༄༅།། སྡོད་ཁང་གཞུང་གསོག་མ་དངུལ་སྐོར་གྱི་གནས་ཚུལ་ཤེས་འདོད་པ་ཚང་མ་འདི་ན་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-23


                གཟའ་འཁོར་སྔོན་མར། 《ལྷ་སས་གཞུང་གསོག་མ་དངུལ་ལས་སྒོའི་དྲྭ་ཚུགས10གསར་དུ་བསྣན་ནས་སྡོད་ཁང་གི་གཞུང་གསོག་མ་དངུལ་སྤྲོད་ལེན་སོགས་སྒྲུབ་པ་ལ་ཐོབ་ཐང་ལག་འཁྱེར་གྱི་བསྐྱར་དཔར་སོགས་སྤྲོད་མི་དགོས།》 ཞེས་རྩོམ་ཡིག་ཅིག་འདི་གའི་ཚགས་པར་དུ་བཀོད་རྗེས། དེ་མ་ཐག་དྲ་ཐོག་ཏུ་འཚོལ་བཤེར་ཚ་རླབས་འཕྱུར་བྱུང་།  དེར་བལྟས་ཡོང་བ་ཙམ་ལ་སྡོད་ཁང་གི་གཞུང་གསོག་མ་དངུལ་ནི་ཚང་མས་འཚོ་བ་དང་ཧ་ཅང་འབྲེལ་བ་དམ་ཟབ་ཡོད་པ་ཤེས་ཐུབ།  ཡིན་ནའང་ལས་སྒོ་འདི་ཐོག་མར་སྤེལ་མགོ་ཚུགས་པ་ཡིན་པའི་དབང་གིས་དེའི་ཕྱོགས་ལ་བོད་རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་སྐད་ཆ་ལབ་པར། “ ད་སྔ་ལས་སྒོ་དེ་ད་དུང་བསགས་བརྡར་གྱི་དུས་རིམ་ཡིན་པས།  གནད་དོན་ཅི་ཞིག་ཡོད་ན་ཚང་མས་དེ་ཤེས་རོགས་གྱིས་དང་།  གཞན་དུས་དང་རྣམ་པ་ཀུན་ཏུ་གནད་དོན་ཅི་འཕྲད་ངེད་ཚོར་ཡར་ཞུ་བྱེད་པར་དགའ་བསུ་ཡོད།  ”ཞེས་ཟེར། 
                དེ་དང་ཆབས་ཅིག་ཏུ།གསར་འགོད་པས་འདི་ག་ཚགས་པར་གྱི་སྐད་འཕྲིན་སྤྱི་རྟགས་སུ་མི་མི་ཉུང་བ་ཞིག་གིས་སྐད་བཞག་ཡོད་ལ། དེ་ལས་མང་ཤོས་ཀྱིས་གཞུང་གསོག་མ་དངུལ་ལེན་པ་དང་། གཞུང་གསོག་མ་དངུལ་གྱིས་དངུལ་བུན་ལེན་པར་ཆ་རྐྱེན་གང་དག་ཡོད་སྐོར་ནས་ཞིབ་ཕྲའི་གནས་ཚུལ་ཤེས་འདོད་ཡོད་འདུག ཚང་མར་སྟབས་བདེ་བསྐྲུན་ཆེད། འདི་ག་ཚགས་པར་གྱི་གསར་འགོད་པ་ཆེད་དུ་བོད་རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་སུ་བསྐྱོད་དེ་དེ་སྐོར་གྱི་གནས་ཚུལ་ལ་ཤེས་རྟོགས་བྱས་པ་ཡིན། ཐེངས་འདིར་ཀློག་པ་པོ་རྣམས་ཀྱིས་དོ་སྣང་བྱེད་པའི་གནད་དོན་སྡོད་ཁང་གཞུང་གསོག་མ་དངུལ་ལེན་སྟངས་ཐད་ལ་ལན་འདེབས་རྒྱུ་སྟེ། 
དྲི་བ། གནས་ཚུལ་གང་དག་གི་འོག་ནས་གཞུང་གསོག་མ་དངུལ་ལེན་ཆོག 
                ལན། ཁང་པ་ཉོ་སྒྲུབ་དང་། སྡོད་ཁང་གསར་བ་བསྐྲུན་པ།  སྡོད་ཁང་ཞིག་གསོ་རྒྱག་པ།   སྡོད་ཁང་བསྐྱར་བསྐྲུན།  སྡོད་ཁང་གཞུང་གསོག་མ་དངུལ་གྱི་དངུལ་བུན་འཇལ་བ།  ཚོང་ལས་དངུལ་ཁང་གི་སྡོད་ཁང་དངུལ་བུན་འཇལ་བ།  ཁང་པར་མཛེས་རྒྱན་གཏོང་བ།  སྡོད་ཁང་གཞུང་གསོག་མ་དངུལ་བླངས་མེད་པ།  སྡོད་ཁང་གླས་པ།  མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་པའམ་ཡང་ན་རང་བྱུང་གནོད་སྐྱོན་དང་། ནད་ལྕི་མོ་ཕོག་ནས་འཚོ་བར་དཀའ་ངལ་འཕྲད་པ།  ངལ་རྩོལ་འབྲེལ་བ་མེད་པ་བཟོས་པ།  ལས་འཁྱུར་ངལ་གསོ་བྱས་པ།  ཚེ་ལས་འདས་པ་བཅས་ཀྱི་གནས་ཚུལ་འོག་ནས་གཞུང་གསོག་མ་དངུལ་བླངས་ཆོག 
                རྒྱུ་ཆ་གང་དག་འདོན་སྤྲོད་བྱ་དགོས་པ་མི་ཤེས་ན།བོད་ལྗོངས་ཚོང་འཕྲིན་ཚགས་པར་གྱི་སྐད་འཕྲིན་སྤྱི་རྟགས་ལ་དོ་སྣང་བྱོས་དང་།   སྤྱི་སྟེགས་ཀྱི་རྒྱབ་སྟེགས་སུ“ གཞུང་གསོག་མ་དངུལ” ཞེས་ནང་འཇུག་བྱས་ནས་འདྲི་རྩད་བྱས་ན་ངོ་སྤྲོད་ཞིབ་ཕྲ་ཡོད།
དྲི་བ། རྒྱུ་མཚན་གང་ཡང་མེད་པར་གང་བྱུང་དུ་ལེན་ཆོག་གམ། 
                ལན།  མི་ཆོག  
དྲི་བ། ཁྱོ་ཤུག་ཟུང་ལས་ཕྱོགས་གཅིག་གིས་གཞུང་གསོག་མ་དངུལ་གྱི་དངུལ་བུན་ལེན་པར་སྙན་ཞུ་བརྒྱབ་ཡོད་ཚེ། དངུལ་བུན་དེ་ཕྱོགས་གཞན་པས་ལེན་ཆོག་གམ། 
                ལན། གལ་སྲིད་ཁྱོ་ཤུག་ཟུང་གིས་དངུལ་བུན་ལེན་པར་སྙན་ཞུ་བརྒྱབ་ཡོད་ན།  ཁང་པར་མཛེས་རྒྱན་གཏོང་བ་དང་། དངུལ་བུན་འཇལ་བའི་མིང་ཐོག་ནས་གཞུང་གསོག་མ་དངུལ་ལེན་ཆོག  གལ་སྲིད་ཁྱོ་ཤུག་ཟུང་ལས་ཕྱོགས་གཅིག་ཁོ་ནས་དངུལ་བུན་སྙན་ཞུ་བརྒྱབ་པ་ཡིན་ན།  ཕྱོགས་གཞན་དེས་ཁང་པ་ཉོ་སྒྲུབ་དང་ཁང་པ་འཛུགས་སྐྲུན། ཡང་ན་ཁང་པར་མཛེས་རྒྱན་གཏོང་བ་ལ་སོགས་པའི་ངོས་ནས་གཞུང་གསོག་མ་དངུལ་ལེན་ཆོག་པ་ཡིན། 
དྲི་བ། ག་དུས་ཁྱོ་ཤུག་ཕྱོགས་གཉིས་ཀས་དུས་གཅིག་ཏུ་སྡོད་ཁང་གཞུང་གསོག་མ་དངུལ་ལེན་ཆོག 
                ལན། ལོ་གསུམ་ནང་ཁང་པ་ཉོ་སྒྲུབ་ལ་སོགས་ཀྱི་དཔང་ཡིག་ཁོངས་ལྡན་ཡོད་ན།  ཕྱོགས་གཉིས་ཀའི་གཉེན་སྒྲིག་ཐོབ་ཐང་འཁྱེར་ནས་མཉམ་པོར་ལེན་ཆོག 
དྲི་བ། སྤྱི་གསོག་མ་དངུལ་སྔོན་ལ་བླངས་མྱོང་ན་ཡང་དུ་ལེན་ཆོག་གམ།  ལེན་ཆོག་ན་དུས་ཡུན་ག་ཚད་དགོས། 
                ལན།  ལོ་གཅིག་འགོར་རྗེས་ལེན་ཆོག་པ་ཡིན། ཡིན་ན་ཡང་ཁང་པ་གཅིག་ཉོ་སྒྲུབ་ཀྱི་གན་རྒྱའི་སྐོར་ནས་ཁྱོ་ཤུག་ཟུང་ལས་ཐེངས་གཅིག་ལ་མ་གཏོགས་ལེན་མི་ཆོག  ཁང་པ་མཛེས་རྒྱན་གཏོང་བར་ཚེ་གང་བོར་ཐེངས་གཅིག་ལས་ལེན་རྒྱུ་མེད།  
དྲི་བ། སྡོད་ཁང་གཞུང་གསོག་མ་དངུལ་འཇལ་ནས་ག་ཚད་འགོར་ན་དངུལ་བུན་ལེན་ཆོག 
                ལན། བསྟུད་མར་ཟླ6ལ་འཇལ་ཡོད་ན་དངུལ་བུན་ལ་སྙན་ཞུ་བརྒྱབ་ཆོག 
དྲི་བ། ཐེངས་གཅིག་ལ་བླངས་མྱོང་རྗེས།  དུས་ག་ཚད་འགོར་ན་སྡོད་ཁང་གཞུང་གསོག་མ་དངུལ་གྱི་དངུལ་བུན་ལ་སྙན་ཞུ་བརྒྱབ་ཆོག 
                ལན། གྲོང་མི་སྐུ་ཞབས་ཀྲང་ལས་ཀར་ཞུགས་རྗེས་ལས་ཁུངས་ཀྱིས་ཁོ་ལ་ཁང་པ་མ་བགོས་པས་ད་བར་དུ་ཁང་པ་ཞིག་གླས་ནས་བསྡད་པ་རེད། ལོ་རེར་ཁོས་ཁང་པའི་གླ་བའི་མིང་ཐོག་ནས་གཞུང་གསོག་མ་དངུལ་བླངས།  ཉེ་ལམ་ཁོས་སྡོད་ཁང་གཞུང་གསོག་མ་དངུལ་ལ་བརྟེན་ནས་དངུལ་བུན་བླངས་ནས་ཁང་པ་ཞིག་ཉོ་གྲབས་ཡོད་པ་རེད།  ཁོས་འདི་གའི་སྐད་འཕྲིན་སྤྱི་སྟེགས་སུ། ངས་སྡོད་ཁང་གཞུང་གསོག་མ་དངུལ་སྔོན་ལ་བླངས་མྱོང་ཡོད་པས།  ད་ནི་གཞུང་གསོག་མ་དངུལ་གྱི་དངུལ་བུན་ལ་བརྟེན་ནས་ཁང་པ་ཞིག་ཉོ་གྲབས་ཡོད་ལ། དེ་ལྟར་ཉོས་ཆོག་གམ་ཞེས་སྐད་བཞག་འདུག   བོད་རང་སྐྱོང་ལྗོངས་སྡོད་ཁང་དོ་དམ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས།   དེ་བླངས་ཆོག་པ་ཡིན།  དངུལ་བུན་སྙན་ཞུ་བརྒྱབ་ནས་ཟླ་གཅིག་འགོར་རྗེས་གཞུང་གསོག་མ་དངུལ་གྱི་དངུལ་བུན་བླངས་ཆོག  ཡིན་ན་ཡང་ཆ་རྐྱེན་ཞིག་ནི།   དངུལ་བུན་གྱི་གྲངས་ཚད་དེ་མི་སྒེར་གྱི་གཞུང་གསོག་མ་དངུལ་གྱི་རྩིས་ཐོའི་དངུལ་ལྷག་གི་ལྡབ20ཡིན་པས་གཞུང་གསོག་མ་དངུལ་ནང་དངུལ་ལྷག་མའི་གྲངས་ཚད་ངེས་ཅན་ཞིག་ཡོད་དགོས་པ་ཡིན་ཟེར།
ཞར་བཀོད།  གཞུང་གསོག་མ་དངུལ་འཇལ་བའི་གནས་ཚུལ་ཤེས་འདོད་ན་ཅི་ལྟ་རྩད་འདྲི་བྱེད་དགོས། 
1.ལས་བཟོ་པས་གཞུང་གསོག་མ་དངུལ་ལྟེ་གནས་ཀྱི་སྐད་ལམ་རྩད་འདྲི་བྱེད་སའི་ཁ་པར་ཨང་གྲངས། 12329ལ་ཁ་པར་བཏང་ནས་གསལ་འདྲི་བྱས་ཆོག 
2.རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་བཟུང་ནས་སྡོད་ཁང་གཞུང་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱི་ཚོམས་ཆེན་དུ་བསྐྱོད་དེ་རྩད་འདྲི་བྱས་ཆོག 
3.འཛུགས་སྐྲུན་དངུལ་ཁང་གི་གཞུང་གསོག་མ་དངུལ་གྱི་དངུལ་བྱང་འཁྱེར་ནས་འཛུགས་སྐྲུན་དངུལ་ཁང་གི་ATMཐོག་རྩད་འདྲི་བྱས་ཆོག 
4.རང་ཡོད་སའི་ལས་ཁུངས་ཀྱི་སྡོད་ཁང་གཞུང་གསོག་མ་དངུལ་དོ་དམ་བྱེད་སའི་ཚན་ཁག་ཏུ་སོང་ནས་རྩད་འདྲི་བྱས་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1