༄༅།། བདག་དང་རྩོམ་རིག

ནག་པོ་སྐལ་བཟང་། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-13


 ནག་པོ་སྐལ་བཟང་།
        ཁྱིམ་ཚང་གི་ཤན་ཤུགས་སམ་ཁོར་ཡུག་གི་ཤན་ཤུགས་ཡིན་པ་མི་ཤེས་མོད། འོན་ཀྱང་བདག་གིས་ཆུང་དུས་སློབ་རིམ་གསུམ་པ་ནས་བཟུང་སྒྲུང་གཏམ་སོགས་ལ་ལྟ་མགོ་བརྩམས་པ་དང་། ཕ་མ་གཉིས་ཀྱིས་བདག་གི་མིག་བརླག་རྒྱུ་རེད་ཅེས་སློབ་དེབ་ལས་དཔེ་ཆ་གཞན་ལ་གཏན་ནས་བལྟ་རུ་མི་འཇུག་ནའང་། བདག་གིས་གོ་སྐབས་རེ་བཙལ་ཏེ་རྩོམ་རིག་གི་དཔེ་ཆ་རྣམས་ལ་བལྟ་གང་ཐུབ་བྱས་པ་ཡིན་པས། ཆེར་སྐྱེས་པ་ན་མི་མང་ཚོགས་ས་ནས་གཏམ་རྒྱུད་བཤད་ན་ནམ་ཡང་ཚར་རྒྱུ་མེད་པ་ཞིག་ཏུ་གྱུར།
        སྟོང་སྐོར་ཕྱུགས་ལས་སློབ་གྲྭར་སོང་རྗེས་རྩོམ་རིག་གི་དཔེ་ཆར་བལྟས་ན་རང་གི་སློབ་སྦྱོང་ལ་གནོད་པར་དོགས་ནས་ལྟ་མཚམས་བཞག་ནའང་། སློབ་གྲྭའི་རྒྱང་སྒྲོག་ཁང་ལ་རྩོམ་ཐུང་རེ་བྲིས་ཏེ་སྒྲོག་ཏུ་བཅུག་པར་མ་ཟད། 《ཕྱུགས་ནད་ཀྱི་མཆེད་ཁུངས》ཞེས་ཚན་རིག་རྩད་ཞིབ་སྐོར་གྱི་དཔྱད་རྩོམ་ཡང་བྲིས་མྱོང་། ལས་ཡག་པ་ཞིག་ལ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་བདག་རྩོམ་རིག་ལ་ཧ་ཅང་མཁས་པའི་དགེ་རྒན་འགའ་དང་འཕྲད་བྱུང་། དེ་ནས་དགེ་རྒན་དམ་པ་རྣམས་ལ་བསྟེན་ནས་རྩོམ་རིག་ཕོ་བྲང་གི་སྒོ་ཐེམ་སྟེང་རྐང་ཡས་སྤོས་ཙ་ན། དགེ་རྒན་རྣམས་ཀྱིས་ཁྱོད་རྩོམ་རིག་གི་འཆར་སྒོ་མཆོག་ཏུ་ཡངས་པ་དང་། ཁྱད་པར་དུ་སྒྲུང་གཏམ་གྱི་མི་སྣ་དང་ཁོར་ཡུག་བློ་ཡིས་བསྐྱེད་པར་ལྷན་སྐྱེས་ཀྱི་ཁྱད་ཆོས་ཤིག་ལྡན་འདུག་ཅེས་སྤོབས་པ་བསྩལ་ཅིང་སྐུལ་མ་བཏང་བ་ན། བདག་གིས་འཁྲབ་ཚན་གཅིག་ཅན་གྱི་གཏམ་བརྗོད་ཟློས་གར་ཞིག་བྲིས་ཏེ་སློབ་གྲྭ་ནས་འཁྲབ་སྟོན་བྱས་པ་ན་དགེ་སློབ་རྣམས་ཀྱི་དགའ་བསུ་ཚད་མེད་ཐོབ་པར་མ་ཟད། རང་གིས་རང་ལ་ཡིད་ཆེས་བསྐྱེད་དེ་རྩོམ་རིག་ཐད་ཀྱི་དཔྱད་རྩོམ་འགའ་ཡང་སྤེལ་བ་ཡིན། 
        སློབ་མཐར་ཕྱིན་ཏེ《སྦྲང་ཆར》རྩོམ་སྒྲིག་ཁང་དུ་བྱ་བ་སྒྲུབ་སྐབས་མགོ་ཁྲིད་ཀྱིས་རྩོམ་ཡིག་འབྲི་བ་ནི་ཞོར་ལས་རེད་ཅེས་ངན་སྨྲས་བྱས་ཏེ་རྩོམ་མཚམས་མི་འཇོག་ཀ་མེད་བྱུང་། གྱ་དྲུག་ལོར་སྲིད་ཇུས་ཇེ་ཡག་ལ་ཡོང་བ་དང་མཉམ་དུ་ངས་ཀྱང་ལས་ཞོར་དུ་རྩོམ་ཡིག་འབྲི་མགོ་བརྩམས་པ་ཡིན། 
        རང་ཉིད་བོད་རིགས་ཤིག་ཡིན་པར་བརྟེན། བདག་གིས་རྒྱ་རྩོམ་བྲིས་ཏེ་བོད་མི་རིགས་ཀྱི་རིག་གནས་ཡོན་ཏན་ལ་བསྟོད་བསྔགས་བྱེད་པ་དང་མཉམ་དུ་ལོག་པར་སྨྲ་བའི་རྒྱ་རྩོམ་དག་ལ་དགག་སྟེ་འཁྲུལ་སེལ་བདེན་སྐྱོང་གང་ཐུབ་བྱས་ཤིང་། བོད་རྩོམ་དུ་བོད་རིགས་རང་གི་ཞན་ཆ་སུན་འབྱིན་དང་ལེགས་ཆ་ཡར་བསྟོད་བྱས་ཏེ། ཀློག་མཁན་གྱི་སེམས་ལ་བསླབ་བྱའི་ས་བོན་ཙམ་ཞིག་འཇོག་པར་འབད་འབུངས་བྱས་པ་ཡིན། 
        བོད་ཀྱི་རྩོམ་རིག་ལས་སྒྲུང་གཏམ་ནི་ལོ་རབས་བདུན་ཅུ་པ་ནས་བཟུང་འཕེལ་རྒྱས་ཆེན་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ནའང་། ཕོ་མོའི་བརྩེ་དུངས་དང་ལོ་རྒྱུས། ཡང་ན་མཚར་གཏམ་དང་དགོད་གཏམ་བསྐྱེད་དེ་སྒྲུང་ཐུང་འབྲི་བ་ལས་སྒྲུང་གཏམ་གཞན་དག་ཧ་ཅང་ཉུང་བར་བརྟེན། བདག་གིས་བོད་ལའང་མི་རིགས་གཞན་དང་མཚུངས་པར་སྒྲུང་གཏམ་གྱི་སྒྲུང་སྣ་ཕུན་སུམ་ཚོགས་པ་ཞིག་འཛོམ་དུ་འཇུག་དགོས་སྙམ་སྟེ། རང་གི་རྩོམ་རྩལ་ལ་བརྟེན་ནས་འདྲེ་བཤད་སྒྲུང་འབྲིང《བྲེད་ཤ་ལངས་པའི་མཚར་གཏམ》དང་། དྲག་རྩལ་ཐད་ཀྱི་སྒྲུང་རིང《ཀླུ་འབུམ་མི་རྒོད》 དེང་རབས་མཚོན་ཆས་དྲག་འཐབ་བྱེད་པའི་སྒྲུང་རིང《དམྱལ་ཟངས་ནང་ན་ཀུ་རེ་མེད》སོགས་བརྩམས་པ་ཡིན། བརྩམས་ཆོས་དེ་དག་གིས་དཔྱོད་ལྡན་པིར་ཐོགས་རྣམས་ལ་བློ་སྐྱེད་ཙམ་འབྱུང་དུ་འཇུག་ཐུབ་ཕྱིན། བདག་གི་མོས་པ་གྲུབ་སོང་བ་ཡིན། 
        བོད་ཀྱི་ཀློག་པ་པོ་རྣམས་ཚིག་ཉོག་གིས་སེམས་ཁམས་ཞིབ་འབྲི་བྱས་པར་མི་ཕྱོགས་པའི་རྐྱེན་གྱིས་བདག་གིས་ཁོར་ཡུག་དང་བྱུང་རིམ་དུ་མི་སྣ་བསྐྲུན་ཅིང་། མི་སྣ་དེར་གསོན་ཤུགས་དང་འགུལ་ཉམས་ལྡན་དུ་འཇུག་གང་ཐུབ་བྱས་པ་ཡིན། 《ཀླུ་འབུམ་མི་རྒོད》སོགས་འབྲི་སྐབས་བྱུང་རིམ་སོགས་སྔོན་ལ་རྟོག་བཟོ་བྱས་ཏེ་མི་སྣ་བྱུང་རིམ་དུ་བཀོད་པ་ཡིན་མོད། འོན་ཀྱང་བྱུང་རིམ་སྔོན་ལ་རྟོག་བཟོ་བྱས་ཏེ་མི་སྣ་བྱུང་རིམ་དུ་བཀོད་ན་མི་སྣ་ལ་འཆིང་རྒྱ་བཟོས་པ་དང་གཉིས་སུ་མ་མཆིས་པས། སྒྲུང་རིང《དམྱལ་ཟངས་ནང་ན་ཀུ་རེ་མེད》ཅེས་པར་ཐོག་མར་མི་སྣ་གཏན་འཁེལ་བྱས་པ་དང་། མི་སྣ་ལ་བསྟུན་ནས་ཁོར་ཡུག་དང་བྱུང་རིམ་བཀོད་དེ་བྲིས་པ་ཡིན་པས། དེར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་མངོན་ཞིང་། ཁྱད་ཆོས་དེ་ནི་བདག་གིས་སྒྲུང་གཏམ་འབྲི་བར་འཚོལ་སྙེག་བྱེད་པའི་ཐབས་ལམ་ཞིག་ཡིན་ལ། ཐབས་ལམ་དེ་སྤྱད་ནས་བྲིས་ན་མི་སྣ་ལ་འཁོར་ས་འཕག་ས་ཡོད་པའི་རང་དབང་གི་འཇིག་རྟེན་ཞིག་མཁོ་སྤྲོད་བྱ་ཐུབ་པ་རེད། 
        བདག་ནི་བོད་རིགས་ཤིག་ཡིན་པས། བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཐད་ལ་རང་ནུས་ཅི་ལྕོགས་སྒོས་འབད་འབུངས་བྱས་ཏེ། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་སྤུས་ཀ་ལེགས་པའི་བརྩམས་ཆོས་རེ་འབུལ་རྒྱུ་ནི་བདག་གི་ཕུགས་བསམ་མམ་དམིགས་ཡུལ་ཡིན།།


རྩོམ་ཡིག་སྔོན་མ།
藏文楷书在格子中的书写法
རྩོམ་ཡིག་རྗེས་མ།
藏文书法楷书的基本笔画

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1