༄༅།། བཀྲ་ཤིས་དཔལ་ལྡན།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-10


དུས་རབས་གསར་པའི་བོད་ལྗོངས་ཀྱི་རྩོམ་པ་པོའི་མིག་དཔེ།  བཀྲ་ཤིས་དཔལ་ལྡན།
རྣམ་དཀར་ལྷ་མོས་བྲིས།
བཀྲ་ཤིས་དཔལ་ལྡན་ལགས།
        དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནི་བོད་ཀྱི་དཔལ་འབྱོར་དང་རྩོམ་རིག་སོགས་ཕྱོགས་གང་ཅིའི་ཐད་ནས་བར་བརྒལ་ལམ་རྟོགས་སད་ཀྱི་བར་མཚམས་ཆེན་མོ་ཞིག་ཏུ་བརྩི་བཞིན་ཡོད་ལ། ལྷག་པར་དུ་ལོ་རབས་བརྒྱད་ཅུ་སྐབས་ཀྱི་བོད་ཀྱི་རྩོམ་རིག་ད་ལྟའི་བར་དུ་བརྒལ་མི་ཐུབ་པའི་མཐོ་རླབས་ཤིིག་འཕྱུར་ཡོད་པ་ཀུན་གྱི་ཤེས་གསལ་ལྟར་ལགས། ལོ་རབས་བརྒྱད་ཅུ་པའི་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན་རྗེས་ལུས་ཀྱི་རྣམ་པ་དེ་ལས་རྟོགས་སད་བྱུང་ནས་ལས་རིགས་སོ་སོ་ནས་འཕེལ་རྒྱས་ཀྱི་ལམ་སྣ་དྲངས་ཤིང་། ལྷག་པར་དུ་དཔལ་དོན་གྲུབ་རྒྱལ་གྱིས་སྣེ་དྲངས་པའི་རྩོམ་རིག་གསར་པའི་དཔུང་ཁག་ཅིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བོད་སྤྱི་ཚོགས་ཀྱི་གྲུ་ཟུར་ཡོངས་ལ་ཁྱབ། བཀྲ་ཤིས་དཔལ་ལྡན་ལ་མཚོན་ན་རྩོམ་རིག་གསར་པའི་དཔུང་ཁག་དེའི་ཁྲོད་ནས་དབུས་གཙང་ཕྱོགས་ཀྱི་ཚབ་མཚོན་མི་སྣའི་གྲས་ཤིག་ཡིན་ལ། སྔ་གཞུག་ཏུ་སྒྲུང་གཏམ་དང་འབོལ་རྩོམ། ལྷུག་རྩོམ་སོགས་གྲངས་འབོར་མི་ཉུང་བ་ཞིག་བརྩམས་འདུག་ལ་ད་ལྟའང་ད་དུང་རྩོམ་མུས་སུ་མཆིས་པ་དང་། བོད་ཀྱི་རྩོམ་རིག་གར་སྟེགས་སུ་བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་ནས་ཕུལ་དུ་བྱུང་བའི་བརྩམས་ཆོས་མང་པོ་ཀློག་པ་པོ་དག་གི་མིག་གི་དགའ་སྟོན་དུ་བཀྲམས་མྱོང་།

བཀྲ་ཤིས་དཔལ་ལྡན་དང་བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མཉམ་པར།
        བཀྲ་ཤིས་དཔལ་ལྡན་ནི་སྤྱི་ལོ་1962ལོར་བོད་ལྗོངས་རིན་སྤུངས་རྫོང་རམ་པ་སྡེ་པའི་རོང་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། ཞིང་གྲོང་གི་བྱིས་པ་གཞན་དང་འདྲ་བར་བྱིས་དུས་ཀྱི་ལོ་ཟླ་ཞིང་ཁ་དང་བ་ཕྱུགས་ཀྱི་རྗེས་ནས་བསྐྱལ་ཞིང་། ཁོང་ཉིད་འཁྲུངས་པའི་ལོ་རབས་དེ་ལ་མཚོན་ན་སྤྱི་ཡོངས་ནས་ཚ་ཚ་འུར་འུར་གྱི་དུས་བབས་ཤིག་ཡིན་ལ། ཞིང་གྲོང་གི་བྱིས་པ་ཞིག་ལ་མཚོན་ན་སློབ་གཉེར་བྱེད་པའི་སྐལ་བ་དེ་བས་ཤིན་ཏུ་དཀོན། ཡིན་ཡང་ཁྱིམ་ཕ་མས་དཀའ་སྡུག་གི་ལོ་ཟླའི་ནང་བུ་ཕྲུག་སློབ་གྲྭར་བསྐྱལ་ཞིང་། སྐབས་དེ་དུས་ལ་མཚོན་ན་སློབ་ཆུང་གི་ཆ་རྐྱེན་ཤིན་ཏུ་ཞན་ལ། ད་ལྟ་དང་མི་འདྲ་བར་ལོ་རིམ་གྱི་དབྱེ་བ་གསལ་པོར་བཀར་མེད། ཐ་ན་སློབ་དེབ་ཀྱང་ཆ་ཚང་ཞིག་མེད་ཅེས་ཁོང་ཉིད་ཀྱིས་གསུངས། ལྷག་པར་དུ་བོད་ཡིག་སློབ་ཁྲིད་ནི་དེ་བས་སྐྱ་ཟད་སྔོ་སྡུག་གི་དུས་ལ་འཁེལ་ཡོད། དེ་ལྟར་སློབ་ཆུང་གི་མིང་ཙམ་གྱི་ཐོག་ནས་ལོ་ངོ་དུ་མར་སློབ་སྦྱོང་བྱས་ཤིང་།  1974ལོ་སྟེ་རང་ལོ་བཅུ་གསུམ་ཐོག རིན་སྤུངས་རྫོང་གི་སློབ་འབྲིང་གསར་འཛུགས་ཀྱི་སྐབས་དང་བསྟུན་ནས་ཁོང་ཉིད་སློབ་འབྲིང་འགྲིམ་པའི་སྐལ་བ་ལྡན་མོད། 1976ལོའི་ཟླ་9པར་སློབ་འབྲིང་གི་སློབ་གཉེར་བར་བཅད་དེ། གཞི་རིམ་དུ་དམངས་བཙུགས་སློབ་གྲྭའི་དགེ་རྒན་བྱེད་དུ་སོང་། 1986ལོའི་བར་སྟེ་ལོ་ངོ་བཅུ་ཡི་རིང་ལ་རང་ཉིད་ཀྱི་བསླབ་པ་ཀུན་བུམ་པ་གང་བྱོའི་ཚུལ་དུ་འདོད་ལྡན་སློབ་བུ་དག་ལ་སྦྲང་རྩིའི་བཅུད་བཞིན་གནང་ཞིང་། ལོ་འཁོར་བཅུ་ཡི་རྗེས་ནས་ལས་གནས་སྤོར་ནས་ད་ལྟའི་བར་དུ་གསར་འགོད་པ་དང་རྩོམ་སྒྲིག་པའི་ལས་ཀ་གཉེར།

བཀྲ་ཤིས་དཔལ་ལྡན་ལགས་ཀྱིས་དམངས་ཁྲོད་སྒྱུ་རྩལ་པར་བཅར་འདྲི་བྱེད་བཞིན་པ།

        དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་འགོ་བཙུགས་ཏེ་རྩོམ་རིག་བརྩམས་ཆོས་སྤེལ་འགོ་ཚུགས་ཏེ་སྔ་རྗེས་སུ་《བགྲེས་སོང་ཚེ་རིང་ལ་གོ་འཛོལ་བྱུང་བ།》དང་། 《ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས།》《རྒྱུད་སྐུད་སྟེང་གི་རྣམ་ཤེས།》(རྗེས་སུ་དེང་རབས་ལྷ་མོའི་འཁྲབ་གཞུང་རྡོ་གཞོང་ལའི་དཔྱིད་ཀ་ཞེས་པར་བསྒྱུར་བཟོ་བྱས་ནས་འཁྲབ་གཞུང་《རི་མགོ་མཐོན་པོའི་ཉི་མ།》 《བྲག་ཆ།》)ལ་སོགས་པའི་སྒྲུང་གཏམ་ཐུང་འབྲིང་བཞི་བཅུ་ལྷག་ཙམ་བྲིས་ནས་བོད་རིགས་ཀློག་པ་པོའི་ཁྲོད་དུ་བག་ཆགས་གཏིང་ཟབ་བཞག 1992ལོར་བོད་ཀྱི་ཁྱིམ་ཚང་ཀུན་གྱིས་ཤེས་པའི་སྒྲུང་གཏམ་རིང་གྲས་《ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག》དཔེ་སྐྲུན་བྱས་པ་དང་། སྔ་ཕྱིར་བོད་རང་སྐྱོང་ལྗོངས་ཀྱི་“ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་བྱ་དགའ།”དང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་བྱ་དགའ་སྟེ་“རྟ་མཆོག་བྱ་དགའ།”རྒྱལ་ཡོངས་རྩོམ་རིག་བྱ་དགའ་སྟེ་“ཀྲོང་ཀྲུང་ཝུན་རྩོམ་རིག་བྱ་དགའ།” ཞིང་ལྗོངས་ལྔའི་དུས་རབས་གསར་པའི་རྩོམ་རིག་གསར་རྩོམ་བྱ་དགའ་སྟེ་གངས་རྒྱན་བུམ་པའི་བྱ་དགའ་སོགས་ཐོབ།བརྩམས་ཆོས་ལ་ལ་རྒྱ་ཡིག་དང་། དབྱིན་ཡིག་ལ་བསྒྱུར་ཡོད་པ་དང་།  《རི་མགོ་མཐོན་པོའི་ཉི་མ།》ཞིང་ལྗོངས་ལྔའི་མཐོ་འབྲིང་བོད་ཡིག་བསླབ་གཞིའི་ནང་བདམས་ཡོད། གཞན་ཡང་སྒྲུང་ཐུང་བདམས་སྒྲིག་《ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས།》(1991ལོ)དང་། སྒྲུང་འབྲིང་བདམས་སྒྲིག་《རྒྱུད་སྐུད་སྟེང་གི་རྣམ་ཤེས།》(1995ལོ།)ལྷུག་རྩོམ་ཕྱོགས་བསྒྲིགས་《ས་སྲོས་ཀྱི་འཆར་སྒོ།》(2010ལོ།)དོན་བརྗོད་ལྷུག་རྩོམ་རིང་གྲས་《དགུན་གཞུང་རིང་མོ།》(2014ལོ།)སོགས་དཔེ་སྐྲུན་བྱས། བོད་ཀྱི་དུས་སྐབས་གསར་པའི་རྩོམ་རིག་དར་མ་ཐག་པའི་དུས་སྐབས་སུ་ཁོང་གིས་ད་དུང་རྩོམ་རིག་ཞིབ་འཇུག་ཐད་ལའང་དཔྱད་རྩོམ་ཁ་ཤས་བྲིས་པས་བག་ཆགས་ཟབ་མོ་བྱུང་ཞིང་།དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ལ་རྒྱུད་རིམ་ལྡན་པའི་ཞིབ་འཇུག་གི་དཔྱད་རྩོམ་ཐོག་མ་ཡིན་པའི་《དོན་གྲུབ་རྒྱལ་གྱི་བརྩམས་འབྲས་དང་དེས་བོད་ཡིག་གི་དུས་སྐབས་གསར་པའི་རྩོམ་རིག་ལ་ཐེབས་པའི་ཤུགས་རྐྱེན་སྐོར།》ཞེས་པ་དང་། 《དུས་སྐབས་གསར་པའི་བོད་ཡིག་བརྩམས་སྒྲུང་ལ་རགས་ཙམ་དཔྱད་པ།》ལྟ་བུ་ནི་ད་ལྟའང་ཀློག་པ་པོའི་སེམས་ན་གསལ་པོར་གནས་ཡོད། ཉེ་ཆར་ད་དུང་ཞིབ་འཇུག་སློབ་མ་དང་མཉམ་དུ་ལེགས་འགྲུབ་བྱས་པའི་ཕྱི་རྒྱལ་གྱི་ལེགས་བཤད་གྲགས་ཅན་བསྒྱུར་རྩོམ་《འཇིག་རྟེན་ལུགས་ཀྱི་བསྟན་བཅོས།》ཞེས་པ་མི་འགྱངས་པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱེད་གྲབས་ཡོད་པ་རེད། དེ་ཡང་ད་ལྟ་སྔར་བཞིན་རྩོམ་རིག་གསར་རྩོམ་གྱི་བྱ་བའི་རྒྱུན་སྐྱོང་བཞིན་ཡོད་དེ།

བཀྲ་ཤིས་དཔལ་ལྡན་ལགས་ཀྱི་བརྩམས་ཆོས་ཁག་གཅིག
        ཁོང་གིས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་། མཐོ་རིམ་རྩོམ་སྒྲིག་པ། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་ཐ་སྙད་བཀས་བཅད་མཁས་དབང་ཚོགས་ཆུང་གི་ཁོངས་མི་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།
བྱང་ཐང་ནས་འབྲོག་མི་ཞིག་ལ་བཅར་འདྲི་བྱེད་བཞིན་པ།
        རྩོམ་པ་པོ་བཀྲ་ཤིས་དཔལ་ལྡན་གྱིས་ཆེས་ཐོག་མའི་བརྩམས་ཆོས་སམ་ཀློག་པ་པོ་དག་གི་སྤྱན་སྔར་ཐོག་མར་དྲངས་པའི་《བགྲེས་སོང་ཚེ་རིང་ལ་གོ་འཛོལ་བྱུང་བ།》ནས་འགོ་བརྩམས་ཏེ། རྩོམ་རིག་གསར་རྩོམ་གྱི་ལམ་ལ་ཆས་ཤིང་། ཁོ་ར་ཁོར་ཡུག་གི་འཚོ་བའི་རྒྱབ་ལྗོངས་དང་དུས་རབས་ཀྱི་རྒྱབ་ལྗོངས་གཞིར་བཟུང་ནས་སྔ་གཞུག་ཕུལ་ཏུ་བྱུང་བའི་བརྩམས་ཆོས་གང་མང་བཀྲམ་མྱོང་ལ། ད་ལྟ་ཀློག་པ་པོ་དག་ལ་ཆེས་ཆ་རྒྱུས་ཡོད་པ་ནི་ཁོའི་ཚབ་མཚོན་བརྩམས་ཆོས་《ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག》དང་《རྒྱུད་སྐུད་སྟེང་གི་རྣམ་ཤེས།》། 《དགུན་གཞུང་རིང་མོ།》སོགས་ཡིན་ལ། རྗོད་བྱེད་ཚིག་གོ་བདེ་ཞིང་སྲོལ་རྒྱུན་གྱི་གཏམ་དཔེ་མང་དུ་བཀོལ་ནས་རྩམ་དྲི་དང་མར་དྲི་ཐུལ་ཞིང་། རྩོམ་པ་པོ་རང་ཉིད་ཆེས་ཆ་རྒྱུས་ཡོད་པའི་ཞིང་འབྲོག་གི་འཚོ་བ་དག་ཤར་མར་བྲིས་ཡོད་ལ། ཁོ་བོའི་བརྩམས་ཆོས་དག་བརྒྱུད་དེ་སྐབས་དེའི་སྤྱི་ཚོགས་འཚོ་བ་ཅི་འདྲ་ཡིན་པ་དང་སྐབས་དེའི་དབུས་གཙང་ཕྱོགས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཅི་འདྲ་ཡིན་པ་སོགས། རྩོམ་པ་པོས་བརྩམས་ཆོས་དུ་མ་ལས་ངང་ངམ་ཤུགས་ཀྱིས་མཚོན་ཡོད། ཁོང་གི་སྒྲུང་གཏམ་དང་ལྷུག་རྩོམ། འབོལ་རྩོམ་དག་ཀྱང་སྤྱི་ཚོགས་འཚོ་བའི་ས་ཞིང་གཤིན་པོར་རྐང་བཙུགས་ཏེ་བྱུང་བའི་སྒྱུ་རྩལ་གྱི་འབྲས་བཟང་ཁུར་དུ་དུད་པ་ཞིག་ཡིན་ལ། དབུས་གཙང་གི་ས་ཁུལ་བྱེ་བྲག་པའི་གནའ་དེང་གི་གཏམ་རྒྱུད་བརྗོད་པར་བརྟེན་ནས་བོད་ཀྱི་སྤྱི་ཚོགས་གསར་རྙིང་གི་འཚོ་བར་ཞིབ་བསྡུར་བྱས་ཤིང་། བསམ་བློ་དང་ལམ་ལུགས་གསར་རྙིང་གང་ལ་ཡང་ཕྱོགས་ཞེན་དུ་མ་སོང་བར། དངོས་གཙོ་སྨྲ་བའི་ལམ་ནས་མཚོན་པར་བགྱིས་ཡོད། ཁོང་གིས་རང་ལོ་བཅོ་ལྔའི་སྟེང་དམངས་བཙུགས་དགེ་རྒན་གྱི་འགན་བཞེས་པ་ནས་བཟུང་། གསར་རྩོམ་གྱི་ཆར་ཆུ་མི་འདོད་ཐན་པས་སྐམ་མ་མྱོང་། ད་ལྟའི་བར་བརྩམས་ཆོས་བདུན་ཅུ་ལྷག་ཀློག་པ་པོ་དག་གི་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་ལ། ད་སྔའི་བར་ཁོང་གི་བརྩམས་ཆོས་གང་མང་ལ་དཔྱད་པ་གཏོང་མཁན་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་ཡོད་ལ། ད་ལྟའི་དུས་སུའང་ཁོང་གི་རྩོམ་པའི་འདེགས་འཇོག་བཞག་མེད་པར་མུ་མཐུད་དུ་གསར་རྩོམ་བྱེད་བཞིན་པའི་སྒང་ཡིན་པས། ང་ཚོས་མཉམ་དུ་ཁོང་ཉིད་ཀྱི་དེ་ལས་ལྷག་པའི་བརྩམས་ཆོས་དུ་མ་ལ་ཆར་འདོད་བྱིའུ་ཚུལ་དུ་སྒུག་པར་བྱའོ། །
མི་སྣ་གྲགས་ཅན་བློ་དགའ་དང་མཁས་དབང་ནོར་བྲང་ཨོ་རྒྱན་བཅས་ཀྱི་ལྷག་དུ་གསུང་གླེང་གནང་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1