་བྱམས་སེམས་ཅན་ཞིག་རེད་ལ།    རྟག་ཏུ་རང་རེའི་དགོན་པ་དང་གྲོང་འདབས་ཀྱི་མ་ཎི་?་འབུམ་ལ་བསྐོར་བར་འགྲོ་ཞིང་།   དཀོན་མཆོག་གསུམ་ལ་དད་མོས་ཆེ་བ་མ་ཟད་རྒྱུ་འབྲས་བསླུ་མེད་དུ་མཐོང་བའི་ཆོས་པ་རྒན་མོ་ཞིག་ཀྱང་རེད།

  

        ཆུང་དུས་སུ་ང་ནི་ཁང་ཐོག་ཏུ་འཛེགས་ནས་ཁང་པའི་གྲུ་ཟུར་རེ་རེ་ན་བསླངས་པའི་དར་ལྕོག་དང་ལྷན་དུ་ས་སྲོས་ཀྱི་མཚམས་སྤྲིན་དམར་པོའི་འོག   འབུམ་པ་དང་དགོན་པའི་ཕྱོགས་སུ་རྒྱང་ལྟ་བྱས་ནས་ཨ་མ་རྒན་མོ་ལོག་ཡོང་གི་ཡོད་མེད་ལ་བལྟ་རྒྱུར་ཤིན་ཏུ་དགའ།  དེ་ནི་གཅེས་ཕྲུག་ལངས་ཤོར་ཞིག་གིས་མ་ལོ་དྲན་དྲགས་པས་མ་ཡིན་པར་དུས་རྒྱུན་ཁོང་འབུམ་པ་དང་དགོན་པ་སོགས་ལ་ཆོས་བསྐོར་དུ་ཕྱིན་ནས།  ལོག་ཡོངས་སྐབས་འབབ་དང་རྔན་པ་མེད་པར་ལག་ཡན་དུ་ཡོང་མ་མྱོང་བས་རེད།  ང་ནི་ཁ་ལང་དུ་ཤོར་བའི་སྤྱང་ཀི་ཞིག་དང་འདྲ་བར་རྟག་ཏུ་ཁོང་གི་ཨམ་ཕྲག་ནང་གི་རྔན་པ་ལ་རྔམ་ནས་འཆར་ཡན་སྣ་ཚོགས་ཀྱིས་རེ་སྒུག་བྱ་རྒྱུར་ཡོངས་སུ་གོམས་ཡོད།  ཆུང་དུས་ཨ་མ་རྒན་མོའི་ཨམ་ཕྲག་ནི་རྔན་པའི་བང་མཛོད་ཅིག་ཏུ་མཐོང་གི་ཡོད།  བང་མཛོད་དེ་ནས་དགོས་འདོད་ཀྱི་རྔན་པ་ཅི་ཡང་ཐོན་སྲིད་དེ།  ཡང་ན་བྱི་རིལ་མང་པོ་བཏུམས་པའི་རས་འཐུམ།  ཡང་ན་ལུས་དྲོད་དང་པགས་ཚགས་ཀྱི་ཚ་དྲོད་ལྡན་པའི་ཀུ་ཤུ།  ཡང་ན་སྤུ་དང་འདྲེས་པའི་ཀ་ར་སིལ་མ།     ངོ་མ་ད་ལྟ་གྲོང་ཁྱེར་གྱི་ཟ་ཁང་ཆེན་མོ་ཞིག་ཏུ་རྒྱ་ཟས་ལེའུ་བཅོ་བརྒྱད་བཟས་ཀྱང་།  སྔ་མོ་ཨ་མའི་ཨམ་ཕྲག་ནང་གི་བྱི་རིལ་ཞིག་གི་བྲོ་བ་ལ་འགྲན་ཐབས་མི་འདུག་ཨང་།   ད་ལྟ་སྔར་སོང་ལ་ཕྱིར་འདང་རེ་བྱས་ཙ་ན། འབུམ་པ་སྔར་བཞིན་དད་ལྡན་མང་ཚོགས་བརྒྱ་ཕྲག་གི་དབུས་སུ་ཀེ་རེར་འདུག་ལ་དགོན་པ་ཡང་གླང་སྣ་རི་ཐོག་ཏུ་སྤོབས་པས་འགྱིང་འདུག་མོད།  དེའི་ཉེ་ཁོར་དུ་ཡོད་པའི་ངའི་ཨ་མ་རྒས་མོའི་རྒྱབ་གཟུགས་དང་དེ་དང་ལྷན་དུ་ངའི་རེ་སྒུག་གི་འཆར་ཡན་སྣ་ཚོགས་ནི་ལོ་མང་གི་གོང་ནས་ཡལ་ཟིན།

 

        ངའི་དྲན་པའི་མེ་ལོང་གི་ངོས་སུ་དུས་ཀྱི་ཆར་ཆུ་ཇི་ལྟར་དྲག་ཀྱང་གཡོ་འགུལ་སྤུ་ཙམ་བྱུང་མ་མྱོང་བ་ནི།  ངེད་ཚང་གི་ཁང་ཐོག་ཏུ་དར་མདུང་བཞིན་འགྲེང་བའི་ཨ་མའི་ཚུགས་ཀ་དེ་རེད།  ཆུང་དུས་ང་སློབ་གྲྭ་གྲོལ་ནས་ལོག་ཡོང་སྐབས་རྟག་ཏུ་ང་ཚོའི་ཁང་ཐོག་ནས། ཁོང་གིས་ང་ཡོང་སའི་རི་ལམ་གྱི་ཕྱོགས་སུ་རྒྱང་ལྟ་བྱེད་ཀྱི་ཡོད།  ཞག་གིས་ཟླ་དེད། ཟླ་ཡིས་ལོ་དེད། ལོ་ཡིས་ལོ་དེད་ནས་ང་སློབ་ཆུང་མ་ཐོན་བར་དུ་དེ་ལྟར་ཁོང་གིས་མིག་གི་རྒྱལ་མོའི་ནང་དུ་འཚོས་ཡོད།   སྐབས་དེ་དུས་ངས་ལམ་བར་ནས་ཁོང་གིས་རྒྱང་ལྟ་བྱེད་བཞིན་པ་མཐོང་མ་ཐག   ཁ་གཡེངས་མིག་གཡེངས་སྤུ་ཙམ་མེད་པར་ཤར་རེར་ཡོང་གི་ཡོད། དེ་ནི་ཧ་ལམ་ཁོང་གིས་རྟག་པར་རྒྱང་ལྟ་བྱེད་པའི་དམིགས་ཡུལ་ཉག་གཅིག་ཡིན་པ་འདྲ།  རྒྱུ་མཚན་ནི་ཆུང་དུས་ཀྱི་ང་རང་མ་གཞི་སློབ་སྦྱོང་གི་སྦྱང་འབྲས་ཅུང་ལེགས་ཀྱང་། གཏོར་བཤིག་དང་ངན་སྤྱོད་དེ་སློབ་གྲྭ་ཡོངས་ལ་སྐད་གྲགས་ཆོད་ཡོད་པས་རེད།   དུས་དང་དུས་སུ་ཁོང་གི་སྙིང་ལ་གཙེས་པའི་མ་རབས་དང་ངན་སྤྱོད་རབ་དང་རིམ་པ་བྱས་མྱོང་བས་ད་ཆ་དེ་དག་ཡིད་ལ་དྲན་དུས་ད་དུང་ཡང་ཡ་ཁོག་གྲང་རླུང་བསིལ་བསིལ་དུ་ལྡང་ཞིང་མིག་མཐའ་ཡང་མཆི་མས་བརླན་ནས་རབ་རིབ་ཏུ་གྱུར་འགྲོ།

 

 

        དུས་ཚོད་ནི་ང་ཚོའི་གྲོང་འདབས་ནས་དལ་མེད་དུ་རྒྱུགས་བཞིན་པའི་རྒྱལ་མོ་རྔུལ་ཆུ་བཞིན།  དྲག་པོའི་རྦ་རླབས་དང་འགྲོགས་ནས་འཚོ་བའི་སྡུག་ཡུས་ཡོད་ཚད་ཁུར་ནས་རྒྱུག་འགྲོ་ལ།  ང་ཚོས་སྣང་མེད་དུ་གཏོང་བཞིན་པའི་རིན་བྲལ་གྱི་དུས་ཚོད་བརྐུས་ནས་ཕྱིར་ལོག་མེད་པའི་མི་ཚེའི་ཕ་མཐར་རྒྱུག་འགྲོ།   ཅི་ཚོར་འདི་ཚོར་མེད་པར་ང་ཡང་སློབ་འབྲིང་ལོ་རིམ་གསུམ་པར་སླེབས་ཟིན། ངའི་ཨ་མ་རྒས་མོ་ཁོང་ནི་ད་ཆ་དགུང་ལོ་བདུན་ཅུའི་ནང་དུ་སོན་ཡང་། ད་དུང་འབུམ་པ་དང་དགོན་པ། གྲོང་འདབས་ཀྱི་མ་ཎི་?་འབུམ་སོགས་ལ་བསྐོར་བའི་གོམ་པ་ནི་མཚམས་འཇོག་བྱས་མེད་རུང་། སྔ་མ་དང་བསྡུར་ན་ཉུང་དུ་ཕྱིན་ཡོད་པ་ནི། ཁོང་གི་དད་པ་ལ་གཡོ་འགུལ་བྱུང་བ་ག་ནས་ཡིན་སྲིད།  དེ་ནི་སེམས་པས་བསམ་ཡང་ལུས་པོས་མ་ལྕོག་པའི་དཔེ་ལྟར་ཡིན་པ་ནི་ང་ལྟ་བུའི་ན་གཞོན་མདོ་མེད་གཅིག་གིས་ཀྱང་གསལ་པོར་ཤེས།

 

        འོན་ཀྱང་ཁོང་གི་བྱམས་བརྩེས་ཕྱུག་པའི་འཛུམ་ཞལ་ནི་སྔར་བཞིན་ཉི་འོད་ལྟར་དྲོ་ཞིང་འཇམ་ལ།  ཁོང་གི་སྙིང་ཁོང་ན་བསྙལ་བའི་བདུད་རྩི་བཞིན་གྱི་བཀའ་སློབ་ནི་སྔར་ལས་ཇེ་མང་དུ་ཕྱིན་འདུག་པ་དེ་མི་རིང་བར་མ་བུ་གཏན་བྲལ་བྱེད་དགོས་པའི་སྔ་ལྟས་ཡིན་པ་ངས་མི་ལོ་བཅུ་ཕྲག་གི་རྗེས་སུ་གཞི་ནས་ཤེས།

 

        ཏག་ཏག་ལོ་དེར་ངའི་ཨ་མ་ཁོང་ལ་སྙུང་གཞི་དྲག་པོ་ཞིག་ཕོག་ནས་ཉལ་སར་ལུས་སོང་།  སྨན་པ་གང་དྲག་བསྟེན་པ་དང་ཆོས་དང་ཆོ་ག་མི་ཉུང་བ་ཞིག་བྱས་ཀྱང་།  དྲག་སྐྱེད་ཆེན་པོ་མ་བྱུང་བས་གཉེན་ཉེ་ཚོས་ནག་ཆུ་དང་ལྷ་ས་སོགས་གྲོང་ཁྱེར་ཆེན་པོར་སྨན་བཅོས་སུ་འགྲོ་དགོས་ལུགས་བཤད་ཀྱང་ཁོང་གིས་མཐའ་གཅིག་ཏུ་ངོ་རྒོལ་དང་ཨུ་ཚུགས་མཐའ་འཁྱོལ་བྱས་མཐར་ཚང་མ་བྱ་ཐབས་ཟད་ནས་ཁོང་གི་འདོད་བློ་བཞིན་ནང་ལ་ནད་གསོས་ནས་བསྡད།  ཁོང་གིས་དེ་ལྟར་བྱེད་པ་ནི་ཆེས་མཐའ་མཇུག་གི་མི་ཚེའི་ཐག་སྣེ་དེས་ཁྱིམ་ཚང་དང་བུ་ཕྲུག་ལ་དཀའ་ལས་བཟོ་མི་འདོད་པ་ལོས་ཡིན།

 

       ལོ་དེར་ང་ཀོང་པོ་ཉིང་ཁྲི་ས་ཁུལ་གྱི་མཐོ་རིམ་སློབ་འབྲིང་དང་པོར་རྒྱུགས་འཕྲོད་པས་ཁོང་གི་ལོ་ཟླས་གཙེས་པའི་རྒས་གཉེར་རེ་རེའི་ཁྲོད་ན་དགའ་བ་དང་སྤྲོ་བ་འཁྱིལ་འདུག་ལ། མདོ་མེད་ཀྱི་བུ་ལོ་དེས་ཐེངས་དང་པོར་ཁོང་ལ་དགའ་ཚོར་དང་སྤོབས་པ་བསྐྱེད་དུ་བཅུག་པས་ཁོང་གི་ཚེམས་དཀར་མེད་པའི་འཛུམ་ཞལ་ནི་སྔར་ནས་ཀྱང་ཡིད་དབང་འཕྲོག་ལ།  ཉི་འོད་ལས་འཇམ་པའི་འཛུམ་མདངས་ཀྱི་ཁྲོད་དུ་ཨ་མ་རྒས་མོ་ཞིག་གི་རེ་འདུན་ཡང་སིམ་འདུག   ལོ་དེར་དགའ་ཉེ་སྤུན་མཆེད་ནང་ཁུལ་དུ་རྒྱུགས་ལོན་གྱི་དགྱེས་སྟོན་ཆུང་ཆུང་ཞིག་ཀྱང་བྱས།  ད་ལྟ་བསམ་བློ་རེ་བཏང་ན་དེ་ནི་ཧ་ལམ་ལོ་མང་པོ་འདིའི་ནང་དུ་ང་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་དེ་ཡིན་པ་འདྲ་ལ་ངས་ཐེངས་དང་པོར་ཨ་མ་རྒན་མོའི་རེ་བ་ཆུད་ཟོས་སུ་མ་བཏང་བ་ཡང་འདྲ། 

 

            དོན་དངོས་ཐོག་ང་སློབ་གྲྭར་བཏང་ནས་རིག་གནས་ཀྱི་ལྟོ་ཕོར་ཞིག་རག་ཐབས་བྱེད་རྒྱུ་ནི་ཁོང་གི་གསོན་པོའི་ཕུགས་རེ་ཉག་གཅིག་དང་ཤི་ཁའི་ཁ་ཆེམས་ཚ་མོ་དེ་རེད། 

དེ་ནས་ང་ཡང་ཨ་མ་རྒན་མོའི་ཁ་ཏ་བསླབ་བྱ་དང་འགྲོགས་ནས་མཐོ་རིམ་སློབ་འབྲིང་དུ་འབྱོར།  ཁོར་ཡུག་གསར་པ་དང་སློབ་གྲོགས་གསར་པ། ལྷག་པར་དུ་གྲོང་ཁྱེར་གྱི་གྲུ་ཟུར་གང་ས་གང་ནས་བསླུ་བྲིད་ཀྱི་གཡབ་མོ་གཡོབ་བཞིན་པའི་དུས་དེའི་སྐབས་ཤིག་རིང་ངས་རང་ཉིད་ཀྱི་འགན་འཁྲི་བོར་ཞིང་།   ཐ་ན་ཨ་མ་རྒན་མོའི་གྱེས་ཁའི་ཁ་ཏ་བསླབ་བྱ་དག་ཀྱང་བོར་ནས་དྲྭ་ཁང་སོགས་རྩེད་ཁང་མང་པོར་དུས་ཚོད་འདའ་བར་བྱས་ལ།  དེ་ལྟར་འདུ་འཛི་དང་ཟང་ཟིང་གི་འཚོ་བའི་ཁྲོད་དུ་ཨ་མ་རྒན་མོ་ཁོང་ནང་དུ་ཉལ་སར་ལུས་བསྡད་པ་དེ་ཡང་བརྗེད་འདུག    ད་ལྟ་འདས་དོན་དེ་དག་ལ་ཕྱིར་དྲན་རེ་བྱས་ཚེ།  སྐབས་དེ་དུས་ཀྱི་ང་ནི་ཅི་འདྲའི་ཀླད་མེད་ཅིག་དང་དུད་འགྲོ་གསོན་པོ་ཞིག་རེད་ཨང་།

       ཉིན་གུང་ཞིག་ཏུ་ངས་སློབ་རའི་སྤྱི་སྤྱོད་ཁ་པར་ནས་ནང་གི་ཨ་མ་ཆུང་བར་ཁ་པར་ཞིག་བཏང་ནས་ངེད་མ་བུ་གཉིས་ཕན་ཚུན་ཁམས་བདེ་སོགས་ཀྱི་ལབ་གླེང་འགའ་བྱས།  དེ་ནས་ངས་ཨ་མར་ཨ་མ་རྒན་མོའི་ནད་གཞི་ཅི་འདྲ་འདུག་ཅེས་དྲིས་པ་ན།  གནས་སྐབས་ཤིག་རིང་ཁ་པར་གྱི་ཕར་སྣེ་རུ་གློག་སྐུད་ཆད་པ་ནང་བཞིན་ཁ་ཁུ་སིམ་མེར་གྱུར་བས། ངའི་སེམས་ལ་ཤོད་མ་ཤེས་པའི་སེམས་སྡུག་དང་འཇིགས་སྣང་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས་འོངས་ལ།  རེ་བ་དང་འདུན་པ་དྲག་པོ་ཞིག་གིས་སེམས་ཀྱི་སྦྲིག་སོ་ན་དངོས་ཡོད་ལ་གྱེན་ལྡོག་ཡང་ཡང་བྱས། སྐབས་དེར་ངས་ཨ་མ་ཅི་རེད་ཐལ།  ཅི་རེད་ཐལ་ཞེས་བསྟུད་མར་དྲིས་པས། ཁོང་གིས་མིད་པ་བརྣངས་ཤིང་འགག་པའི་ངང་ནས་མེད་ཐལ་ཞེས་གསུངས་བྱུང་བས།    ང་ནི་གློ་བོར་དུ་མགོ་ལ་ཐོག་གིས་བཏོར་ནས་རྣམ་ཤེས་བོར་བའི་ཟོག་རོ་ཞིག་དང་འདྲ་བར་ཀྲོང་ངེར་ལུས་ཤིང་མིག་ནས་མཆི་མ་ཤར་ཤར་དུ་བཞུར། ཁ་པར་ས་ལ་ལྷུང་ཞིང་སྨྲ་སྒོ་འགག་པས་ཅི་ཡང་ཤོད་མི་ཐུབ་ལ་ཤོད་ཀྱང་མི་འདོད་པས། ཐད་ཀར་ཉལ་ཁང་དུ་རྒྱུག་ནས་མགོ་ལ་མལ་འཐུམ་བརྒྱབ་ནས་ཉིན་གང་པོར་ངུས་ནས་བསྡད།  ངུས་དྲགས་པས་སྔས་མགོ་ཡང་ཆུ་ལ་སྦང་པ་བཞིན་བརློན་རྐྱང་ཆགས་འདུག   མཚན་གང་པོར་ཉེ་ཆར་རང་གིས་བྱས་པའི་ལས་ངན་རྣམས་ཡིད་ལ་འཁོར་ཞིང་འགྱོད་གདུང་གི་རལ་གྲིས་སྙིང་ཁ་ཡང་ནས་ཡང་དུ་གཤགས། ལྷག་པར་དུ་ཁོང་གི་འཛུམ་ཞལ་དང་མིག་ཀོང་དུ་སྦས་པའི་མཆི་མ།  འགྲོ་ཁར་མགོ་ལ་བྱིལ་བྱིལ་བྱེད་ཅིང་ཁ་ཏ་བསླབ་བྱ་བྱེད་པའི་ངང་ཚུལ་རྣམས་རེ་རེ་བཞིན་གློག་བརྙན་ལྟར་མིག་ལམ་དུ་འཆར་བས་མི་ཚེ་ནི་ཅི་འདྲའི་འཚབ་འཚུབ་ཅིག་དང་ཡུན་ཐུང་ཞིག་ཡིན་པ་ཚོར་ལ།  འཆི་བ་ནི་ཅི་འདྲའི་བཙན་པོ་ཞིག་དང་དུས་ཚོད་ནི་ཅི་འདྲའི་རིན་ཐང་བྲལ་བ་ཞིག་ཡིན་པ་གཞི་ནས་རྟོགས་ཐུབ།  དོན་དངོས་ཐོག་ངའི་ཨ་མ་བགྲེས་མོ་ནི་འཛུམ་གྱིས་འཇིག་རྟེན་ཕ་རོལ་དུ་སོང་ཞིང་།  ང་ནི་གནོང་འགྱོད་དང་དྲན་གདུང་གི་བཙོན་རར་ཚུད་པ་བཞིན་མཚན་མོ་གཅིག་ལ་ཡོངས་སུ་ནར་སོན། 

 

        ཉིན་དེ་དག་གི་རིང་དུ་ངས་སྔར་སོང་ལ་ཕྱིར་འདང་དང་མིག་ཆུ་ཡིས་འགྱོད་གཤགས་བྱས་ཤིང་།  ཉིན་དེ་ནས་བཟུང་སློབ་སྦྱོང་ལ་མཐའ་གཅིག་གིས་བརྩོན་འགྲུས་བྱས་ནས་ཨ་མ་རྒན་མོ་ཁོང་གིས་བྱམས་བརྩེའི་སྤྱན་མཐོ་རིས་བདེ་བའི་ཞིང་ནས་ང་ལ་གཟིགས་བསྡད་པའི་ཡིད་ཆེས་ཀྱིས་ཡོངས་སུ་ཁེངས།  འོན་ཀྱང་ཁོང་དང་ཆེས་མཐའ་མའི་ངོ་ཐུག་མ་བྱུང་བ་ནི་མི་ཚེ་འདིའི་བློ་འགྱོད་ཆེ་ཤོས་ཤིག་ཡིན།  ཡང་གཅིག་བྱས་ན་ནམ་མཁའི་དཀོན་མཆོག་གིས་ངའི་སྔོན་ཆད་ཀྱི་ངན་སྤྱོད་ལ་ཆད་པ་བཏང་ནས་ཆེས་མཐའ་མཇུག་གི་གྱེས་གདུང་བྱེད་པའི་གོ་སྐབས་ཀྱང་ང་ལ་མ་སྤྲད་པ་རེད།  དེ་ལྟར་ཡིན་ན་ཡང་ཁོང་གི་ཆེས་མཐའ་མར་སྐད་ཆ་གང་ཞིག་བཤད་ཡོད་པ་དང་བྱ་བ་གང་ཞིག་བྱས་ཡོད་མིན་ནི་ཉིན་མཚན་མེད་པར་ངའི་སེམས་དང་བློ་ཡི་བར་གསེང་ན་རྦ་རླབས་བཞིན་འཕྱོ་ནས་འཇགས་ཐབས་གཏན་ནས་མི་འདུག

 

        མི་རིང་བར་ང་ཡང་གུང་སེང་བཏང་ནས་ནང་དུ་ལོག་པ་ཡིན། དེ་སྔོན་གུང་སེང་བཏང་ནས་ཕ་ཡུལ་དུ་ལོག་རྒྱུ་ནི་བྱམས་དང་བརྩེ་བས་ཕྱུག་པའི་ཨ་མའི་པང་དུ་ལོག་འགྲོ་བ་ཡིན་པས་འགྲུལ་བཞུད་ནི་རྩེ་འཇོ་དང་མཚར་གཏམ།  གླུ་གར་སོགས་ཀྱིས་སྐྱེལ་ཞིང་སེམས་ཁོང་སུ་དགའ་བ་དང་སྤྲོ་བ་ཡི་མེ་ཏོག་རབ་ཏུ་བཞད་མོད།  དེ་རིང་ནི་འགྱོད་གདུང་གིས་མྱ་ངན་དང་དུར་ཁྲོད་ཀྱི་ཕྱོགས་སུ་སྐྱོད་བཞིན་པ་ལྟ་བུའི་ཆེས་ལྷིང་འཇགས་དང་ཁུ་སིམ།   ཆེས་སྐྱོ་བའི་མིག་ཆུའི་འགྲུལ་བཞུད་ཅིག་རེད། 

   

        ཕ་ཡུལ་དུ་འབྱོར་མ་ཐག་ཤོད་མི་ཤེས་པའི་སྐྱོ་གདུང་ཞིག་གིས་གནམ་ས་ཁེངས། སྔར་མཆོང་ལྡིང་བྱས་ནས་འགྲོ་མྱོང་བའི་རི་ལམ་ཕྲ་མོ་དེ་བརྒྱུད་ནས་འགྲོ་སྐབས་ཧ་ལམ་བར་མདོའི་འཕྲང་ལ་འགྲོ་བཞིན་པའི་ཚོར་སྣང་སྐྱུར་མོ་ཞིག་གིས་མིག་ཆུ་དབང་མེད་དུ་བཀུགས་ལ།  རང་དབང་མེད་པའི་གོམས་གཤིས་ཤིག་གིས་ངེད་ཚང་གི་ཁང་ཐོག་ན་ཡང་ཡང་དུ་བལྟ་སྐབས། ཨ་མ་རྒན་མོ་སྔར་བཞིན་ཁང་ཐོག་ནས་ང་སྒུག་བཞིན་པ་ཡང་མངོན་སུམ་དང་སྒྱུ་མའི་བར་ནས། འགྱོད་གདུང་དང་མིག་ཆུའི་ཀློང་ནས་ངས་རབ་རིབ་ཏུ་མཐོང་བྱུང་། 

 

        གྲོང་འདབས་ཀྱི་མ་ཎི་?་འབུམ་ནི་ཁ་ཁུ་སིམ་མེར་སྐོར་མཁན་མེད་པར་ལུས་འདུག་པས། སེམས་ནང་དུ་བརྗོད་མི་ཤེས་པའི་སྐྱོ་གདུང་དྲག་པོ་ཞིག་གིས་མ་ཎི་དེ་དག་དང་མཉམ་དུ་ཆོས་པ་རྒན་མོ་ཁོང་ལ་མྱ་ངན་ཞུ་བཞིན་དུ་མུ་མཐུད་མདུན་དུ་ཆས།  གོམ་སྟབས་ལྕི་མོ་ཞིག་དྲུད་ནས་གྲོང་ཚོའི་སྲང་ལམ་དུ་བསྐྱོད་སྐབས་གཡས་གཡོན་དུ་ཁུག་ཉལ་བྱས་པའི་ཁྱི་འཁྱམ་དག་གིས་ཀྱང་ང་ལ་སྣང་མེད་དུ་བཏང་ནས་མགོ་བོ་དུད་དེ་གནས་འདུག    ཧ་ལམ་ཁོ་ཚོས་ཀྱང་རང་ཉིད་ལ་རྒྱུན་དུ་ཟས་ལྷག་འཐུང་ལྷག་བསགས་ནས་སྟེར་མཁན་གྱི་བྱམས་ལྡན་རྒན་མོ་ཞིག་བུད་སོང་བ་ཚོར་ནས་སེམས་སྡུག་གིས་མནར་ཡོད་པ་འདྲ།    ང་དེ་ལྟར་གོམ་པ་རེ་རེ་དང་མིག་ཆུ་རེ་རེ་ཡིས་ནང་དུ་འབྱོར། ནང་དུ་སླེབས་མ་ཐག་ང་རང་མེ་ཁང་དུ་ཐད་ཀར་འཛུལ་ཕྱིན། དེ་སྔོན་ཁོང་ཉལ་སའི་ཉལ་ཁྲི་སྟོང་པ་དེ་མཐོང་མ་ཐག་ཏུ་རང་དབང་མེད་པར་མིག་ཆུ་ཤོར།  ནང་གི་ཕྱི་ནང་གང་སར་རྒྱུགས་ནས་ཁོང་གི་གཟུགས་བརྙན་རེ་འཚོལ་ཐབས་བྱས་ཀྱང་།  ཧ་ལམ་མི་དེ་འཇིག་རྟེན་འདིར་ཡོང་མྱོང་མེད་པ་བཞིན་དུ་ཁོང་གིས་སྤྱོད་མྱོང་བའི་ཡོ་བྱད་ཅི་ཡང་ལྷག་མི་འདུག  ཐ་ན་ནམ་རྒྱུན་ཆག་སྒམ་གྱི་ཤེལ་སྒོའི་གསེང་དུ་བཅུག་པའི་གནམ་མཚོའི་འགྲམ་དུ་བླངས་པའི་ཁོང་གི་པར་རྙིང་དེ་ཡང་བསྡད་མི་འདུག་པས།  ངས་ཐེངས་དང་པོ་ཚེ་སྲོག་དང་འཆི་བ་ཟེར་བར་བསམ་གཞིག་བྱ་དགོས་བྱུང་ལ། ཐེངས་དང་པོར་ང་ཚོའི་ཆོས་ལུགས་ཀྱི་བག་ཆགས་སམ་སྲོལ་རྒྱུན་གྱི་ལམ་ལུགས་འདི་ཆེས་སྡུག་རྩུབ་དང་བླུན་རྟགས་ཆེ་བར་མཐོང་།  གྲོངས་མ་ཐག་ཏུ་ཁོང་གི་མིང་དང་འབྲེལ་ཡོད་ཀྱི་ཅ་དངོས་ཡོད་ཚད་ཐལ་བའི་རྡུལ་དུ་བཏང་ཞིང་དྲན་རྟེན་གྱི་འདྲ་པར་ཞིག་ཀྱང་ཉར་དབང་མེད་པ་ནི་ཅི་འདྲའི་སྙིང་རྗེ་མེད་པ་ཞིག་རེད་ཨང་སྙམ།

ཉིན་གཉིས་པར་ཨ་མ་ཆུང་བས་ང་ལ་སྒོར་མོ་ལྔ་བརྒྱ་བྱིན་བྱུང་བས། ངས་འདི་ཅི་རེད་ཅེས་དྲིས་པར། ཨ་མས་འདི་ནི་ཨ་མ་རྒན་མོ་འགྲོ་ཁར་ཁྱོད་ལ་སྤྲོད་རོགས་གྱིས་ཟེར། ཁོང་གིས་མིད་པ་ཅུང་བརྣངས་ཞིང་སྐྲངས་ནས་དམར་པོར་གྱུར་བའི་མིག་མཐའ་མཆི་མས་བརླན་བཞིན་ང་ལ་བཤད་དོན།

 

        དེ་ཉིན་ཧ་ལམ་ཁོང་གིས་རང་ཉིད་འཇིག་རྟེན་ན་མི་འཚོ་བར་ཤེས་པ་ལྟར། ཨུ་ཚུགས་ཀྱིས་ཉལ་ས་ནས་ལངས་པ་དང་སྦྲགས་ང་ཕྱི་ལ་གཅིན་གཏོང་དུ་འགྲོ་དགོས་ཟེར། ཨ་མ་དང་ཨ་ཞང་སོགས་ཀྱིས་ཆབ་ཏོག་ཁྱེར་ཡོང་ཟེར་ཡང་མ་ཉན་པར་ཕྱི་རུ་འགྲོ་རྒྱུའི་ཨུ་ཚུགས་བྱས་པས། ཨ་མ་དང་སྲུ་མོ་གཉིས་ཀྱིས་བསྐྱོར་ནས་གསང་སྤྱོད་དུ་སོང་། ངེད་ཚང་གི་གསང་སྤྱོད་གྱང་ཐོག་ཏུ་ལྕི་བ་དང་ཤིང་སྐམ་མང་པོ་བརྩིགས་ཡོད།  ཨ་མ་རྒས་མོས་ཟུངས་ཤུགས་ཡོད་ཚད་བཏོན་ནས་ལྕི་བ་བརྩིགས་པའི་བར་གསེང་ནས། ཧ་ལམ་སྦས་ནས་ཡུན་རིང་ཙམ་འགོར་བའི་རས་འཐུམ་ཞིག་བླངས།  ཁོང་གིས་སྐམ་ལ་འཁྱོག་པའི་ཕྱག་ཟུང་འདར་བཞིན་དུ་ག་ལེར་རས་འཐུམ་ཕྱེས་ནས་བརྒྱ་ལོར་ལང་གྲིལ་ཞིག་བླངས།  དེ་ནི་ལོ་གཅིག་ཙམ་ཉལ་སར་ལྷུང་བའི་ཡུན་དུ་གཉེན་ཉེ་དང་གྲོང་མཚེས་ནད་བསྐོར་ཡོང་མཁན་ཚོས་སྤྲད་པ་རེད།  སྒོར་མོ་ལྔ་བརྒྱ་དེ་ཨ་མའི་ལག་ཏུ་བཞག་ནས་འདི་ངའི་བུ་ལ་སྤྲོད་རོགས་ཟེར།  དེའི་དགོང་མོར་ང་སློབ་གྲྭར་མུ་མཐུད་དུ་གཏོང་དགོས་པ་དང་རིག་གནས་ཀྱི་ལྟོ་ཕོར་ཞིག་ངེས་པར་དུ་རག་པ་བྱེད་དགོས་པའི་ཞལ་ཆེམས་དང་བཅས་ནས་འཕགས་ཕྱོགས་བདེ་བའི་ཞིང་དུ་ཕེབས་སོང་ཟེར་བས་ངའི་མིག་ཆུ་སླར་ཡང་རང་དབང་མེད་པར་ལྷུང་།  མི་ལོ་བཅུ་ལྷག་སོང་ཟིན་པའི་དེ་རིང་ཡང་།  ཁོང་གི་འཛུམ་ཞལ་དང་ཁོང་གི་མ་ཎི་སོགས་ད་དུང་མིག་ལམ་དུ་ཡང་ཡང་འཁོར་ཞིང་།  ཁོང་གིས་ནུས་ཤུགས་ཡོད་རྒུས་ལྕི་བའི་གསེང་ནས་དངུལ་ལེན་བཞིན་པའི་ངང་ཚུལ་ནི་ཧ་ལམ་ཁ་སང་བྱུང་བའི་འདས་དོན་ཞིག་དང་འདྲ་བར་ངའི་སེམས་ངོས་སུ་?་ལ་རི་མོ་བརྐོས་པ་ལྟར་ཆགས།

 

        དྲང་པོར་བཤད་ན་ཨ་མ་རྒས་མོ་ཁོང་ནི་ངའི་རྨོ་བོ་ལགས་རེད།  ངས་ཁོང་ལ་ཨ་མ་ཞེས་འབོད་དོན་ནི་ང་སྐྱེས་ནས་ཟླ་བ་གཉིས་ཙམ་གྱི་རྗེས་སུ་ཨ་ཕའི་ནང་དང་ཨ་མ་གཉིས་མ་འཆམ་པར་ངེད་མ་སྨད་གཉིས་བསྐྱུར་བ་རེད།   དུས་དེ་ནས་བཟུང་ང་ཨ་མྱེ་དང་རྨོ་བོ་མཉམ་དུ་སྐྱིད་སྡུག་མཉམ་མྱོང་གི་འཚོ་བ་སྐྱེལ་ནས་བསྡད་པ་དང་ཨ་མ་འབྲོག་སར་ནོར་ཟོག་བལྟ་དགོས་པའི་དབང་གིས་ང་ཆུང་དུས་ནས་སྤོ་བོ་ལགས་ལ་ཨ་ཕ་དང་རྨོ་བོ་ལགས་ལ་ཨ་མ་ཞེས་འབོད་ཀྱིན་ཡོད།   ཨ་མ་དང་ཨ་ཕའི་ནང་མིའི་བར་ཡང་སྙིང་རྒྱུ་མཚན་ཅི་ཞིག་གི་དབང་གིས་འཁྲུག་པ་ཤོར་མིན་དང་ངེད་མ་བུ་གཉིས་བསྐྱུར་དགོས་དོན་སོགས་ནི་ངས་ད་བར་ཨ་མར་འདྲི་མ་མྱོང་ལ་ཨ་མས་ཀྱང་བཤད་མ་མྱོང་བས།    ཕྱིན་ཆད་ཀྱང་འདྲི་མི་སྲིད།    ད་ཆ་ང་ནི་ཨ་མ་རྒས་མོ་ཁོང་གི་བསམ་འདུན་བཞིན་དུ་གཞུང་ཞབས་པ་ཞིག་ཏུ་གྱུར་ཡོད་པས་ཁོང་ཡང་བློ་བདེ་བག་ཕེབས་ཀྱི་ངང་དུ་བདེ་བའི་ཞིང་དུ་འཚོ་བར་རོལ་ཡོད་ཤས་ཆེ།    ད་ལྟ་ཞིབ་འདང་རེ་བྱེད་དུས་ང་ལ་ཨ་ཕ་མེད་པ་དེ་ནི་ཁོང་བགྲེས་སོང་གཉིས་ཀྱིས་ང་ལ་ཁོག་གི་སྙིང་དང་དཔྲལ་བའི་མིག་ལྟ་བུའི་བརྩི་མཐོང་ཆེན་པོ་བྱེད་པའི་རྒྱུ་མཚན་ཡིན་པ་འདྲ།  

 

        དེས་ན་ཆུང་དུས་ཨ་ཕ་ཡིས་བསྐྱུར་བ་ནི་ངའི་བདེ་སྐྱིད་ཀྱི་འཚོ་བའི་དབུ་ཁྱུད་ཡིན་པ་གཞི་ནས་ཚོར།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1