༄༅།། སྟོབས་རྒྱལ།

རྣམ་དཀར་ལྷ་མོ།​ རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-25


མཐོ་སྒང་གི་གླག་རྒོད། སྟོབས་རྒྱལ།
རྣམ་དཀར་ལྷ་མོ།
ངོ་སྤྲོད་མདོར་བསྡུས།
        སྟོབས་རྒྱལ་ནི་1953ལོར་བོད་ལྗོངས་གཞིས་ཀ་རྩེའི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས། 1981ལོར་ཧྲང་ཧའེ་ཟློས་གར་སློབ་གླིང་གི་འཁྲབ་སྟོན་སྡེ་ཁག་ནས་སློབ་མཐར་ཕྱིན། ད་ལྟ་བོད་ལྗོངས་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་དང་། ཀྲུང་གོའི་ཟློས་གར་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་བཞེས་ཡོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཡིན།
        ཁོང་ཉིད་བོད་ལྗོངས་ཟློས་གར་ཚོགས་པར་མ་ཞུགས་སྔོན་གཞིས་ཀ་རྩེའི་སོལ་གཏེར་བཟོ་པ་ཞིག་ཡིན། 1976ལོའི་ལོ་མཇུག་ཏུ་བོད་ལྗོངས་ཟློས་གར་ཚོགས་པས་གནས་དེ་ནས་བཟོ་ཞིང་དམག་གི་སློབ་གཉེར་བ་རིམ་ཁག་མཐའ་མ་དེ་བསྡུས་པ་ཡིན། ལོ་དེ་ནི་སྟོབས་རྒྱལ་ལ་མཚོན་ན་མི་ཚེའི་དཀྱོགས་མཚམས་ཤིག་སྟེ། རང་ལོ་18ལ་སོན་པའི་སྟོབས་རྒྱལ་གྱིས་བདེ་བླག་ངང་ཟློས་གར་ཚོགས་པར་རྒྱུགས་འཕྲོད། ཁོང་གིས་ཕྱིར་དྲན་དུ། སྐབས་དེར་སློབ་མ་བསྡུ་བའི་ཆ་རྐྱེན་ཤིན་ཏུ་སླ་མོ་ཡིན། སྐྱེ་གཟུགས་ཅུང་ཡག་ཅིང་གླུ་གཞས་ཙག་ཙིག་རེ་ལེན་ཤེས་པ་དང་། ཁོ་ཚོ་དང་མཉམ་དུ་མའོ་ཀྲུའུ་ཞིའི་སྙན་ངག་ཚིག་ཅིག་འདོན་དགོས། མཇུག་མཐར་ཁོ་ཚོས་སོལ་གཏེར་ནས་མི་གཉིས་བདམས་ཏེ་ལྷ་སར་ཁྲིད། ལྷ་ས་ནས་རླངས་འཁོར་དུ་བསྡད་དེ་ཁྲོན་བོད་གཞུང་ལམ་དུ་ཉིན་15ཕྱིན་རྗེས་ཁྲེན་ཏུའུ་རུ་སླེབས་ཤིང་དེ་ནས་མེ་འཁོར་དུ་བསྡད་ནས་ཧྲང་ཧའེ་རུ་ཕྱིན་པ་ཡིན། ཞེས་བརྗོད།
        དེ་ཡང་ལས་དང་སྐལ་བ་བཟང་པོས་ཁོ་རང་ཧྲང་ཧའེ་ཟློས་གར་སློབ་གླིང་གི་བོད་རིགས་འཁྲབ་སྟོན་འཛིན་གྲྭ་རུ་སློབ་གཉེར་བྱས་ཤིང་རིག་གནས་སློབ་ཁྲིད་གསབ་སྦྱོང་གི་གོ་སྐབས་བཟང་པོ་ཐོབ། ཁོང་གིས་གསུང་རྒྱུར། སྐབས་དེའི་དགེ་རྒན་རྣམ་པར་སློབ་ཁྲིད་ཀྱི་འགན་གནས་སླར་གསོ་ཐོག་མར་བྱས་པས། སློབ་མ་རྣམས་རང་རང་གི་བུ་ཕྲུག་ལྟར་གཅེས་སྐྱོང་བྱེད་ངེས། སྐབས་དེར་འཁྲབ་སྟོན་པ་མིང་གྲགས་ཅན་མང་པོ་ཞིག་གིས་སློབ་ཁྲིད་མཛད་མྱོང་སྟེ། དཔེར་ན་དགེ་རྒན་ཀྲའོ་ཏན་དང་། ཀྲང་རུའེ་ཧྥང་ལྟ་བུའོ། །
གློག་བརྙན་འཁྲབ་སྟོན་གྱི་ལམ་དུ་ཞུགས་པ།
        1981ལོར་ཁོང་གིས་མཐར་ཕྱིན་འཁྲབ་གཞུང་《ལོ་མི་ཨོ་དང་ཇུ་ལི་ཡེ།》ཞེས་པའི་ཁྲོད་གཙོ་འཁྲབ་པའི་འགན་ཁུར་ཏེ་འཁྲབ་སྟོན་བྱས་ཤིང་། ཡུལ་དངོས་སུ་གཟིགས་མོར་ཕེབས་པའི་དབྱིན་ཇིའི་ཧྲ་ཧྲི་པི་ཡའི་ཟློས་གར་ཞིབ་འཇུག་ཁང་གི་ཆེད་མཁས་པས་གདེང་འཇོག་ཆེན་པོ་གནང་བས།རྗེས་ཕྱོགས་སུ་ཁོང་རང་ཟློས་གར་དང་གློག་བརྙན་འཁྲབ་སྟོན་གྱི་ལས་ལ་ཞུགས་པར་ཡིད་ཆེས་ཟབ་མོ་སྐྱེས། 1988ལོར་སྟོབས་རྒྱལ་གྱིས་ཐེངས་དང་པོར་ཟློས་གར་འཁྲབ་སྟོན་ནས་གློག་བརྙན་འཁྲབ་སྟོན་གྱི་ཕྱོགས་སུ་གོམ་ཁ་སྤོས་ཏེ། 《པོ་ཏ་ལའི་གསང་བ།》ཞེས་པའི་གློག་བརྙན་དུ་འཁྲབ་ཞུགས་བྱས།
        1997ལོར་《ལུང་གཞུང་དམར་པོ།》ཞེས་པའི་གློག་བརྙན་ཁྲོད་བོད་རིགས་ཡུལ་དཔོན་ཞིག་གི་མི་སྣའི་གཟུགས་བརྙན་བཞེངས་བསྐྲུན་བྱས་ཏེ་སྐབས་17པའི་ཀྲུང་གོའི་གློག་བརྙན་གྱི་གསེར་བྱ་རྟགས་མའི་སྐྱེས་པའི་ཕུལ་བྱུང་འཁྲབ་སྟོན་པ་ཟུར་བའི་བྱ་དགའ་ཐོབ་ཅིང་། 2004ལོར་《ཨ་ཆེན་གངས་རྒྱབ།》ཞེས་པའི་གློག་བརྙན་ཁྲོད་གཙོ་འཁྲབ་པ་རི་ཐར་ཞེས་པའི་མི་སྣ་འཁྲབ་ཏེ་ཀུན་གྱིས་གདེང་འཇོག་ཆེན་པོ་གནང་ཞིང་། སྐབས་ཞེ་གཅིག་པའི་ཐའེ་ཝན་གློག་བརྙན་གྱི་གསེར་རྟ་རྟགས་མའི་སྐྱེས་པའི་ཕུལ་བྱུང་གཙོ་འཁྲབ་པའི་མིང་འདོན་ཐོབ།
        《ཨ་ཆེན་གངས་རྒྱབ།》ཅེས་པའི་གློག་བརྙན་དེའི་ནང་དུ་ཤ་ཚ་སྙིང་རྗེ་མེད་པའི་རྔོན་རྐུན་དེ་དག་དང་། ཡ་ང་སྙིང་རྗེ་མེད་ལ་མཛེས་སྡུག་ལྡན་པའི་ཁོར་ཡུག་དེའི་ནང་གི་མི་ཚོས་ཁོར་ཡུག་ཅི་ཙམ་དཀའ་ཚེགས་ཆེ་རུང་དེར་འཚོ་ཐུབ་པའི་ཡིད་ཆེས་རྙེད་པ་བྱེད་ཀྱི་ཡོད་པའི་སྐྱོ་གར་གློག་བརྙན་དེའི་ཐོག་ནས། བོད་མི་རིགས་ཀྱི་གཞུང་དྲང་སྙིང་རྗེ་ལྡན་པའི་གཤིས་ཀ་དང་། དཀའ་ངལ་དང་མི་ངན་ལ་མགོ་མི་སྒུར་བའི་རང་གཤིས་ཡང་ཤུགས་ཀྱིས་མཐོང་ཐུབ། མི་ཙམ་དུ་མ་ཟད་འགྲོ་བ་ཡོངས་ཀྱི་ཚེ་སྲོག་འདྲ་མཉམ་ཡིན་པའི་འདུ་ཤེས་འཛིན་གྱི་ཡོད་ལ། ཁོང་ཚོར་དཀའ་ཚེགས་ཆེ་བའི་ཁོར་ཡུག་ནང་དུ་ཡང་ཚེ་སྲོག་ལ་ཐུག་ཀྱང་རི་དྭགས་ལ་སྲུང་སྐྱོང་བྱེད་པའི་བསམ་བཟང་དེའི་ཤུགས་ལས་བོད་མི་རིགས་ཀྱི་ཐུན་མིན་རིག་གནས་དང་། ལྷག་པར་དུ་གློག་བརྙན་དེའི་ཤུགས་ཀྱིས་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་སྲུང་སྐྱོང་སྔོན་ལས་ལྷག་པའི་དོ་སྣང་བྱས་ཤིང་། བོད་འབྲེལ་གློག་བརྙན་ཁྲོད་ནས་ད་ལྟའི་བར་ཐོ་རེངས་སྐར་ཆེན་བཞིན་གསལ་ལེར་བཀྲ་ཡོད།

        ལྷག་པར་དུ་2009ལོར་《མི་མེད་ས་ཁུལ།》ཞེས་པའི་གློག་བརྙན་དུ་འཁྲབ་ཞུགས་བྱས་ཏེ་ཇག་དཔོན་གྱི་མི་སྣའི་གཟུགས་བརྙན་གསར་བཞེངས་བྱས། གློག་བརྙན་དེར་འཁྲབ་སྟོན་པ་སྟོབས་རྒྱལ་དང་ཞི་ཀྲེང་། ཧོང་པོ་སོགས་འཁྲབ་ཞུགས་བྱས་ཤིང་ནུབ་རྒྱུད་མི་མེད་ས་ཁུལ་གྱི་གཏམ་རྒྱུད་ཅིག་བརྗོད་ཡོད་དེ། དེ་ནི་ཀྲུང་གོའི་གློག་བརྙན་ལོ་རྒྱུས་སྟེང་གི་དོན་དངོས་རང་བཞིན་ལྡན་པའི་ནུབ་རྒྱུད་བརྗོད་དོན་གློག་བརྙན་དུ་གྲགས། ལྷག་པར་དུ་གློག་བརྙན་དེའི་ཁྲོད་སྟོབས་རྒྱལ་ལགས་ཀྱིས་འཁྲབ་སྟོན་བྱས་པའི་མི་སྣའི་གཟུགས་བརྙན་དེ་ནི་སྔོན་དང་མི་གཅིག་པའི་གཟུགས་བརྙན་གསར་པ་ཞིག་ཡིན་ཞིང་། གློག་བརྙན་དེའི་ཁྲོད་ཆེས་འབུར་དུ་ཐོན་པའི་གཟུགས་བརྙན་ཞིག་ཡིན་ཞིང་སྐད་ཆ་མང་པོ་མེད་རུང་ནག་ཚོགས་འགོ་པའི་ཉམས་མདངས་ཇི་མ་ཇི་བཞིན་དུ་མངོན་པས། ཁོང་ཉིད་ཀྱིས་སྔོན་ཆད་ཀྱི་འཁྲབ་སྟོན་བྱས་པའི་མི་སྣ་ཡོད་ཚད་ལས་གཟུགས་བརྙན་གསར་པ་ཞིག་སླར་དུ་མངོན།
བྲལ་བ་མེད་པའི་ཟློས་གར་འཁྲབ་སྟོན།
        2017ལོའི་ལོ་མཇུག་ཏུ་ཁོང་ཉིད་སླར་ཡང་བོད་རིགས་ན་གཞོན་འཁྲབ་སྟོན་པ་འགའ་ཁྲིད་དེ་《བཅིངས་འགྲོལ་དམག་མི།》ཞེས་པའི་གློག་བརྙན་གསར་པ་ཞིག་ཏུ་འཁྲབ་ཞུགས་གནང་ཞིང་སླར་ཡང་ལྟད་མོ་བའི་ཡིད་དབང་བཀུག ཁོང་གིས་གློག་བརྙན་འཁྲབ་སྟོན་ཁྲོད་མི་སྣ་རེ་རེ་གསར་བཞེངས་གནང་ཞིང་། ཕར་བལྟས་ཚོད་དུ་ཆར་རྗེས་ཀྱི་ཤ་མོ་ལྟ་བུའི་གྲུབ་འབྲས་དེ་འདྲ་ཐོབ་པ་ནི་ཕུགས་བསམ་བརྟན་པོ་ཡིད་ལ་བཅངས་ཤིང་སྒྱུ་རྩལ་གྱི་ལམ་དུ་ཡུན་རིང་དཀའ་སྤྱད་འབད་བརྩོན་བྱས་པ་ལོས་ཡིན། ཡིན་ཡང་གློག་བརྙན་དང་བརྙན་འཕྲིན་སྒྱུ་རྩལ་གྱི་འབྲས་བུ་དེ་དག་ཁོང་ཉིད་ལ་མཚོན་ན་གཙོ་བོ་མ་ཡིན་པར། ཁོང་ཉིད་ཀྱི་མི་ཚེའི་ཁྲོད་ཆེས་གལ་འགངས་ཆེ་བའི་གཟི་བརྗིད་དང་འོས་འགན་ནི་ཟློས་གར་འཁྲབ་སྟོན་པ་ཞིག་ཡིན་པ་དེ་ཡིན། གྲུབ་འབྲས་དེ་དག་གི་མདུན་ནས་ཁོང་ཉིད་ཀྱིས་ཁེངས་པའི་ཉམས་མ་བསྟན་ཞིང་དྲེག་པའི་ཚིག་མ་བཤད་པར། ཚུལ་ལྡན་གྱིས་ཟློས་གར་འཁྲབ་སྟོན་པ་ཞིག་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་ཟློས་གར་ཚོགས་པ་རུ་བདེན་པ་བདེན་ཐུབ་ཀྱིས་ལས་ལ་ཞུགས་བཞིན་ཡོད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1