རྩྭ་འཇག་མའི་ལེགས་སྐྱེས།

སྤྲིན་མདོག རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-16


        ཨེ་མ། རྩྭ་འཇག་མ།  བྱང་རྩྭ་ཐང་སྟེང་གི་རྩྭ་འཇག་མ།  ཁྱེད་ནི་དབྱར་གྱི་དྲག་ཆར་རླུང་འཚུབ་དང་།  དགུན་ཁ་བ་གྲང་རླུང་གང་གི་གནོད་འཚེ་དང་བར་ཆད་ལས་རྣམ་པར་རྒྱལ་ཏེ། རྩྭ་ཆུང་ཉག་ཕྲན་དུ་མའི་དཀྱིལ་ནས། ཁྱེད་རང་མངོན་གསལ་དོད་པའི་དཔའ་སྟོབས་དང་ལྡན་པའི་སྒོ་ནས་ཀེར་རེར་གནས་ཤིང་།  དགུན་གངས་ཆེན་དྲག་པོས་ས་གཞི་ཡོངས་སྐྱ་ཐིང་ཐིང་གི་འཇིག་རྟེན་ཞིག་ཏུ་བསྒྱུར་ནས། བྱང་འབྲོག་པའི་འཚོ་རྟེན་ཕྱུགས་རིགས་འབུམ་ཕྲག་བཀྲེས་ལྟོགས་ཀྱིས་མནར་བ་སོགས་འགག་རྩའི་སྐབས་སུ། ཁྱེད་རང་ཁ་བའི་གནོན་ཤུགས་དྲག་པོ་དེ་དག་ལ་མགོ་མི་སྒུར་བ་མ་ཟད། དེ་ལས་ལྡོག་སྟེ། གཞན་ཕན་བསྒྲུབ་རྒྱུའི་རང་གི་ལྷད་མེད་ལྷག་བསམ་གྱི་བློ་སྟོབས་ངོམ་བཞིན། ཁ་བའི་ཁྲོད་ནས་ཀེར་རེར་ལངས་ཏེ། རྩྭ་ཟན་གྱི་སེམས་ཅན་དུ་མའི་བཀྲེས་ལྟོགས་སེལ་ཞིང་།  དེ་དག་གི་ཚེ་སྲོག་ཀྱང་སྐྱོབ་པའི་ཐེངས་གྲངས་གྲངས་ལས་འདས། འོན་ཀྱང་ཁྱེད་ཀྱིས་མངོན་གསལ་མེད་པའི་གལ་ཆེའི་ལེགས་སྐྱེས་དེ་དག་ལ་སྐྱེ་བོ་མིག་ལྡན་ཀུན་གྱིས་དེ་ཙམ་དོ་སྣང་མི་བྱེད་པའམ། མཐོང་ཆོས་ཀྱི་ཡུལ་དུ་མ་གྱུར་བ་མ་ཟད། ཐ་ན་སྣང་མེད་མཐོང་ཆུང་ཐོག་རྐང་འོག་ཏུ་?ག་རྫིས་ཁོ་ན་བཏང་ཡང་།  ཁྱེད་ནི་སྔར་བཞིན་རང་གནས་སུ་རྩ་བ་ཚུགས་པ་དང་།  འབྲས་བུ་སྨིན་ཏེ། མངོན་གསལ་མེད་པའི་ལས་རྐང་ཐོག་མངོན་གསལ་མེད་པའི་གཞན་ཕན་སྒྲུབ་པའི་བྱ་གཞག་ཆེན་པོ་དེ་མཚམས་འཇོག་མྱོང་མེད་ལ། བྱ་གཞག་དེ་ཡི་ཆེད་དུ་རང་ནུས་ཡོད་རྒུའི་ལེགས་སྐྱེས་དང་།  འབད་བརྩོན་བྱས་དང་བྱེད་མུས་སུ་གནས། ཨེ་མ།  རྩྭ་འཇག་མ། བྱང་ཐང་གི་རྩྭ་འཇག་མ། ཁྱེད་ལ་དེ་ལྟ་བུའི་གཞན་ཕན་གྱི་སེམས་བཟང་དང་།  སྟོབས་ཤུགས་དེ་འདྲ་ལྡན་པའི་རྒྱུ་རྐྱེན་དེ་གང་ལགས་ཤེ་ན། དེ་ནི་ཁྱེད་ལ་སྦག་བཙོག་གི་དྲི་མ་དང་བྲལ་བའི་བྱང་རྩྭ་ཐང་གི་སྟེང་དུ། དབྱར་དུས་སུ་དྲགས་ཆར་རླུང་འཚུབ་ནང་ནས་རིམ་བཞིན་སྐྱེ་འཚར་ལེགས་པོ་བྱུང་བ་དང་།  དགུན་དུས་སུ་གྲང་ངར་བུ་ཡུག་གི་གེགས་སྐྱེན་གནོད་འཚེ་དུ་མ་ལས་རྒྱལ་ནས་རིམ་བཞིན་འཚར་ལོངས་བྱུང་སྟེ། རྩྭ་ཆུང་ཉགས་ཕྲན་གཞན་དང་།  གནས་ཡུལ་གཅིག་ཀྱང་།  ཁྱེད་ནི་གཞན་ལས་ལྷག་པའི་འཚར་སྐྱེས་བཟང་ཞིང་སྟོབས་ཤུགས་ཀྱང་ཆེས་ཆེ་བར་གྱུར་ཡོད།  དགུན་དུས་ཁ་བ་བུ་ཡུག་གིས་གསེར་མདོག་གི་བྱང་རྩྭ་ཐང་ཡོངས་རྫོགས་དངུལ་མདོག་གིས་བཀབ།  ཕྱུགས་རིགས་འབུམ་ཕྲག་བཀྲེས་ལྟོགས་ཀྱིས་མནར་ཏེ། ཤི་གོད་འགྲོ་བའི་ཉེན་ཁའི་སྐབས་རྩྭ་འཇག་མ་ཁྱེད་ནི། སྔར་བཞིན་རང་མདོག་མ་ཉམས་པའི་ཐོག སྙིང་རྗེ་སྤུ་ཙམ་ཡང་མེད་པའི་གངས་ཆེན་དེ་དག་གི་འོག་ནས་འགྱིང་ངེར་ལངས་ཏེ།  འཇིགས་སྐྲག་ཆེ་བའི་བུ་ཡུག་དྲག་པོ་དེ་དག་ལ། ཕར་རྒོལ་གྱིས་ངར་སྒྲའི་ཤུ་གླུ་ལེན་བཞེན། རྩྭ་ཟན་དུད་འགྲོ་སེམས་ཅན་རྣམས་ཀྱི་བཀྲེས་ལྟོགས་སེལ་ཏེ། ཁོ་ཚོའི་ཚེ་སྲོག་སྐྱོབས་པའི་བྱ་གཞག་ཆེན་པོ་དེ། མ་སྐུལ་དང་བླངས་ཀྱི་འགན་འཁྲི་ཞིག་ལ་བརྩིས་ནས། རང་ནུས་ཡོད་རྒུའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་གནས་སོ།། 

 

        ཨེ་མ།  རྩྭ་འཇག་མ། ང་ཚོ་ཡང་རྩྭ་འཇག་མ་བཞིན་ལྷག་བསམ་རྣམ་དག་གིས་འགྲོ་བ་མིའི་རིགས་ལ་ཕན་པའི་བྱ་གཞག་སྒྲུབ་པ་དང་།  སྤྱི་ཚོགས་ལ་ལེགས་སྐྱེས་ཧུར་ཐག་འབུལ་བ། སྤྱི་ཚོགས་དང་།  མི་དམངས་ལ་ཕན་ཐོག་ཡོད་པའི་མི་ཞིག་ཆགས་ཐུབ་ཚེ། དེ་ནི་དངོས་གནས་ཐོབ་དཀའི་དལ་འབྱོར་མི་ལུས་འདི་བླངས་པའི་དོན་སྙིང་ངོ་མ་ཞིག་རེད་འདུག་སྙམ། དེར་བརྟེན་མི་ཚེ་ཧྲེལ་པོ་སྟོང་ཟད་མ་བཏང་བར། གཞན་ཕན་ལྷག་བསམ་གྱི་བྱ་གཞག་སྒྲུབ་བརྒྱུ་དེ། དུས་ནམ་ཡིན་ཡང་སོ་སོའི་ཕུགས་མདུན་ཉག་ཅིག་ཏུ་བརྩིས་ནས། 

ཉམ་ཆུང་མང་ཚོགས་ཀྱི་སེམས་ཁྲལ་དང་།  དཀའ་ངལ་བཅས་ལ་ཁ་ཙམ་མ་ཡིན་པར། དོན་ངོ་མའི་ལག་ལེན་གྱི་ཐོག་ནས་མི་སོ་སོའི་ནུས་ཤུགས་ལ་གཞིགས་ནས། ཕན་ཚུན་རོགས་རམ་དང་།  ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་གཅེས་སྐྱོང་བཅས་བྱས་ཏེ་གཞན་ཕན་བྱ་གཞག་སྒྲུབ་སྤེལ་བྱ་རྒྱུ་དེ་ནི། དགེ་མཚན་ཆེ་ཤོས་དང་།  དོན་སྙིང་ཟབ་ཤོས་ཤིག་རེད་འདུག་སྙམ། དེའང་ཐོབ་དཀའི་དལ་འབྱོར་མི་ལུས་ལ་གཅེས་འཛིན་དང་།  དེའི་དོན་སྙིང་མངོན་པར་བྱེད་དེ། བྱང་རྩྭ་ཐང་སྟེང་གི་རྩྭ་འཇག་མའི་ལེགས་སྐྱེས་བཞིན། མངོན་གསལ་མེད་པའི་ལས་རྐང་ཐོག་གཞན་ཕན་བྱ་གཞག་རླབས་པོ་ཆེ་སྟེ། ལྷད་མེད་ལྷག་བསམ་གྱིས་ལག་ལེན་དངོས་ཀྱི་ནང་དུ་སྒྲུབ་པ་མ་ཟད།  རེ་ཞིག་ཙམ་མ་ཡིན་པར་བྱ་བཟང་བསྒྲུབ་རྒྱུ་མུ་མཐུད་རྒྱུན་མཁྱོངས་དང་།  ལྷད་མེད་ཀྱི་ཀུན་སྤྱོད་ལེགས་པོ་མུ་མཐུད་དར་སྤེལ་བཅས་བྱུང་ན། དེ་ནི་དལ་འབྱོར་མི་ལུས་ཐོབ་ནས། མི་གསོན་པོའི་དོན་སྙིང་མངོན་པ་ཤིག་དང་།  འཆམ་མཐུན་གྱི་སྤྱི་ཚོགས་ཞིག་དང་།  འབྱོར་འབྲིང་གི་སྤྱི་ཚོགས་ཞིག་འཛུགས་སྐྲུན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་ཡོང་བར་བྱེད་པའི་བྱ་གཞག་ནང་མི་ཚང་མས་སོ་སོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་དེའང་རེད་འདུག་སྙམ།

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1