ཏུའུ་ཝུན་མྱུར་བགྲོད་གཞུང་ལམ་ལུང་ཆི་ལམ་རྒྱུད་ཤར་གཏོང་ཐུབ་པ་བྱུང་།

མགོནཔོ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-27


        འབྲེལ་ཡོད་དྲ་བ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་6་ཚེས་26ཉིན། དྲག་ཆར་ཆེན་པོ་བབས་པའི་རྐྱེན་གྱིས་ཏུའུ་ཝུན་མྱུར་བགྲོད་གཞུང་ལམ་གྱི་ལུང་ཆིའི་ཕུག་ལམ་དང་ཟམ་པའི་མཚམས་སུ་ཆུ་འཁྱིལ་བ་ཚབས་ཆེ་བས། ཏུའུ་ཝུན་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་ཡིང་ཞིའུ་ཡི་ལྷོ་ཕྱོགས་དང་ཡིང་ཞིའུ་ཡི་བྱང་ཕྱོགས་གླ་ལེན་ས་ཚིགས་ནས་གནས་སྐབས་ཀྱི་འགྲིམ་འགྲུལ་བཀག་སྡོམ་བྱེད་ཀྱིན་ཡོད་ལ། ཕྱི་དྲོའི་དུས་ཚོད་14:00ཐོག་གཞུང་ལམ་ཕྱོགས་གཅིག་ནས་དངོས་སུ་རླངས་འཁོར་བཏང་བྱུང་།
        སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་མྱུར་བགྲོད་གཞུང་ལམ་རུ་ཁག་དྲུག་པའི་མཛུབ་སྟོན་པ་ཀྲོའུ་ཞིང་དབྱི་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཉིན་མང་པོར་བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས་ད་ནངས་ཞོགས་པའི་དུས་ཚོད་3དང་སྐར་མ་15སྟེང་ཏུའུ་ཝུན་མྱུར་བགྲོད་གཞུང་ལམ་གྱི་ལུང་ཆིའི་ཕུག་ལམ་དུ་ཉེན་ཁའི་གནས་ཚུལ་བྱུང་ན་ཡང་། མྱུར་བགྲོད་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་རུ་ཆེན་དྲུག་པས་ཡུལ་དངོས་ནས་རྟོག་ཞིབ་དང་དཀའ་ངལ་ལ་འཕྲད་པའི་མི་སྣ་ཁ་འགྲེམ་པ་སོགས་ཀྱི་ལས་ཀ་བསྒྲུབ་པས་རྒྱུ་ནོར་གྱི་གྱོང་གུད་ཅི་ཡང་བཟོས་མེད་ཟེར།
        མིག་སྔར། དུས་ཚོད་དྲུག་རིང་འབད་བརྩོན་བྱས་པ་བརྒྱུད། གཞུང་ལམ་གྱི་ཕྱོགས་གཅིག་ནས་རླངས་འཁོར་བགྲོད་ཐུབ།
        དུས་ཚོད་བདུན་དང་སྐར་མ་སུམ་ཅུ་ཙམ་གྱི་སྟེང་། ཝུན་ཁྲོན་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཝུན་ཁྲོན་ལྷོ་ཕྱོགས་ཀྱི་གླ་ལེན་ས་ཚིགས་ནས་རླངས་འཁོར་ཡོད་ཚད་ཁག་བགོས་ནས་མེན་ཁྲིའི་གླ་ལེན་ས་ཚིགས་སུ་མངགས་ཏེ་གནས་སྐབས་ཀྱི་འགྲིམ་འགྲུལ་བཀག་སྡོམ་བྱས་ཤིང་། འགྲིམ་འགྲུལ་ཉེན་རྟོག་པས་མེན་ཁྲི་ནས་དངོས་སྐྱེལ་རླངས་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་སོགས་སོ་སོར་དབྱེ་ནས། རྒྱལ་ལམ213གྱི་ལམ་རྙིང་པ་ནས་ཤར་གཏོང་བྱེད་ཀྱིན་ཡོད་མོད། ཡིན་ནའང་ཤར་གཏོང་བྱེད་ཚད་དལ་མོ་ཡིན་པ་རེད། 
བརྙན་ཐུང་།
        འགྲིམ་འགྲུལ་ཉེན་རྟོག་པས་མྱུར་བགྲོད་གཞུང་ལམ་དུ་གནས་སྐབས་སུ་འགྲིམ་འགྲུལ་དོ་དམ་བྱེད་ཀྱིན་ཡོད་པ་དང་། རླངས་འཁོར་མང་ལ་གཏོང་ཚད་དལ་མོ་ཡིན་པས། ཝུན་ཁྲོན་ནས་ཁྲེང་ཏུའུ་བར་དང་ཁྲེང་ཏུའུ་ནས་ཝུན་ཁྲོན་བར་གྱི་ཕར་འགྲོ་ཚུར་འོང་ལ་དོ་སྣང་བྱེད་དགོས་པ་མ་ཟད། འགྲིམ་འགྲུལ་བཀག་སྡོམ་བྱེད་ཕྱོགས་ནི་ཝུན་ཁྲོན་ནས་ཏུའུ་ཅང་ཡན་གྱི་ཕྱོགས་ཡིན་པ་ལས། ཏུའུ་ཅང་ཡན་ནས་ཝུན་ཁྲོན་ཕྱོགས་སུ་རླངས་འཁོར་གཏོང་བཞིན་ཡོད་པ་ཤེས་དགོས་པའི་གསལ་བརྡ་བཏང་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1