༄༅།། བོད་ཡིག་དབུ་མེད་ལ་ཡིག་ནག་ཅེས་པ་ཇི་ལྟར་བྱུང་བ།

དཔལ་བསྡུས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-21



དཔལ་བསྡུས།

གཅིག གླེང་གཞི།
        དབུས་སྤུར་རྒྱལ་བཙན་པོའི་རྒྱལ་རབས་ལས་གྲི་གུམ་བཙན་པོའི་སྐབས་སུ་དྲག་ཡིག་ནི་ཡིག་རིགས་དྲུག་ཅུ་རྩ་བཞི་ལས་དྲག་པོའི་ཡི་གེ་ཞེས་པ་བྱུང་བར་བེད་སྤྱོད་པས་ད་ལྟའི་ཡིག་ནག་འདི་དང་འདྲ་ཆེ་བར་སྣང་། བོད་བཙན་པོའི་རྒྱལ་རབས་སོ་གསུམ་པ་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོས་མདོ་དབུས་མཐོ་སྒང་གི་སྲིད་སྐྱོང་དག་ཞི་བ་དང་དྲག་པོའི་ཐབས་ཀྱིས་བཏུལ་ནས། བོད་ཆེན་པོ་ཞེས་པའི་རྒྱལ་ཁབ་དེ་མཐོ་སྒང་གི་རྩེ་རུ་མངོན་པར་འགྱིང་། དེ་དུས་རྒྱལ་ཁབ་གཅིག་འགྱུར་དང་། མི་རིགས་གཅིག་འགྱུར་བྱས་པས། མི་རིགས་ཀྱི་སྲོག་རྩ་སྐད་ཡིག་གཅིག་འགྱུར་དགོས་པར་དགོངས་ཏེ། མི་སྣ་མང་པོ་གསོ་སྐྱོང་བྱས་ཀྱང་ནུས་པ་ཆེར་མ་ཐོན། དེའི་དུས་ཉིད་ཀྱི་མདུན་ན་འདོན་ཐོན་མིས་ཁས་ལེན་བགྱིས། སྲིད་ཀྱིས་ཡི་གེའི་ཆེད་ལས་པ་གསོ་སྐྱོང་བགྱིས་ཏེ་རྒྱ་གར་ལ་བཏང་། ཡི་གེའི་རྒྱལ་ཚབ་ཐོན་མི་སམ་བྷོ་ཊ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོ་ལ་དབང་བའི་བོད་སྐད་ཡིག་གཅིག་གྱུར་མཛད། ཡིག་གཟུགས་དབུ་མེད་སྔར་བཙན་པོའི་སྤྱོད་པའི་སྨར་དང་ལྷ་བབ་ཡི་གེ དྲག་ཡིག་སོགས་ལ་དཔྱད་ནས་མཐར་སྨར་ཆུང་འབྲུ་མ་རུ་བསྒྱུར་ནས་། ཡིག་གཟུགས་ཀྱི་མིང་ལ་(འཇོག་གྲུ་བཞི་སེང་གེ་དཀར་མོ་གནམ་ལ་འཕྱོ་འདྲ་)བྱ་བར་མཛད་ནས་རྒྱལ་པོ་ལ་བྱ་དཀའ་བའི་སྒོ་ནས་སྙན་ངག་གིས་བསྟོད་པའི་གནང་སྦྱིན་སོགས་བགྱིས། རྒྱ་གར་འཕགས་ཡུལ་གྱི་གུབྟའི་ཡི་གེ་དང་། ནཱ་ག་ར། ཀཱ་སྨིར། བྷ་ཊུ་ལ་མིའི་ཡི་གེ་སོགས་ཀྱི་ཡིག་རིགས་ལ་ཞིབ་འཇུག་དང་དཔེ་བསྡུར་གནང་ནས་བོད་ཡིག་དབུ་ཅན་(སྦལ་ནག་ན་ལ་བགྲད་འདྲ་) འདི་གཉིས་གསར་བཏོད་བྱས། བརྡ་སྤྲོད་ཀྱི་བསྟན་བཅོས་བརྒྱད་མཛད། སྤང་ཀོང་ཕྱག་རྒྱ་དང་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་བོད་སྐད་ལ་བསྒྱུར་ནས། སྐད་ཡིག་གཅིག་འགྱུར་གྱི་རྣམ་གཞག་ལེགས་པར་གཏན་ལ་ཕབ། བཙན་པོ་སྲོང་བཙན་གྱི་དུས་ནས་དབུ་མེད་གང་འཚམས་ཞིག་ཡོད་ནའང་དབུ་ཅན་ཙམ་བེད་སྤྱོད་བྱས་མེད་པ་དེའི་སྐོར་རྡོ་རིང་དང་། དྲིལ་བུའི་ཁ་བྱང་། ལི་ཡུལ་ཁྲམ་བྱང་། ཏུན་ཧོང་ཤོག་དྲིལ་སོགས་སུ་ར་སྤྲོད་ནུས། གསང་རྒྱའི་སྒོ་ནས་མངོན་གསལ་དོད་པོས་ཕྱི་ལོགས་སུ་བཀྲམ་སྤེལ་བྱས་མེད། བཙན་པོའི་དུས་རབས་རྫོགས་ཏེ་བོད་སིལ་བུ་འཐོར་བའི་དུས་རབས་ནང་གཅིག་གྱུར་གྱི་ནུས་པ་ལའང་ཤུགས་རྐྱེན་རིམ་པ་འཕྲད་འདུག །
གཉིས། ཡིག་ནག་ཞེས་བརྗོད་པའི་སྒྲུབ་བྱེད།
1.ནང་ཆོས་བོད་ལ་མ་དར་སྔོན་གྱི་ཡི་གེ་གྲུབ་མཐའ་བོན་དང་འབྲེལ་བ་དང་། 2.རི་བོ་ཧི་མ་ལ་ནས་བྱུང་བའི་རང་ཡུལ་དང་འབྲེལ་བ། 3.ཕོ་མོ་ཞེས་པ་གནམ་སའི་ཐ་སྙད་དང་འབྲེལ་བ། 4.མ་རྒྱུད་དུས་རབས་ཀྱི་སྤྱད་ཆས་དང་འབྲེལ་བ། 5.ཡིག་སྐུང་གི་ཁྱད་ཆོས་ཐུན་མིན་ལྡན་པ།
1.ནང་ཆོས་བོད་ལ་མ་དར་སྔོན་གྱི་ཡི་གེ་གྲུབ་མཐའ་བོན་དང་འབྲེལ་བ་དབུ་ཅན་དབུ་མེད་ཀྱི་བཟླས་ཕྱེ་བའི་དབུ་མེད་ཡི་གེ་ལ་དུས་རབས་བརྒྱད་པའི་ནང་ནས་ཡིག་དཀར་དང་ཡིག་ནག་ཞེས་གྲགས། དེ་ཡང་གྲུབ་མཐའི་ཆགས་སྡང་གི་བསམ་སྦྱོར་ལས་བྱུང་བས་ནག་པོ་བདུད་དང་། བོན་ནག་སོགས་ཀྱི་སྒྲ་སྦྱར་ནས་མི་རྣམས་ཀྱི་བསམ་བློ་གཞན་དུ་བསྒྱུར་བ་ཕྱོགས་ཞེན་གྱི་ཆགས་སྡང་དང་། ཆབ་སྲིད་ཀྱི་དགོས་འཁོར་གཞིགས་ནས་ཡི་གེའི་ངོ་བོ་ལ་དཀར་ནག་མེད་ཀྱང་། སྤྱོད་ཡུལ་བོན་གྱི་གྲུབ་མཐའི་བེད་སྤྱོད་མང་བས་ཡིག་ནག་ཞེས་བཏགས། ད་ལྟ་ལ་ཡང་བོན་པོ་དང་བནྡེ་ལས་རྙིང་མའི་གཏོ་དང་སྒྲུབ་པ་སོགས་དབུ་མེད་ཀྱིས་བྲིས་པ་ཤ་སྟག་ཡིན་པས་ཤེས་སླ། རྒྱ་དཀར་ནག་ནས་བྱུང་བའི་རིག་གནས་གསར་བ་ནང་འདྲེན་བྱེད་རྗེས་རང་ཡུལ་གྱི་རིག་གནས་རྙིང་པ་ལ་ཐན་དུ་བལྟས་ཏེ་རིན་ཐང་བྲལ་བའི་རིག་ནོར་མང་པོ་མི་མངོན་པའི་དབྱིངས་སུ་བསྣུབས་ཟིན།
2.རི་བོ་ཧི་མ་ལ་ནས་བྱུང་བའི་རང་ཡུལ་དང་འབྲེལ་བས་ཡི་གེ་འདི་ཉིད་སྐྱེ་དངོས་ཀུན་འབྱུང་བའི་གཞི་མ་ཡིན་པ་ལྟར་རི་བོ་ཧི་མ་ལའི་རིག་གནས་མཐའ་དག་གི་མིག་ལྟ་བུ་ད་ལྟའི་ཡིག་ནག་དབུ་མེད་འདི་གྱུར་ཡོད་པ་ཡིན། རང་ཅག་གི་མི་རིགས་ནི་སྤྱིར་སྤྲེལ་ལད་དང་ཨ་གསར་ངོ་དགའ་ཆེ་བས། རང་ཟས་བདུད་རྩི་ཡིན་ཡང་ཞེ་ལོག་མཁན། གཞན་ཟས་སྐྱུགས་མ་ཡིན་རུང་འགྲམ་ཆུ་ལྡང་བའི་མི་རིགས་ཞིག་ཡིན་པ་མ་བཤད་རུང་གསལ་བར་ཡོད་པ་འདི་ཀ་རེད།
3.ཕོ་མོ་ཞེས་པ་གནམ་སའི་ཐ་སྙད་དང་འབྲེལ་བ་འདི་ལ་བརྟེན་ནས་དབུ་ཅན་དང་དེང་གི་ཡིག་གཟུགས་དབུ་མེད་ཀྱི་རིགས་ལ་རྣམ་པ་མཐའ་ཡས་པ་ཞིག་ཤར་བས། དེ་ཡི་དུས་སྐབས་ལ་བོད་ཡིག་རང་གི་ཐོག་ཏུ་ཕོ་མོའི་རྣམ་པ་བྱུང་ནའང་། ཕོ་མོ་དང་གནམ་སའི་དབྱེ་འབྱེད་ཀྱི་གྲུབ་པའི་འདུ་ཤེས་དེ་བོད་པའི་བསམ་བློ་ལས་ནམ་ཡང་གཞན་དུ་བསྒྱུར་དཀའ་བ་ཡིན། བོད་ཡིག་གཟུགས་ཀྱི་རྣམ་འབྱེད་དེ་ཕྱི་ནང་སྣོད་བཅུད་གཉིས་ཀྱི་ཕན་ཚུན་བསྣོན་པ་དང་སྦྱོར་བའི་ཚུལ་གྱིས་རི་མོ་གསོན་པོ་ཞིག་གྲུབ་པ་འདི་ནི་བོད་ཡིག་རང་གི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་མངོན།
4.མ་རྒྱུད་དུས་རབས་ཀྱི་སྤྱད་ཆས་དང་འབྲེལ་བས་མཚོ་བོད་མཐོ་སྒང་གི་གདོད་མིའི་མིའུ་གདུང་དྲུག་གི་བརྒྱུད་པ་བྱུང་བ་ནས་མ་རྒྱུད་གཙོ་བོ་གྱུར་པ། མངའ་མཛད་བཅུ་གཉིས་དང་སིལ་མ་བཞི་བཅུ། སྲོང་བཙན་ཡར་སྔོན་གངས་རིའི་ལྗོངས་ན་རྒྱལ་ཕྲན་དུ་མ་ཡོད། རང་ཅག་སྤུར་རྒྱལ་གྱི་དུས་སུ་གནམ་གྱི་ཁྲི་བདུན་དང་། སའི་ལེགས་དྲུག བར་གྱི་ལྡེ་བརྒྱད་སོགས་ཀྱི་མཚན་རྣམས་ལ་དཔྱད་ན་མའི་མིང་དང་བུའི་མིང་སྦྲེལ་ནས་ཡོད་པས་རྟོགས་སླ།
5.ཡིག་སྐུང་གི་ཁྱད་ཆོས་ཐུན་མིན་ལྡན་པ་འདི་ནི་གནའ་དུས་སུ་ཡི་གེ་འབྲི་ཡུལ་ཤིང་གི་ཤུན་པ་དང་། ར་ལུག་གི་པགས་པ། ཤོག་བུ། རྩིག་ལྡེབས། རྫ་གཡམ། རུས་པ། ཤིང་གི་ཁྲམ་བྱང་སོགས་ལ་བྲིས་པ་དང་། རྭ་དང་། རུས་པ། རྡོ་གཡམ། བྲག་བརྐོས། རྡོ་རིང་སོགས་ལ་བརྐོས་དཀྲོལ་བྱེད་པ། ལྕགས་རིགས་ལ་ལུགས་སུ་བླུགས་པ། ཅོང་དང་། དྲིལ་བུ། གསེར་དངུལ་ལི་སོགས་ཀྱི་ཡི་གེ་དང་ཐེལ་ཙེ་སོགས་ལ་ཆོས་བོན་གྱི་གཞུང་རྣམས་རྒྱ་གར་གྱི་ལུགས་ལྟར་སྣ་རིང་དང་། སྲིད་ཀྱིས་སྤྱོད་པ་རྣམས་ལ་གཅིག་འགྱུར་མིན་པ་དེང་དུས་ཏུན་ཧོང་དང་། ལི་ཡུལ་གྱི་ཁྲམ་བྱང་། ས་འོག་ནས་ཐོན་པའི་དུར་གྱི་དངོས་པོ་སོགས་ལས་ཤེས་ནུས། འོན་ཀྱང་དེ་དག་ལྟོས་ཆེ་བ་མེད་པས་དེའི་ངོས་ཀྱི་ཡི་གེ་རྣམས་བསྡུ་ཅི་ཐུབ་ཀྱིས་བསྐུང་སྲོལ་བྱུང་ཡོད། སྤྱིར་ཡིག་སྐུང་འདི་གནའ་བོའི་ལྡེའུའི་རིག་གནས་དང་འབྲེལ་བ་ཆེ། ད་དུང་བསྐུང་ཡིག་གི་དགེ་མཚན་བློ་འཛིན་བདེ་བ་དང་། གཞན་ལ་གསང་བ། འབྲི་ཡུལ་གྲོན་ཆུང་བ། རྒྱང་རིང་ལ་ཁྱེར་བདེ་བ། དུས་ཚོད་ཐུང་ངུ་ལ་ཡི་གེའི་ནང་དོན་མང་པོ་འབྲི་ཐུབ་པ་སོགས་ཀྱི་དགེ་མཚན་ཡོད་མོད། འོན་ཀྱང་དབུ་ཅན་དར་བའི་ཐོག་མའང་དབུ་མེད་ལྟར་སྐུང་ཡིག་སྤྱོད་ཡོད། རྗེས་སུ་མི་རིགས་ཕན་ཚུན་བར་གྱི་འབྲེལ་འདྲིས་ཀྱིས་ཚོང་ལས་དཔལ་འབྱོར་འཕེལ་རྒྱས་བྱུང་བས་དར་དང་ཤོག་བུ་སྔར་ལས་འཕེལ་བས། དཀའ་ངལ་བྲལ་རྗེས་དབུ་མེད་ཀྱི་བསྐུང་སྲོལ་བཀླགས་དཀའ་བར་བསྟུན་བཙན་པོའི་རྒྱལ་རབ་ཀྱི་མཇུག་ལ་དབུ་ཅན་དར་རྒྱས་སུ་བཏང་བ་དང་མཉམ་དུ་འབྲུ་མའི་ཡི་གེ་ལ་དབུ་ཅན་ལྟར་གསལ་ཆ་དབེན་པས་ཡིག་ནག་ཞེས་བརྗོད་པ་ཡིན། དབུ་ཅན་ལ་ཡིག་དཀར་ཞེས་སྲིད་ཀྱིས་གཏན་འབེབས་བྱས་ཏེ་ད་ལྟའི་བར་གཏན་ཆགས་བྱུང་། རྗེས་སུ་པར་དུ་འཁོད་པ་དང་། ལྷའི་སྲོག་སྔགས། རྡོ་ལ་བརྐོས་པའི་གཟུངས་ཚུན་ཆད་དབུ་ཅན་ཡི་གེ་གྱུར། དེ་ཡིས་དབུ་མེད་ལ་མིང་ཡིག་ནག་དང་། དོན་ཡིག་ནག་གྱུར་ཏེ་གསར་བརྗེ་བྱས་པ་ཡིན། འོན་ཀྱང་བོད་སིལ་བུ་འཐོར་བ་ནས་སླར་ཡང་སྔར་གྱི་ཡིག་ནག་གི་སྲོལ་རྒྱུན་དགོས་མཁོ་ཇེ་མང་བྱུང་ནས་ཉམས་པ་སླར་གསོ་དང་། དེ་ཚུན་ཆད་མི་ཉམས་གོང་འཕེལ་བྱུང་ཡོད། བོད་ཀྱི་འབྲོག་པ་རྣམས་གདོད་མའི་འཚོ་བ་མ་འགྱུར་བ་ཡོད་པས་དབུ་མེད་ཡིག་ནག་བརྗོད། གནའ་དུས་སུ་སྐད་ཆའི་ཚབ་བཀོལ་བའི་ཡོ་བྱད་གྱུར་པའི་ཡིག་ནག་འདི་མཐར་ཡིག་དཀར་འཕེལ་རྒྱས་ཆེད་གཅིག་ལ་གཅིག་རྟེན་དུ་གནས་ཤིང་རི་བོ་ཧི་མ་ལའི་ཡི་གེའི་རྒྱ་མཚོ་རུ་གྱུར་ཡོད་པ་ཡིན་ནོ། །
གསུམ་པ། ཡིག་ནག་ལ་འབྲུ་མ་ཞེས་བརྗོད་པ།
        སྤྱིར་དབུ་མེད་ཀྱི་དོན་ཡིན་ཡང་སློབ་དཔོན་ཐོན་མིས། འབྲུ་མ་དང་གཟབ་མ་གཉིས་གཏན་འཁེལ་བྱས། གསར་དར་ཡིག་འབྲུ་འཕེལ་རྒྱས་ཀྱི་རྨང་གཞི་བྱུང་བས་འབྲུ་མར་བརྗོད། དེ་ཡང་ (ཡིག་སྣ་འབྲུ་མ་ལས་འཕེལ་།)ཞེས་པའི་རྒྱུ་མཚན་དང་། ཡི་གེའི་རྒྱལ་ཚབ་ཐུ་མི་ཉིད་ཀྱིས་གསར་དུ་མཛད་པའི་དབུ་མེད་ཡིག་གཟུགས་ (འཇོག་གྲུ་བཞི་སེང་གེ་དཀར་མོ་དགུང་དུ་འཕྱོ་འདྲ།)ཞེས་པ་འདི་འབྲུ་མའི་ཡིག་གཟུགས་ཡིན་དགོས། དུས་སུ་འབྲུ་མའི་ཡིག་གཟུགས་འཕེལ་རྒྱས་སོང་བའི་བདེན་དཔང་ལི་ལུགས་སམ་ལེགས་བྲིས་དང་། དུས་རབས་བརྒྱད་པའི་ནང་གི་ལྡན་ལུགས་གཉིས་གྲགས་ཆེ་བར་བྱུང་། ཤེས་བྱ་ཀུན་ཁྱབ་ལས། འབྲུ་མ་ (ཆེན།)ལི་ལུགས་ལྡན་ལུགས་རིམ་མཆེད་མང་། ཞེས་པའི་དོན་གྱིས་རྟོགས་སླ། འོན་ཀྱང་འབྲུ་མ་ལ་འབྲུ་ཆེན་ཞེས་པ་ཡིག་སྐྱོན་མིན་ནམ་སྙམ། །
བཞི། ཡིག་ནག་ལ་དབུ་མེད་ཅེས་བརྗོད་པ།
1.དབུ་མེད་ཅེས་པ་ཐོག་མ་མེད་པའི་དོན་དང་། 2.ཡིག་གཟུགས་ལ་དབུ་མེད་དམ་མགོ་མེད་བརྗོད་པ། 3.བོད་ཆེན་པོ་གཅིག་གྱུར་གྱི་རྒྱལ་ཁབ་ལྟ་བུས་སྤྱོད་མེད་པ་བཅས་གསུམ་གྱིས་དཔྱད་ན།
1.དབུ་མེད་ཅེས་པ་ཐོག་མ་མེད་པའི་དོན་ལ་འཇུག་དོན་ཧི་མ་ལའི་རིག་གནས་ནི་འཛམ་གླིང་ལ་དར་སྔ་བ་ཡིན་པས་ཐོག་མ་བོད་ཡིག་འདི་ཉིད་འདྲ་རིས་ལས་འཁྲུངས་ཅིང་། དེ་རྗེས་སྐད་གདངས་ཀྱི་གཞི་བཞག་པས་འདྲ་རིས་ལས་ཡོལ་བ། ཡང་བསྐྱར་བོད་ཀྱི་ཡིག་གཟུགས་དེ་ཅི་དགའ་སྣོད་བཅུད་ཀྱི་ཆགས་ལུགས་ལ་དཔེ་འཛིན་པ། དེར་བརྟེན་དབུ་མེད་ཀྱི་ཡི་གེ་འདི་ནི་ཡིག་རིགས་ཀུན་གྱི་མཆོག་དང་རྩེ་མོ་ལྟར། ཡིག་གཟུགས་ནི་རི་མོ་དང་གནས་ལུགས། མཛེས་སྡུག་དང་དབང་པོ། ཤེས་པ་སོགས་ལུགས་བརྒྱ་ཕྲག་ལྡན་པའི་མཚན་ཉིད་གང་དགོས་དེ་མ་ལུས་པར་ཚང་ཡོད། དེ་ཉིད་དབུ་ནམ་ཚུགས་ཀྱི་ཐོག་མ་མི་གསལ་བས་དབུ་མེད་ཅེས་བྱུང་བ་ཡིན་སྲིད།
2.ཡིག་གཟུགས་ལ་དབུ་མེད་དམ་མགོ་མེད་ཅེས་བརྗོད་དོན་ཡིག་གཟུགས་ཉིད་རི་མོའི་ལམ་ནས་མགོ་འཐེན་ལ་དབུ་ཅན་དང་བསྡུར་ན་སྨྱུག་ཁམ་གསོན་པོར་དོད་མི་དགོས་པ། མར་འཐེན་ལ་སྨྱུག་ཁམ་གསོན་པོར་གཙོ་བོ་བྱེད་དགོས་ཕྱིར་དབུ་མེད་ཟེར།
3.བོད་ཆེན་པོ་གཅིག་གྱུར་གྱི་རྒྱལ་ཁབ་ལྟ་བུས་མ་སྤྱོད་པ། ཁ་འཐོར་དུ་གནས་པའི་རི་བོ་གངས་ཅན་པ་ལ་རྒྱལ་ཕྲན་མང་བས་གཅིག་འགྱུར་བྱུང་མེད་མོད། འོན་ཀྱང་དུས་རབས་བདུན་པའི་ནང་བོད་ཆེན་པོའི་རྒྱལ་ཁབ་གཅིག་འགྱུར་བྱས་པའི་བར་དུ་ཐུན་མོང་དུ་སྤྱོད་པ་ལས། ཡིག་གཟུགས་རི་མོ་དང་སྒྲ་གདངས་སོགས་གཅིག་འགྱུར་གྱི་མགོ་བྱེད་མཁན་གྱི་རྒྱལ་ཁབ་གཏན་ཁེལ་མེད་པས་དེ་དག་གིས་སྤྱོད་པའི་སྐད་ཆའི་ཚབ་ཏུ་ཡིག་གཟུགས་ཡོད་པ་འདི་ལའང་དབུ་མེད་ཅེས་པ་འབྲུ་མའི་ཐ་སྙད་དང་དོན་གཅིག་པར་ཆགས་ཡོད། བོད་རིག་པ་ཞིབ་འཇུག་པ་ཕལ་མོ་ཆེས་སྲོང་བཙན་ཡར་སྔོན་ལ་ཡི་གེ་ཡོད་ཀྱང་ད་ལྟ་དང་འདྲ་བར་ཕུན་སུམ་ཚོགས་པར་མེད་གསུངས་དོན་འདི་ལ་ཐུག་པ་རེད།
ལྔ་། ཡིག་ནག་ལ་གཤར་མ་ཞེས་བརྗོད་པ།
        ཡི་གེ་རྣམས་སྔ་རྗེས་སུ་མ་འདྲེས་པར་རིམ་གྱིས་གོ་རིམ་བཞིན་དམག་སོགས་ལམ་དུ་་གཤར་བ་དང་འདྲ་བ་རྒྱུ་མཚན་གྱིས་མིང་བཏགས། ས་ཆ་ཕལ་མོ་ཆེས་དབུ་མེད་ཀྱི་མིང་ལ་དོན་གྱིས་འཇུག་པ་ཡིན་ཏེ། གཟབ་གཤར་གཉིས་ཞེས་བརྗོད། ཀོང་སྤྲུལ་རིན་པོ་ཆེས་བཤུར་མ་ཡང་གསུངས། ཡིག་གཟུགས་ཁོད་མཉམ་ཞིང་ཡིག་གྲངས་ཤོང་ཚད་ཆེ་བས་གསུང་རབ་པོ་ཏི་སོགས་ལག་བྲིས་འབྲི་བ་ལ་མཁོ་གལ་ཆེ་བས་དེ་ལྟར་མིང་བཏགས། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། འཁྱུག་ཡིག་ལ་ངོས་འཛིན་པ་དང་། མདོ་ཁམས་ཕྱོགས་ཀྱི་རོང་པ་ཕལ་ཆེར་གྱིས་གཟབ་གཤར་གཉིས་ཞེས་དབུ་མེད་ཀྱི་སྤྱི་མིང་ལ་ངོས་འཛིན་སོགས་ཡོད་དོ། །
དྲུག ཡིག་ནག་དབུ་མེད་འཕེལ་རྒྱས་ཀྱི་དུས་རབས།
        མདོར་ན་ད་ལྟའི་ཡོངས་གྲགས་ཀྱི་དབུ་མེད་ལ་འབྲུ་མ་དང་། ཡིག་ནག གཤར་མ་ཞེས་པ་དོན་གཅིག་མིང་གི་རྣམ་པ་ཡིན། ཡིག་ནག་འདི་དར་རྒྱས་ཐད་དུས་རིམ་གྱིས་འགྱུར་བ་བྱུང་ཡོད་པ། 1.ཡ་ཐོག་གདོད་མའི་དུས་རབས་ལ་མི་བརྗེད་པའི་ཐོ་ཡིག་སོགས་འདྲ་གཟུགས་དང་། 2.ཤེས་རིག་གི་མྱུ་བུ་འབུས་པའི་དུས་རབས་སུ་སྟོན་པའི་སྨར་དང་ལྷ་ཡིག་སོགས་འཕེལ་རྒྱས་བྱུང་། 3.སྤུར་རྒྱལ་དུས་རབས་སུ་ལྷ་བབ་ཡི་གེ་དང་དྲག་ཡིག་སོགས་བྱུང་། 4.བོད་ཆེན་པོའི་དུས་རབས་སུ་འབྲུ་མའི་ཡིག་གཟུགས་ལས་ལི་ལུགས་དང་ལྡན་ལུགས་འཕེལ་རྒྱས་སོགས་བྱུང་། 5.སིལ་བུའི་དུས་རབས་སུ་ཇོ་བོ་རྗེ་བོད་དུ་བྱོན་ནས་བསྟན་པ་དག་ཐེར་མཛད་རྗེས་ཡིག་གཟུགས་ཀྱང་སུག་རིང་ཟླུམ་བྲིས་སམ་འབའ་ཧོ་དང་། སུག་ཐུང་ཟླུམ་བྲིས་སོགས་འཕེལ་རྒྱས་བྱུང་ནས་རྒྱ་གར་མཁས་པའི་བརྩམས་ཆོས་སུག་རིང་གིས་བྲིས། བོད་ཀྱི་མཁས་པའི་གཞུང་འགྲེལ་སུག་ཐུང་གི་འབྲི་སྲོལ་དར་རྒྱས་བྱུང་ངོ་། 6.ས་སྐྱའི་དུས་རབས་སུ་འབྲུ་ཚ་ཞབས་རིང་དང་ཞབས་ཐུང་ཞབས་འབྲིང་སྒོང་ཞབས་མ་སོགས་ཆོས་དང་སྲིད་གང་ལ་ཡང་བེད་སྤྱད་ནུས་པ་དར་སྤེལ་གྱུར། 7. ཕག་གྲུའི་དུས་རབས་སུ་ཚེག་བྲིས་དང་གྲ་བྲིས་ཚུགས་མ་དཔེ་ཚུགས་བར་བྲིས་སོགས་དར་རྒྱས་བྱུང་། 8. དགའ་ལྡན་ཕོ་བྲང་གི་དུས་རབས་སུ་ཚུགས་མ་ལས་ཚུགས་རིང་དང་ ཚུགས་ཐུང་། ཚུགས་ཆུང་གསུམ་ལས་ཡིག་གཟུགས་གི་རྣམ་གྲངས་ཧ་ཅང་འཕེལ་རྒྱས་སོང་ཡོད།
1.ཚུགས་རིང་ལ། དབུས་བྲིས་སྲིད་ཕྱོགས་ལ་བཀོལ་བ་དགའ་ལྡན་ཕོ་བྲང་གི་དུས་སུ། དབུས་དང་། ཨ་མདོ་སོགས་ལ་དར། སྡེབ་བྲིས་སི་ཏུ་ཆོས་འབྱུང་གི་དུས། ཁམས་སྡེ་དགེ་དང་། ནང་ཆེན། ལྷོ་ཕྱོགས་སོགས་སྲིད་ཕྱོགས་ལ་དར་ཁྱབ་ཆེ།
2.ཚུགས་ཐུང་ལ། དབུས་བྲིས་བཙན་པོའི་དུས་ཚེ་སྤོང་བྱང་ཆུབ་ཀྱི་ཕྱག་རྒྱུན་ལས་མཆེད་པས་སྔ་དར་ཡིན། དེ་ལ་ཨེ་བྲིས་དང་། གཞུང་བྲིས། བླ་བྲིས་བཅས་གསུམ་ཡོད། དབུས་དང་ཨ་མདོ་ན་དར་བ། གཞུང་བྲིས་ཡན་ལག་རིང་། སྲིད་གཞུང་གིས་བེད་སྤྱོད་མང་། ཨེ་བྲིས་དགའ་ལྡན་ཕོ་བྲང་གི་དུས་རྒྱལ་བ་རིམ་བྱོན་གྱི་ཕྱག་དཔེ་བཤུ་འབྲི་བྱེད་པ་ལ་ཨེ་དང་སྙེ་མོ་ནས་བྲིས་མཁན་བྱུང་བས་དར་ཁྱབ་ཆེ། བླ་བྲིས་གཙང་བཀྲ་ཤིས་ལྷུན་པོ་སོགས་ན་དར། སྡེབ་བྲིས་རྙིང་མ་སི་ཏུ་ཆོས་འབྱུང་གི་དུས་ཁམས་སོགས་དང་། སྡེབ་བྲིས་གསར་མ་སྐུ་ཚེའི་ཀརྨ་ཚེ་དཔལ་གྱི་ཕྱག་བྲིས། ཁམས་སྡེ་དགེའི་ཕྱོགས་སུ་དར་ཁྱབ་ཆེ།
3.ཚུགས་ཆུང་ལ། དབུས་བྲིས་དང་། སྡེབ་བྲིས། དེ་ལ་ཡིག་ཆུང་། སུག་སྐོར། འཕྲིན་ཡིག རྒྱུག་ཡིག དཀྱུས་ཡིག འཁྱུག་ཡིག་ འཁྱུགས་ཆེན་སོགས་འཕེལ་རྒྱས་ཧ་ཅང་རྒྱ་ཆེན་པོ་བྱུང་བས་གངས་ལྗོངས་ཧི་མ་ལ་ནི་ཡི་གེའི་གླིང་ཞིག་གནའ་ནས་ཡིན་པ་ཞང་ཞུང་གི་ཐ་སྙད་ལ་གུ་གེ་ཞེས་པ་དང་། བོད་སྐད་ལ་ཡི་གེའི་གླིང་ཡིན་པར་བསྟན་པ་ཡང་དོན་ལ་གནས་སོ། །  
◆ དཔལ་བསྡུས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཡིན།
◆ གཞན་ཡང་ཡུལ་གྱི་སྤྱི་མིང་ལ་དབུས་བྲིས་དང་། ཨམ་བྲིས། ཁམས་བྲིས། བྱེ་བྲག་གི་ཡུལ་མིང་སྒོ་ནས། ས་བྲིས། སྙེ་བྲིས། ཨེ་བྲིས། ཀུ་བྲིས། སྡེ་བྲིས་སོགས་རང་གིས་མ་མཐོང་བ་དང་མ་ཤེས་པ་དུ་མར་ད་དུང་འདིར་ཁ་བསབ་དགོས་པར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1