༄༅།། བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རིམ་གྱི་ལོ་རྒྱུས་མདོ་ཙམ་གླེང་བ།

ཁྲི་ཤར་བསོད་ནམས་ཚེ་རིང་།​ རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རིག་གཞུང་དུས་དེབ། སྤེལ་དུས། 06-07



ཁྲི་ཤར་བསོད་ནམས་ཚེ་རིང་།
ནང་དོན་གནད་བསྡུས། དེང་གི་དུས་ནི་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཆེས་མགྱོགས་པའི་དུས་རབས་ཤིག་ཡིན་ལ། བོད་ཡིག་ཆ་འཕྲིན་རིག་པ་ནི་གསར་དུ་དར་བའི་རིག་ཚན་ཞིག་ཡིན་པས། འདིར་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རིམ་གྱི་ལོ་རྒྱུས་མདོར་བསྡུས་ཤིག་ཞིབ་བརྗོད་བྱས་ཡོད། 
བརྡ་ཆད་གཙོ་བོ།  བོད་ཡིག  ཆ་འཕྲིན་ལག་རྩལ།  འཕེལ་རིམ་ལོ་རྒྱུས།
          དེང་གི་དུས་ནི་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཆེས་མགྱོགས་པའི་དུས་རབས་ཤིག་ཡིན་ལ། འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ལས་རིགས་སོ་སོ་ན་བེད་སྤྱོད་རྒྱ་ཆེན་པོ་བྱེད་པ་ནི་རྩིས་འཁོར་ཡིན་པ་དང་། དེས་མི་རྣམས་ཀྱིས་་བྱ་བ་སྒྲུབ་པར་སྟབས་བདེ་བཟོ་བས། འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཀྱང་ཆ་འཕྲིན་ལག་རྩལ་ཕྱོགས་ལ་འབད་པ་ལྷུར་ལེན་བྱེད་ཀྱིན་འདུག  མི་རིགས་གང་ཞིག་དང་རྒྱལ་ཁབ་གང་ཞིག་ཡིན་ནའང་ཆ་འཕྲིན་ལག་རྩལ་ཕྱོགས་སུ་འབད་བརྩོན་བྱས་པ་ཆེས་མགྱོགས་ན་མི་རིགས་དང་རྒྱལ་ཁབ་དེའི་སྲིད་འབྱོར་རིག་གསུམ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་བྱུང་གིན་མཆིས། དེ་ལས་ལྡོག་ན་རྗེས་ལུས་སུ་ཐེབས་འགྲོ་བ་ནི་སྨོས་མ་དགོས་པ་ཞིག་རེད། རང་རེའི་གངས་ཅན་པ་རྣམས་ཀྱིས་ཀྱང་དུས་རབས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྗེས་སུ་བསྙེགས་ཏེ་ཆ་འཕྲིན་སྤྱི་ཚོགས་དང་། ཤེས་ཡོན་དཔལ་འབྱོར་གྱི་ཕྱོགས་སུ་འབད་རྒྱུ་ནི་མི་རེ་རེའི་ཕྲག་སྟེང་ལ་བབས་པའི་འོས་འགན་ལྡོག་ཏུ་མེད་པ་ཞིག་ཡིན་ལ། ལྷག་པར་དུ་བོད་སྐད་ཡིག་འཕེལ་རྒྱས་སུ་གཏོང་དགོས་ན་བོད་ཡིག་ཆ་འཕྲིན་ལག་རྩལ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། འདིར་ཁོ་བོས་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རིམ་གྱི་ལོ་རྒྱུས་མདོ་ཙམ་ཞིག་བརྗོད་པར་བྱའོ། །
དང་པོ། ཆ་འཕྲིན་ལག་རྩལ་སྐོར་གྱི་བརྡ་ཆད་འགའི་གོ་དོན།
༡ .ཆ་འཕྲིན་གྱི་གོ་དོན།
          སྤྱིར་ན་ཆ་འཕྲིན་ནམ་བརྡ་འཕྲིན་ཞེས་པའི་བརྡ་ཆད་འདི་ནི། རྒྱའི་ལོ་རྒྱུས་རིག་གནས་ལྟར་བརྗོད་ན་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་བའི་ནང་བྱུང་བ་ཞིག་ཡིན་ལ། 《སྐད་ཆ་ཡི་གེའི་ཆ་འཕྲིན་བཀོལ་སྤྱོད》ལས། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་སྐབས། དབྱིན་ཡིག་གི་ཚན་རྩལ་ཡིག་ཚང་ཁྲོད་ན་ཆ་འཕྲིན་ལinformationཟེར་ཞིང་། ཉི་ཧོང་བས་ཡིག་སྒྱུར་བྱེད་དུས“གསང་འཕྲིན”ཞེས་བསྒྱུར་ཡོད་པ་དང་། ཀྲུང་གོ་བས“信息” ①ཆ་འཕྲིན་ཞེས་བཀོད་པ་ལ་གཞིགས་ན། ཆ་འཕྲིན་ནམ་བརྡ་འཕྲིན་ཞེས་པའི་མིང་བརྡ་འདི་ནི་དབྱིན་ཇིའི་སྐད་ནས་རྒྱ་ནག་སྐད་ལ་ཟུར་ཆག་པ་ཞིག་ཡིན་ལ། རང་རེའི་སྐད་ལ་ཆ་འཕྲིན་ནམ་བརྡ་འཕྲིན་ཞེས་པ་ལ 《བོད་རྒྱ་དབྱིན་སྐད་ཀྱི་རྩིས་འཁོར་ཚིག་མཛོད》ཅེས་པ་རུ། བརྡ་འཕྲིན་ཞེས་པ་ནི་མི་རྣམས་ཀྱིས་གཞི་འཛིན་གྲངས་མཚོན་བྱེད་ལ་འཁོལ་བའི་ཆོད་དོན་ལྟར་གཞི་འཛིན་གྲངས་ལ་བྱིན་པའི་གོ་དོན་ལ་ཟེར②བ་དང་། དོན་དམ་པར། ཆ་འཕྲིན་ནམ་བརྡ་འཕྲིན་ཞེས་པ་ནི་མི་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་བྱུང་བའི་མཐོང་ཐོས་དྲན་གསུམ་དུ་གྱུར་བའི་ཤེས་བྱའམ་རིན་ཐང་ལྡན་པའི་འཕྲིན་གསར་སྤྱི་ལ་གོ་ཞིང་། དེ་ནི་སྒྲ་གདངས་དང་། ཡི་གེ  གཟུགས་བརྙན། གཞི་འཛིན་གྲངས། བརྡ་རྟགས་སོགས་མིའི་རིགས་ཀྱི་འཚོ་གཞེས་ཁོར་ཡུག་དང་འབྲེལ་བའི་ཤེས་བྱ་སྤྱི་ལ་ཟེར་ཞིང་། རང་རེའི་བོད་སྐད་ཀྱི་དབང་དུ་བྱས་ན། བརྡ་འཕྲིན་ཞེས་པ་ལ་ཆ་འཕྲིན་ཞེས་བསྒྱུར་ན་ཚིག་དོན་གང་རུང་ལ་གཞིགས་ན་དོན་ལ་འབྱོར་བ་ཞིག་ཡིན་པ་དང་། 《དག་ཡིག་གསར་བསྒྲིགས》ལས། བརྡ་ཞེས་པ་ནི་ལས་དོན་ཞིག་གཞན་ལ་གོ་བར་བྱེད་པའི་ཚིག་དང་། ལུས་ཀྱི་རྣམ་འགྱུར་དང་རྟགས་མཚན་སོགས་ཀྱི་མིང་③ལ་གོ་ཞིང་། འཕྲིན་ཞེས་པ་ནི་མི་གཅིག་གིས་གཅིག་ལ་བསྐུར་བའི་སྐད་ཆ་དང་ཡི་གེའི་མིང་④ལ་གོ་བར་གཞིགས་ན། བརྡ་ཞེས་པ་ནི་གོ་བརྡ་སྤྲོད་པའི་བརྡ་རྟགས་སྤྱི་ལ་གོ་བ་དང་། འཕྲིན་ཞེས་པ་ནི་འཕྲིན་གསར་སྣ་ཚོགས་ལ་གོ་བས་ཆ་འཕྲིན་ཞེས་བརྗོད་ཡོད། དེ་མིན་《རྒྱ་བོད་ཤན་སྦྱར་ཚིག་མཛོད》ལས།  “信息”ལ་ཆ་འཕྲིན། བརྡ་འཕྲིན། བརྡ་རྟགས། ⑤ཞེས་བྱུང་བ་ལ་བརྟེན་ཏེ། ད་ལྟ་མི་ཕལ་མོ་ཆེ་ཡིས་བརྡ་འཕྲིན། ཆ་འཕྲིན་ཞེས་གང་རུང་ཞིག་བརྗོད་མོད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི“ཆ་འཕྲིན་ལག་རྩལ་ཐད་ཀྱི་བོད་ཡིག་ཐ་སྙད་ཀྱི་རྒྱལ་ཁབ་ཚད་ལྡན་ལ་ཞིབ་འཇུག”ཅེས་པའི་ཞིབ་འཇུག་རྣམ་གྲངས་ཚོ་ཆུང་གིས་བསྒྲིགས་པའི《བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད》ཅེས་པ་རུ། “信息”ལ“ཆ་འཕྲིན”⑥ཞེས་གཏན་ལ་ཕབ་ཡོད་པས་ཆ་འཕྲིན་ཞེས་བརྗོད་ན་ཚིག་དོན་གང་རུང་ལ་གཞིགས་ན་དོན་ལ་འབྱོར་བ་ཞིག་ཡིན་པ་མ་ཟད། ད་ལྟ་བཀོལ་སྤྱོད་བྱེད་པའི་ཆ་ནས་ཀྱང་ཕྱི་ནང་གང་རུང་གི་དུས་དེབ་དང་ཚགས་པར་དུ་སྤེལ་གྱིན་ཡོད་པ་མ་ཟད། ལས་ཁུངས་དང་ཞིབ་འཇུག་ལྟེ་གནས་མང་པོ་ཞིག་ཏུ་ཆ་འཕྲིན་ཞེས་གཏན་ལ་ཕབ་ཡོད་དེ། དཔེར་ན་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། ཆ་འཕྲིན་ལག་རྩལ་དྲ་ཚིགས་ལྟ་བུ། གོང་གི་ཚིག་མཛོད་འདི་ནི་རྒྱལ་ནང་ནས་ཐོག་དང་པོར་འགྲེམས་སྤེལ་བྱས་པའི་བོད་ཡིག་ཐ་སྙད་ཀྱི་རྒྱལ་ཁབ་ཚད་ལྡན་གྱི་ཞིབ་འཇུག་ཚིག་མཛོད་ཐོག་མ་ཡིན་པས། ང་ཚོའི་ཆ་འཕྲིན་ཞེས་བརྗོད་ན་ཐ་སྙད་གཅིག་གྱུར་ཡོང་བར་ཕན་ཁེ་ཆེ་བར་འདོད།
༢.བོད་ཡིག་ཆ་འཕྲིན་གྱི་གོ་དོན།
          བོད་ཡིག་ཆ་འཕྲིན་ཞེས་པ་ནི་བོད་ཀྱི་ཡི་གེ་དང་ཆ་འཕྲིན་ལག་རྩལ་གཉིས་ཟུང་འབྲེལ་བྱས་པའི་བསྡུས་མིང་ཡིན་ཏེ། བོད་ཡིག་ཆ་འཕྲིན་ཞེས་པའི་གོ་དོན་ཅི་ཞེ་ན། འདི་ལའང་བཤད་ཚུལ་སྣ་ཚོགས་ཤིག་ཡོད་པའི་དབང་གིས་འདིར་གསལ་པོར་བརྗོད་དཀའ་ན་ཡང་། སྒྲ་བཤད་ཙམ་ནི་འདི་ལྟ་སྟེ། བོད་ཀྱི་རིག་གནས་ཀྱིས་མཚོན་པའི་ཡི་གེ་དང་སྐད་ཆ(ཁ་སྐད་དང་ཡིག་སྐད་གཉིས་སུ་འདུ)འདི་ཉིད་རྩིས་འཁོར་ནང་ཆ་ཡོངས་སུ་བཀོལ་སྤྱོད་བྱེད་ཐུབ་པའི་ཆ་འཕྲིན་སྣ་ཚོགས་ཤིག་ལ་བོད་ཡིག་ཆ་འཕྲིན་ཞེས་བརྗོད་ན་ཆོག་སྟེ། དེ་ལ་འདིར་རྩིས་འཁོར་སྐད་བརྡ་རིག་པའི་འབུམ་རམས་པ་གདུགས་དཀར་ཚེ་རིང་གིས“བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལ་བོད་སྐད་ཆ་འཕྲིན་སྒྲིག་གཅོད་དང་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་བཅས་རྣམ་པ་གཉིས་སུ་དབྱེ་བ་དང་། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་ནང་གསེས་ལ་བཀོལ་སྤྱོད་མ་ལག་དང་དེའི་ཨང་སྒྲིག་ཡིག་རྟགས་ཚོགས། ནང་འཇུག་ལག་རྩལ། ཡིག་དབྱིབས་བརྗོད་པ་དང་དེའི་གྲུབ་ཚུལ།  གསོག་འཇོག   རྩོམ་སྒྲིག པར་སྒྲིག་པ་བཅས་འདུ་བ་དང་། བོད་སྐད་ཆ་འཕྲིན་སྒྲིག་གཅོད་ཀྱི་ནང་གསེས་ལ་འཕྲུལ་ཆས་ལོ་ཙཱ། ཆ་འཕྲིན་ཞིབ་འཚོལ། ཆ་འཕྲིན་ལེན་པ། ཡིག་ཆ་ཞུ་དག ཡིག་ཆ་གྲུབ་ཚུལ། ཡིག་ཆའི་རིགས་དབྱེ་ཚུལ།  རང་འགུལ་གྱི་གནད་བསྡུས་བཅས་བོད་ཡིག་ངོས་འཛིན་མ་ལག་དང་སྒྲ་གདངས་ངོས་འཛིན་པ་བཅས་སུ་འདུ”⑦ཞེས་པ་ལ་གཞིགས་ན།    བོད་ཡིག་ཆ་འཕྲིན་སྒྲིག་གཅོད་དང་བོད་སྐད་ཆ་འཕྲིན་སྒྲིག་གཅོད་གཉིས་ནི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དང་། བོད་སྐད་ཆ་འཕྲིན་སྒྲིག་གཅོད་ནི་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་རྨང་གཞིའི་སྟེང་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས། ད་ལྟ་ང་ཚོས་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་རྨང་གཞིའི་འཕེལ་རྒྱས་ལ་ནུས་ཤུགས་གང་ཡོད་ཅིག་འདོན་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཅིག་ཡིན་པར་འཁུམས། གཞན་ཡང་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལས་བོད་ཀྱི་བརྡ་སྤྲོད་པའི་ངོ་བོ་དང་དབྱེ་བ། སྒྲ་གདངས་སོགས་ལ་ཞིབ་འཇུག་གང་ལེགས་བགྱིས་ཏེ་རྩིས་འཁོར་ལས་བོད་ཡིག་ངོས་འཛིན་པ་ལས་གཞན། བོད་ཡིག་གིས་རྒྱལ་ཁབ་གང་རུང་གི་ཡི་གེ་དང་། སྐད་ཆ། སྒྲ་གདངས་བཅས་སོ་སོར་སྒྱུར་ཐུབ་པར་འབད་རྒྱུ་ཡང་དམིགས་འབེན་ཉིད་ཡིན་ནོ། །
གཉིས་པ། བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རིམ་གྱི་ལོ་རྒྱུས་མདོ་ཙམ་གླེང་བ།
          དེ་ཡང་འཛམ་གླིང་གི་ལས་རིགས་སོ་སོ་ན་བེད་སྤྱོད་རྒྱ་ཆེན་པོ་བྱེད་པ་ནི་རྩིས་འཁོར་ལགས་ཏེ། དེ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུ་པའི་ནང་སྟེ1946ལོའི་ཟླ་གཉིས་པར་ཨ་མེ་རི་ཁའི་པེན་ཞེ་ཧྥ་ནེ་ཡ་སློབ་གྲྭ་ཆེན་མོའི་བན·ནོ་ཡེ་མན་གྱིས་(美国宾夕法尼亚大学,冯·诺曼(VON.NEUMANM)(ENIAC)ཨན་ནེ་ཨ་ཁུ་ཞེས་པའི་རྩིས་འཁོར་ཐོག་མ་དེ་བཟོས་པ་ནས་བཟུང་། འཛམ་གླིང་གི་མི་རིགས་སོ་སོར་སྐད་དང་ཡི་གེ་ཡོད་པ་རྣམས་ཀྱིས་ཀྱང་དེའི་ཕྱོགས་སུ་གཅིག་རྗེས་གཉིས་མཐུད་ཀྱིས་བང་ཁ་འགྲན་པ་ནི་སྨོས་མ་དགོས་སོ། ། དབྱིན་ཡིག་ཏུCOMPUTERཟེར་བའི་རྩིས་འཁོར་འདི་ཉིད་ལ་བོད་ཡིག་གིས་ཕྲ་རྣམ་རྩིས་འཁོར་དང་། ཕྲ་དབྱིབས་རྩིས་འཁོར། འཕྲུལ་རྩིས། རྩིས་རྒྱག་འཕྲུལ་འཁོར། གློག་རྩིས། གློག་ཀླད། གློག་རྡུལ་འཕྲུལ་འཁོར། གློག་འཕྲུལ། རྩིས་འཁོར་ཟེར་བ་སོགས་མིང་མང་པོ་ཞིག་བཏགས་ཡོད་ནའང་རྩིས་འཁོར་ཞེས་བསྒྱུར་ན་ཚིག་དོན་གང་རུང་ལ་འབྱོར་བས་འདིར་རྩིས་འཁོར་ཞེས་བརྗོད་པ་ཡིན། དེ་ལ་འདིར་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་བའི་དབུ་གང་ནས་བརྙེས་པ་ལ་གཞིགས་ན། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་པའི་མགོ་ནས་བཟུང་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་དབུ་ཚུགས་པ་ཡིན་ཏེ། འཛམ་གླིང་དུ་ཆེས་ཐོག་མར་བོད་ཡིག་ཆ་འཕྲིན་གྱི་བྱ་བ་གཉེར་མཁན་ནི་སྤྱི་ལོ1981ལོར་ཀྲང་ལན་ཧྲིན(张连生)གྱིས་རྩིས་འཁོར་བཀོལ་ནས་བོད་ཡིག་གི་ཐ་སྙད་བསྒྲིགས་པ་ཡིན་ལ། དེ་ནི་བོད་རང་ཉིད་ལ་མཚོན་ན་མི་རིགས་རང་གི་སྐད་ཡིག་འདི་ཉིད་འཕྲུལ་ཆས་ཅན་དང་དེང་རབས་ཅན་དུ་འགྱུར་བའི་བགྲོད་ལམ་ཆེས་ཐོག་མ་ཡིན་པ་དང་། སྐབས་དེར་མཚོན་ན་བོད་ཡིག་གི་བཀོལ་སྤྱོད་མ་ལག་ཅིག་བྱུང་མེད་པ་དང་ཁོ་མོས་དབྱིན་ཡིག་རྩིས་འཁོར་བཀོལ་སྤྱོད་མ་ལག་བེད་སྤྱད་དེ་རང་རྒྱལ་གྱི་བོད་རིག་པར་ཞིབ་འཇུག་གནང་མཁན་གྱི་སྐུ་ཞབས་ཡེ་ཏོ་ཆོན(于道泉)གྱིས་བཏོན་པའི་གྲངས་ཀས་བོད་ཡིག་གི་ཚབ་བྱས་པའི་བོད་ཡིག་ཨང་སྒྲིག(编码)བྱེད་ཐབས་གཞིར་བཟུང་སྟེCOBOLསྐད་ཆས་བོད་ཡིག་འཆར་ཐུབ་པའི་མཉེན་ཆས་སྤྱད་པ་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་བའི་དབུ་ཚུགས་པ་ཙམ་ལས་བོད་ཡིག་གི་བཀོལ་སྤྱོད་མ་ལག་ཅིག་བྱུང་མེད་པ་རེད། དེའི་རྗེས་སྤྱི་ལོ1983ལོར་ཀྲང་ལན་ཧྲིན་གྱིས་ཨ་མེ་རི་ཀའི་དབྱི་ལི་རོ་སོ་སློབ་གྲྭ་ཆེན་མོ(美国列诺斯大学)ནསPLATOརྩིས་འཁོར་ནངTUTORམཉེན་ཆས་སྤྱད་དེ་བོད་ཀྱི་ཡི་གེ་འདི་ཉིད་མངོན་འཆར་བྱེད་ཐུབ་པ་དང་ནང་འཇུག་བྱེད་ཐུབ་པ་དང་། དཔར་འདེབས་བྱེད་ཐུབ་པ་ཞིག་བྱུང་། 1984ལོར་ཧྲང་ཧེ་སློབ་གསོ་སློབ་གླིང་གི་དངོས་ལུགས་སྡེ་ཁག་གིསBASICསྐད་ཆ་བཀོལ་ནས་བོད་ཡིག་གི་བྱ་བྱེད་མ་ལག་ཅིག་གསར་དུ་བསྐྲུན་པའི་སྔ་རྗེས་སུ། ཀན་སུའུ་ཞིང་ཆེན་རྩིས་འཁོར་ལྟེ་གནས་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་གཉིས་མཉམ་འབྲེལ་བྱས་ཏེBASICསྐད་ཆ་བཀོལ་ནས་བོད་ཡིག་གི་བྱ་བྱེད་མཉེན་ཆས་མ་ལགZWCLགསར་བཟོ་བྱས། 1986ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་གླིང་གཉིས་མཉམ་འབྲེལ་བྱས་ཏེ་བོད་རྒྱ་དབྱིན་གསུམ་གྱི་ཡི་གེ་བཀོལ་སྤྱོད་བྱེད་ཐུབ་བའི་བོད་ཡིག་གི་བྱ་བྱེད་མ་ལགTCDOSབྱུང་བ་དང་།  དེའི་སྔ་རྗེས་སུ་ལན་ཧེ(兰海)བོད་ཡིག་གི་མ་ལགZWDOSབྱུང་།
          དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པའི་སྐབས་ནི་བོད་ཡིག་ཆ་འཕྲིན་ལ་མཚོན་ནDOSབཀོལ་སྤྱོད་མ་ལག་གི་འཕེལ་རྒྱས་མགྱོགས་པའི་ལོ་རབས་ཤིག་ཡིན་ཏེ། 1988ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་མཁའ་སྤྱོད་པུའུ710མཉམ་འབྲེལ་བྱས་ཏེ་ཧྭ་ཀོང(华光)བོད་ཡིག་གི་བྱ་བྱེད་མ་ལག་གསར་བསྐྲུན་བྱུང་བ་དང་། 1990ལོར་པེ་ཅིན་སློབ་ཆེན་རྩིས་འཁོར་ཞིབ་འཇུག་སོའོ་དང་མི་རིགས་དཔེ་སྐྲུན་ཁང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ལྟེ་གནས་བཅས་མཉམ་འབྲེལ་བྱས་ཏེ་པེ་ཏ་ཧྥང་ཀྲིན(北大方正)བོད་ཡིག་མཉེན་ཆས་བྱུང་བ་རེད། གོང་གསལ་གྱི་མཉེན་ཆས་འདི་དག་ལ་གཅིག་གྱུར་གྱི་ཨང་སྒྲིག་ཅིག་མེད་ན་ཡང་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཁྲོད་ཀྱི་ཆེས་ལེགས་ཐོན་གྱི་མཉེན་ཆས་ཤིག་ཡིན་པས་བོད་ཡིག་གི་དཔེ་ཆ་པར་སྒྲིག་དང་པར་སྐྲུན་ཐད་ལ་རང་འགུལ་གྱིས་བསྒྲིགས་ཐུབ་པའི་བྱེད་ནུས་ཡོད་པས་ཤིན་ཏུ་ལེགས།
          WINDOSབཀོལ་སྤྱོད་མ་ལག་བྱུང་བ་ནས་བཟུང་། བོད་ཡིག་ཆ་འཕྲིན་གྱི་གོམ་ཁའངWINDOSཕྱོགས་སུ་བསྙེགས་པ་རེད། དུས་རབས་ཉེར་གཅིག་པའི་དབུ་ནི་བོད་ཡིག་གིWINDOSབཀོལ་སྤྱོད་མ་ལག་བྱུང་བའི་དུས་ཤིག་ཡིན་ཏེ། སྤྱི་ལོ2000ལོར་ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་གོའི་མི་རིགས་ཆ་འཕྲིན་ཞིབ་འཇུག་གླིང་གིས་རྩིས་འཁོརWINDOSབཀོལ་སྤྱོད་མ་ལག་ནང་བོད་ཡིག་བྱ་བྱེད་མཉེན་ཆས་དོན་ཡོད(同元)ཅེས་པ་གསར་དུ་བཟོས་པ་དང་། གཞན་ཡང་སྐབས་དེར་ཕྱི་རྒྱལ་ནས་ཐོན་པའི་སཾབྷོཊ་བོད་ཡིག་མཉེན་ཆས་སོགས་བྱུང་། སྤྱི་ལོ2001ལོར་བོད་ལྗོངས་སློབ་ཆེན་གྱི་ཉི་མ་བཀྲ་ཤིས་སོགས་ཀྱིས་ཧོ་ཧོ(火狐)བོད་ཡིག་མཉེན་ཆས་བཟོས་པ་དང་། སྤྱི་ལོ2003ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་པཎྚིཏ་བོད་ཡིག་མཉེན་ཆས་གསར་བཟོ་བྱས་པ་དང་། དེའི་རྗེས་སུ་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་གངས་སྤྱན་བོད་ཡིག་མཉེན་ཆས་གསར་བཟོ་བྱས་པ་དང་དུས་མཚུངས་སུ། གཡུ་མཚོ། འ་མཚོ། དབྱངས་ཅན། ཙོང་ཁ་བོད་ཡིག་མཉེན་ཆས་སོགས་གཅིག་རྗེས་གཉིས་མཐུད་དུ་བོད་ཡིག་མཉེན་ཆས་མང་པོ་ཞིག་བྱུང་བ་དང་། བོད་ཡིག་ཆ་འཕྲིན་ལ་ཞིབ་འཇུག་བྱེད་པའི་ལས་ཁུངས་ནི་རྒྱལ་ནང་ནས་བོད་ལྗོངས་སློབ་གྲྭ་ཆེན་མོ་བོད་ཡིག་ཆ་འཕྲིན་ལག་རྩལ་སློབ་གསོའི་པུའི་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ཀྲུང་གོའི་མི་རིགས་ཆ་འཕྲིན་ཞིབ་འཇུག་གླིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་ཡིག་ཆ་འཕྲིན་ལྟེ་གནས་སོགས་ཡོད་པ་དང་། དེ་མིན་འབྲུག་ཡུལ། ཨ་མེ་རི་ཁ། དབྱིན་ཇི། ཉི་ཧོང་སོགས་ན་ལ་རྩེ་དེང་རབས་བོད་ཀྱི་དཔེ་མཛོད་ཁང་། བོད་ཀྱི་གློག་རྡུལ་རྒྱལ་སྒོ། ཉིག་ཡོ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དཔྱད་ཡིག་ཆ་འཕྲིན་ལྟེ་གནས།  ཧྥེ་ཅི་ཉི་ཡ་སློབ་གླིང་གི་གངས་ལྗོངས་ཨང་གྲངས་དཔེ་མཛོད་ཁང་སོགས་མང་པོ་ཞིག་ཡོད་དོ། །
          འདི་འདྲའི་ལོ་རྒྱུས་ཀྱི་བགྲོད་ལམ་རིང་མོ་ཞིག་བརྒྱུད་ནའང་བོད་ཡིག་ཆ་འཕྲིན་འཕེལ་རིམ་གྱི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། བོད་ཡིག་ཆ་འཕྲིན་གྱི་འཕེལ་རྒྱས་ནི་མིང་ཙམ་ཡིན་ལ། དོན་དམ་དུ་བཤད་ན་གོང་གསལ་གྱི་མཉེན་ཆས་དག་ལ་རྒྱལ་སྤྱིའི་ཚད་ལྡན་ཨང་ཡིག་བྱུང་མེད་པས་ད་སྔའང་མི་རིགས་གཞན་པའི་ཆ་འཕྲིན་འཕེལ་རྒྱས་དང་བསྡུར་ན་བར་ཐག་ཅུང་ཆེན་པོ་འདུག ཡིན་ཡང་དགའ་འོས་པ་ཞིག་ལ་སྤྱི་ལོ2007ལོའི་ཟླ1པའི་ཚེས30ཉིན། ཨ་རིའི་ཝེ་རོན་ཀུང་ཟི(Microsoft)ནས་WINDOS vista འཛམ་གླིང་ཡོངས་ལ་དུས་མཉམ་དུ་ཁྱབ་སྤེལ་བྱས་པའི་རྩིས་འཁོར་གྱི་མ་ལག་མཉེན་ཆས་གསར་བ་ཞིག་བྱུང་བ་དང་། དེའི་ནང་དུ་རང་རྒྱལ་གྱི་བོད་ཡིག་དང་སོག་ཡིག ཡུ་གུར་ཡི་གེ ཡེ་རིགས་ཀྱི་ཡི་གེ་བཅས་ཡིག་རིགས་བཞི་ཡོད་པ་དང་། དེ་ནི་བོད་ཡིག་ལ་རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་ཡོད་པ་ཞིག་ཡིན་པ་དང་། WINDOS vistaལ་ཚུད་པའི་བོད་ཡིག་གི་ཡིག་གཟུགས་དེའི་མིང་ལ་ཧི་མ་ལ་ཡ་དང་། མིང་གཞན་ལ་བེ་སི་ཐ(vista)བོད་ཡིག་མཉེན་ཆས་ཟེར་ཞིང་། དེའི་བྱེད་ལས་ནི་རྩིས་འཁོར་དུ་བོད་ཡིག་པར་སྒྲིག་བྱེད་པ་དང་། བོད་ཡིག་གི་གློག་ཡིག་བསྐུར་བ། བོད་ཡིག་གི་དྲ་བ་བཟོ་བ། དྲ་ངོས་གང་རུང་དུ་བོད་ཡིག་གི་ཡིག་ཆ་འཚོལ་བཤེར་བྱེད་ཐུབ་པ། ལྷག་པར་དུ་དྲ་ངོས་གང་རུང་དུ་བོད་ཡིག་གི་རྩོམ་ཡིག་འགོད་པ་དང་། བོད་ཡིག་མཉེན་ཆས་གཞན་དག་གསར་གཏོད་བྱེད་ཐུབ་པ་སོགས་ཡིན།  ཧི་མ་ལ་ཡ་བོད་ཡིག་མཉེན་ཆས་མཐེབ་གཞོང་གི་ཇུས་འགོད་པ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྐུ་ཞབས་བཀྲ་ཤིས་ཚེ་རིང་རེད། རྩིས་འཁོར་དུ་བོད་ཡིག་བཀོལ་སྤྱོད་བྱེད་པ་དེ་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཁྱད་མེད་གཅིག་མཚུངས་ཡིན་པས། བོད་རིག་པ་སྤྱི་དང་ལྷག་པར་དུ་བོད་ཀྱི་རིག་གནས་འདི་ཉིད་ཆ་འཕྲིན་དུས་རབས་འདིར་འཕེལ་རྒྱས་མགྱོགས་པོར་འགྲོ་བའི་ཐད་བྱས་རྗེས་བླ་མེད་བཞག་ཡོད་པ་རེད།
          མིག་སྔར་བོད་ཡིག་གི་མཉེན་ཆས་སྐོར་ལ་རྒྱལ་ཁབ་ཕྱི་ནང་དུ་སྣ་ཁ་མང་པོ་ཞིག་བྱུང་ཡོད་པ་སྟེ། རྒྱལ་ནང་ནས་འདོན་སྤེལ་བྱས་པ་ལ་དོན་ཡོད་བོད་ཡིག་མཉེན་ཆས། པཎྚིཏ་བོད་ཡིག་མཉེན་ཆས། གཡུ་མཚོ་བོད་ཡིག་མཉེན་ཆས། གངས་སྤྱན་བོད་ཡིག་མཉེན་ཆས། ཨ་མདོའི་བོད་ཡིག་མཉེན་ཆས། ཙོང་ཁའི་བོད་ཡིག་མཉེན་ཆས། ཧྥང་ཀྲིན། ཧྭ་ཀོང་རྟགས་ཅན་སོགས་བོད་ཡིག་གི་མཉེན་ཆས་མང་པོ་ཞིག་གསར་བཟོ་བྱས་ཡོད། ཕྱི་རྒྱལ་དུའང་སཾབྷོ་ཊ་བོད་ཡིག་མཉེན་ཆས་དང་། སྨོན་ལམ་བོད་ཡིག་མཉེན་ཆས། TCCབོད་ཡིག་མཉེན་ཆས་སོགས་ཡོད་པ་དེ་དག་ལ་རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་མེད་པས། རྒྱ་མི་ཞིག་གིས་བོད་ལྭ་གྱོན་པ་དང་འདྲ་བས། གོང་གསལ་གྱི་མཉེན་ཆས་འདི་དག་བཀོལ་ན་ཐོན་ཁུངས་མཉམ་སྤྱོད་བྱེད་མི་ཐུབ་པ་དང་། ཕན་ཚུན་བར་ཆ་འཕྲིན་བརྗེ་རེས་བྱེད་པར་སྟབས་བདེ་མིན་པ། ཆ་འཕྲིན་སྒྱུར་ལས་བྱེད་ཚུལ་ཇེ་དམའ་རུ་སོང་ཡོད་པ་མ་ཟད། བོད་ཡིག་ཆ་འཕྲིན་གྱི་ཡི་གེ་སྒྲིག་གཅོད་མཉེན་ཆས་ལ་རྙོག་འཛིང་བཟོས་ཡོད་པས། དུས་ད་ལྟ་ནས་བཟུང་ཧི་མ་ལ་ཡ་བོད་ཡིག་མཉེན་ཆས་དེ་སྤྱད་ན། ཕྱོགས་སོ་སོ་ནས་སྟབས་བདེ་ཡོང་བ་དང་། བོད་ཡིག་གི་བྱ་བ་གཉེར་མཁན་ཞིག་ཡིན་ན་ཧི་མ་ལ་ཡ་བོད་ཡིག་མཉེན་ཆས་བཀོལ་སྤྱོད་བྱེད་རྒྱུ་དང་།  དེ་མིན་བོད་ཡིག་མཉེན་ཆས་འཕེལ་རིམ་གྱི་ལོ་རྒྱུས་ལ་ཕྱིར་ལྟ་ཞིག་བྱས་ན་ཆེས་མངོན་གསལ་གྱི་ཁ་ཕྱོགས་ནི་རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་ཡོད་པའི་ཁ་ཕྱོགས་སུ་སྙེག་བཞིན་ཡོད་པས་ང་ཚོས་དེའི་ཕྱོགས་སུ་འབད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའོ། །
          གོང་གསལ་གྱི་བོད་ཡིག་མཉེན་ཆས་འདི་དག་ནི་མིག་སྔར་བཀོལ་སྤྱོད་ཆེས་མང་བའི་མཉེན་ཆས་དག་ཡིན་ལ། རྩིས་འཁོར་གྱི་བཀོལ་སྤྱོད་མ་ལགWINDOSབཅས་ཀྱི་ཁོར་ཡུག་ནང་བཀོལ་སྤྱོད་བྱེད་ཐུབ་པའི་མཉེན་ཆས་ནི་དོན་ཡོད། ཙོང་ཁ། སཾབྷོ་ཊ། པཎྚིཏ། ཨ་མདོ། TIBKEYདངTCC TibetanMachi-neUnitསོགས་མང་ཙམ་ཡོད། དྲ་ཚིགས་ཇུས་འགོད་བྱེད་པ། གློག་ཡིག་བསྐུར་བ་སོགས་ལ་བཀོལ་སྤྱོད་བྱེད་ཐུབ་པའི་བོད་ཡིག་མཉེན་ཆས་ཅུང་ལེགས་པ་ནི་དོན་ཡོད། ཙོང་ཁ། སཾབྷོ་ཊ། པཎྚིཏ། ཨ་མདོ་བོད་ཡིག་མཉེན་ཆས་ལྟ་བུ་སོགས་ཉུང་ཤས་མ་གཏོགས་ད་སྔ་མཐོང་གིན་མི་འདུག  དེ་དག་ལས་དྲ་ངོས་བཟོ་བར་ཅུང་རྒྱུགས་ཆེ་ཤོས་ནི་དོན་ཡོད་བོད་ཡིག་མཉེན་ཆས་དང་། ཙོང་ཁ་བོད་ཡིག་མཉེན་ཆས། པཎྚིཏ་བོད་ཡིག་མཉེན་ཆས་བཅས་རེད། ཡིན་ཡང་གོང་གསལ་གྱི་མཉེན་ཆས་འདི་དག་ལ་རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་ཅིག་བྱུང་མེད་པས་བོད་ཡིག་ཆ་འཕྲིན་གྱི་འཕེལ་རྒྱས་ཁྲོད་ནས་རིམ་གྱིས་མཉེན་ཆས་འདི་དག་འདོར་དགོས་པ་ཞིག་ཡིན་ཏེ། དུས་ད་ལྟ་ཧི་མ་ལ་ཡ་ཡིག་གཟུགས་བཀོལ་སྤྱོད་བྱས་ཏེ་ཡིག་ཆ་འཚོལ་བཤེར་སྔོག་འདྲེན(搜索引擎)བྱས་ན་སྟབས་བདེ་བས་ཧི་མ་ལ་ཡ་བོད་ཡིག་མཉེན་ཆས་ནས་འཚོལ་བཤེར་སྔོག་འདྲེན་བྱེད་པར་ཡང་ནུས་པ་མི་དམན་པ་བླངས་ཡོད་དོ། །
          རང་རེའི་སྐད་ཡིག་འདི་ཉིད་མི་རིགས་གཞན་གྱི་ཡི་གེ་དང་འདྲ་བར་རྩིས་འཁོར་ནང་བེད་སྤྱོད་བྱེད་ཐུབ་པ་ནི་བོད་ཀྱི་སྐད་ཡིག་འདི་ཉིད་མི་རིགས་རང་ས་ཅན་གྱི་སྐད་ཡིག་ཏུ་འགྱུར་བ་དང་།  བོད་ཀྱི་རིག་གནས་འདི་ཉིད་དྲིལ་སྒྲོག་དང་ཁྱབ་སྤེལ་བྱེད་པ་བཅས་ཀྱི་རྟགས་མཚན་ཞིག་ཡིན་པས་དགའ་འོས་པ་ཞིག་རེད།   
དཔྱད་གཞིའི་ཡིག་ཆ།
①. 陈明远,语言文字的信息处理 [M] 北京:知识出版社  1982. 6 p5
②<<བོད་རྒྱ་དབྱིན་སྐད་ཀྱི་རྩིས་འཁོར་ཚིག་མཛོད>>ཟླ་བ་བློ་གྲོས་ཀྱིས་རྩོམ་སྒྲིག་བྱས། [M] ལན་གྲུ། ཀན་སུའུ་མི་རིགས་མཛེས་རིས་དཔེ་སྐྲུན་ཁང་། 2000.12  p11
③④<<དག་ཡིག་གསར་བསྒྲིགས>> བསམ་གཏན་གྱིས་རྩོམ་སྒྲིག་བྱས། [Z] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994. 8 p421  p512
⑤<<རྒྱ་བོད་ཤན་སྦྱར་ཚིག་མཛོད>> མི་རིགས་དཔེ་སྐྲུན་ཁང་སོགས་ཀྱིས་བསྒྲིགས། [Z] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།  2002.7  p1359
⑥<<བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད>> བཀྲ་ཤིས་ཚེ་རིང་དང་བཅས་ཀྱིས་རྩོམ་སྒྲིག་བྱས། [Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007.7   p352
⑦陈玉忠(又名德盖才郎) 愈士汶:<<藏文信息处理技术的研究现状与展望>> [J]  <<中国藏学>> 2003年第4期    p98


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1