༄༅།།ཤ་ཉེ་བར་འདི་ལྟར་གཉེན་སྒྲིག་བྱས་ཆོག་གམ།

རམས་ཚེ་བྷོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 05-18



གྱོད་དཔེ། 
    ཀླུ་ཐར་དང་བཙུན་ཐར་སྐྱིད་གཉིས་ནི་མིང་སྲིང་གཉིས་ཀྱི་བྱིས་པ་ཡིན། ཀླུ་ཐར་ལ་མཚོན་ན་ཕ་གཅིག་ལ་བུ་གཅིག་པོ་ལས་མེད་པས། ཆུང་དུས་ནས་ཁྱིམ་ཚང་གི་གཞི་འཛིན་ཡིན་ཟེར་ནས་སློབ་གྲྭར་འགྲོ་རུ་མ་བཅུག་པར་རང་ཡུལ་ན་ནོར་ལུག་འཚོ་བཞིན་ཕ་མ་གཉིས་ལ་སྲི་ཞུ་གང་ལེགས་སྒྲུབ་ཀྱིན་ཡོད། ཀླུ་ཐར་ནི་མི་གཞུང་དྲང་ཞིག་ཡིན་པའི་ལས་ལ་བརྩོན་ཞིང་ཕ་མར་བྱམས་སྐྱོང་ཆེ་བའི་བུ་ཆུང་ཡ་རབས་ཤིག་ཡིན་ནའང་། ཕོ་ལོ་ཉི་ཤུ་ནས་སུམ་ཅུ་འབུད་ལ་ཉེ་ཡང་ད་དུང་མནའ་མ་བླངས་མེད། ཕ་མ་དང་གཉེན་ཉེ་ཚང་མ་འཚུབ་ཆ་ལངས་ཏེ་ཀླུ་ཐར་ལ་མནའ་མ་བཙལ་དགོས་ཟེར་ནས་གྲོས་ཁ་ཡང་ཡང་བྱས་མོད། རང་སྡེ་ཚོ་དྲུག་ཁྲོད་ན་ཀླུ་ཐར་ལ་རན་པའི་མནའ་མ་ཞིག་ཅིས་ཀྱང་མ་རྙེད། བུ་མོབཙུན་ཐར་སྐྱིད་ལ་མཚོན་ན་ཀླུ་ཐར་གྱི་ཨ་ནེ་ཡི་བུ་ཆུང་བ་ཡིན་ལ་སློབ་གྲྭ་མཐར་ཕྱིན་ཏེ་ལས་བྱེད་ཀྱི་གྲས་སུ་མ་ཚུད་པས་རང་ཡུལ་དུ་བསྡད་ཡོད། ཉིན་ཞིག་ཁོ་མོའི་ཤ་ཉེ་རྣམས་འདུས་ཏེ་བུ་མོ་འགྲོ་ས་གནས་ཡིན་ཟེར་ནས་ཀླུ་ཐར་ལ་མནའ་མར་བྱིན། ཀླུ་ཐར་དངབཙུན་ཐར་སྐྱིད་གཉིས་མིང་སྲིང་གཉིས་ཀྱི་བྱིས་པ་ཡིན་པས་འདི་ལྟར་གཉེན་སྒྲིག་བྱས་ཆོག་གམ།
ཁྲིམས་བཤད།
    ཤ་རུས་གཅིག་པའི་གཉེན་ཚན་ཞེས་པ་ནི་ཐད་ཀར་ཁྲག་རྒྱུད་ཀྱི་འབྲེལ་བ་ཡོད་པའི་གཉེན་ཚན་ཏེ། རང་ཉིད་ཀྱི་ཕ་མ་དང་། རང་ཉིད་ལས་སྐྱེས་པའི་བྱིས་པར་གོ དཔེར་ན་ཕ་མ་དང་། སྤོ་བོ་སྤོ་མོ། བུ་བུ་མོ་དང་ཚ་བོ་ཚ་མོ་སོགས་ཡིན། རྒྱུད་འབྲེལ་གཉེན་ཚན་ཞེས་པ་ནི་ཐད་ཀར་ཁྲག་རྒྱུད་ཀྱི་འབྲེལ་བ་མེད་ཀྱང་། རང་ཉིད་དང་རུས་རྒྱུད་གཅིག་པའི་ཤ་ཉེ་ལ་གོ མི་རབས་གསུམ་ནང་ཚུན་གྱི་རྒྱུད་འབྲེལ་གཉེན་ཚན་ཞེས་པ་ནི་རང་ཉིད་ནས་ཡར་རྩིས་པའི་སྤོ་བོ་རྨོ་བོ་དང་། མར་རྩིས་པའི་ཚ་བོ་ཚ་མོའི་བར་གྱི་ཤ་ཉེ་ལ་གོ
    ཁྲག་རྒྱུད་ཀྱི་འབྲེལ་བ་ཉེ་བའི་ཤ་ཉེ་དང་གཉེན་སྒྲིག་བྱས་ཚེ། ལུས་སེམས་གང་རུང་ནས་ངན་ཆད་མང་བོ་གསོག་འཇོག་དང་རྒྱུད་འཛིན་བྱས་ནས་མི་རབས་ཕྱི་མའི་ལུས་ཕུང་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་ཡོང་བ་མ་ཟད། མི་ཆོས་ཀུན་སྤྱོད་ཀྱི་གནས་ལུགས་དང་ཡང་མི་མཐུན་པ་ཡིན། 
     རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱིས་གཏན་ཁེལ་བྱས་ཡོད་པ་ལྟར་ན། 
    གཅིག ཤ་རུས་གཅིག་པའི་གཉེན་ཚན་དང་མི་རབས་གསུམ་ནང་ཚུན་གྱི་རྒྱུད་འབྲེལ་གཉེན་ཚན། ཤ་རུས་གཅིག་པའི་གཉེན་ཚན་ནི་ཕ་མ་དང་བུ་ཕྲུག སྤོ་བོ་རྨོ་བོ་དང་ཚ་བོ་ཚ་མོ་ཡིན། རྒྱུད་འབྲེལ་གཉེན་ཚན་ནི་གཅེན་གཅུང་མིང་སྲིང་དང་། ཕ་རྒྱུད་ཀྱི་གཅེན་གཅུང་མིང་སྲིང་། མ་རྒྱུད་ཀྱི་གཅེན་གཅུང་མིང་སྲིང་། མི་རབས་མི་གཅིག་པའི་ཁུ་དབོན་དང་དབོན་ཞང་བར་སོགས་ལ་གོ
    གཉིས། གསོ་རིག་ཐོག་གཉེན་སྒྲིག་བྱས་མི་ཆོག་པར་འདོད་པའི་ནད་ཡོད་པ། གཙོ་བོ་གཤམ་གསལ། གཅིག མཚན་མའི་ནད་སངས་དྲག་ཏུ་མ་སོང་བ། གཉིས། ཚབས་ཆེ་བའི་གདོན་ནད་དང་སྨྱོ་ནད། གསུམ། ན་བཞིན་པའི་ཁྲིམས་བཀོད་འགོས་ནད་དེ། དཔེར་ན། ཨེ་ཙི་འགོས་ནད། འགོ་སླ་བའི་གློ་བའི་གཉན་རིམས། མཆིན་ཚད་མཐོ་བ་ལྟ་བུ། བཞི། སྤྱིར་བཏང་དུ་འཁྲིག་སྦྱོར་བྱེད་ནུས་མེད་མཁན་གཉེན་སྒྲིག་བྱས་མི་ཆོག་མོད། ཡིན་ནའང་ཕྱོགས་གཉིས་ཀ་ལོ་ན་བགྲེས་པ་དང་། ན་ཚ་ཡོད་པ། འཁྲིག་སྦྱོར་བྱེད་ནུས་མེད་པ་བཅས་ཕན་ཚུན་གྱིས་ཤེས་ཡོད་ཚེ་གཉེན་སྒྲིག་བྱས་ཆོག་པ་ཡིན།    །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1