༄༅།། འདོད་ཡོན་ལྔའི་ངོ་སྤྲོད་རགས་བསྡུས།

དབང་ཆེན་གྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས།དབང་ཆེན་གྱིས་བྲིས། སྤེལ་དུས། 06-27


དབང་ཆེན་གྱིས་བྲིས། ཚུལ་ཁྲིམས་བཟང་པོས་པར་བླངས།

དང་པོ། འདོད་ཡོན་ལྔའི་ངོ་བོ་སྤྱིར་བསྟན་པ།
        རང་རེ་འགྲོ་བའི་རིས་ཀྱི་སེམས་ཅན་སྤྱི་མཐུན་གྱི་དབང་པོ་ལྔའི་ཉེ་བར་ལོངས་སུ་སྤྱོད་པའི་འདོད་པའི་ཡོན་ཏན་ལྔའམ་དྲུག་ཏུ་འདོད་པ་ལྟར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ལ་ཇི་ལྟར་བློའི་འཇུག་ལྡོག་བྱེད་པའི་ཚུལ་བཤད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱིར་ཆེད་དུ་བརྗོད་པའི་འདོད་པའི་ཡོན་ཏན་ཞེས་པའི་ངེས་ཚིག་འདི་གསལ་པོར་ཤེས་དགོས་པ་ཡིན་ལ། འདོད་པ་ཞེས་པ་ནི་ཡུལ་ཡིད་དུ་འོང་བ་ལ་སེམས་མངོན་པར་ཞེན་པའི་ཆ་དེ་ཡིན་ཞིང་དེ་ལ་ཁྱད་གཞི་དང་ཁྱད་ཆོས་འབྲེལ་བའི་འདོད་པའི་ཞེས་དྲུག་སྒྲ་སྦྱར་བར་བྱས་ཏེ། ཡུལ་གྱི་དངོས་པོ་དེའི་ཕན་ཡོན་ནམ་འབྲས་བུའི་ཆོས་ཁྱད་པར་དང་ལྡན་པ་ནི་ཡོན་ཏན་ཡིན་ཕྱིར་དེ་བས་འདོད་པའི་ཡོན་ཏན་ཞེས་བརྗོད་པར་བྱེད་དོ། དེ་ལ་རྣམ་པའི་སྒོ་ནས་དབྱེ་ན་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་བཅས་ལྔ་གྲངས་སུ་བགྲང་བར་བཞེད་ལ། དང་པོ་གཟུགས་ནི་མིག་ཤེས་ཀྱི་བཟུང་ཡུལ་ཏེ་གཟུགས་སུ་རུང་བར་གཟུགས་ཀྱི་མཚན་ཉིད་འཇོག་པ་ལྟར་དཔེར་ན་ཤ་ལ་གྲི་གཟུགས་ལྟ་བུར་གནོད་པ་བྱ་རུང་བའི་ཡུལ་གྱི་དངོས་པོ་གྲུབ་པའི་གཟུགས་གང་ཞིག་ཆེ་བར་རི་ར་བ་བྲག་ཁང་ཁྱིམ་ལྟ་བུའི་གཟུགས་དང་། ཆུང་བ་ཤིག་དང་སྲོ་མ་ཉི་ཟེར་གྱི་རྡུལ་ལྟ་བུའི་གཟུགས་ཀྱི་ཆ་ཤས་སུ་སྣང་བའི་ཆོས་ལ་འཇུག་ཅིང་། དེ་བཞིན་དུ་སྒྲ་ནི་རྣ་བའི་ཡུལ་ཏེ། མཛོད་ལས་ཟིན་པའི་འབྱུང་བའི་རྒྱུ་གྱུར་པའི་སྒྲ་དང་མ་ཟིན་པའི་འབྱུང་བའི་རྒྱུ་གྱུར་པའི་སྒྲ། སེམས་ཅན་ལ་ལུང་དུ་སྟོན་པའི་སྒྲ་དང་ལུང་དུ་མ་བསྟན་པའི་སྒྲ་སོགས་གསུངས་མོད་མདོར་ན་ཆེ་བ་ས་ཆུ་མེ་རླུང་སོགས་འབྱུང་བ་བཞིའི་སྒྲ་ལྟ་བུ་དང་ཆུང་བར་དབུགས་འབྱིན་རྔུབ་དང་སེལ་གོ་གཏོག་པའི་སྒྲ་ལྟ་བུ་ནང་གསེས་སུ་དེ་དག་ལ་སྙན་མི་སྙན་བར་མའི་དབྱེ་བ་སོགས་ཅི་རིགས་འབྱུང་ངོ་། དྲི་ནི་སྣའི་ཡུལ་ཏེ། དེ་ལ་ཞིམ་མི་ཞིམ་གཉིས་ཏེ། ལྷན་སྐྱེས་ཀྱི་དྲི་དང་། སྦྱར་བྱུང་གི་དྲི་སོགས་ནང་གསེས་སུ་དབྱེ་བ་མང་ཙམ་ཡོད་དོ། །རོ་ནི་ལྕེའི་ཡུལ་ཏེ། ཡིད་དུ་འོང་བའི་རོ་མངར་བ་བུ་རམ་དང་། ཡིད་དུ་མི་འོང་བའི་རོ་ཁ་བ་ཏིག་ཏ་ལྟ་བུའོ། རེག་བྱ་ནི་ལུས་ཀྱི་ཡུལ་ཏེ། རྒྱུ་འབྱུང་བ་བཞིའི་རེག་བྱ་དང༌། འཇམ་རྩུབ་ལྕི་ཡང་བཀྲེས་སྐོམ་གྲང་བ་སོགས་འདི་དག་གིས་མཚོན་ནས་ལུས་ཀྱི་ཕྱི་དང་ནང་གི་རེག་བྱ་མྱོང་ཚུལ་དུ་མ་ཡོད་པ་ཤེས་པར་བྱའོ། །

འདོད་ཡོན་སྤུངས་པའི་མཆོད་པ། 

མ་འགག་རྣམ་རིག་སེམས་ཀྱི་བུ་ཆུང་དེ། །
རྟོག་བཅས་རླུང་གི་རྟ་ཕོར་ཆིབས་བསྒྱུར་ནས། །
གཉིས་འཛིན་སྲིད་པར་རྒྱུ་བའི་ལམ་ཞུགས་ཏེ། །
འདོད་ཡོན་ཡུལ་གྱི་རྒྱལ་ཁམས་ཕྱོགས་མེད་འགྲིམ། །
ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
གཉིས་པ། འདོད་ཡོན་ལྔའི་ནང་གསེས་བྱེ་བྲག་ཏུ་བསྟན་པ།


འདོད་ཡོགཟུགས་དང་རེག་བྱའི་མཆོད་པ་མེ་ལོང་དང་དར་དཔྱང་།

        གོང་དུ་ཞུས་པའི་མཚན་ཉིད་དེ་ལྡན་གྱི་གཟུགས་དེ་ལ་དབྱེ་ན་རྒྱུ་གཟུགས་བཞི་དང་། འབྲས་གཟུགས་བཅུའི་ཐོག་མཛོད་ལྟར་ན་རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་དང་། ཀུན་བཏུས་ལྟར་ན་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་བསྣན་པས་གྲངས་བཅུ་གཅིག་ཏུ་བགྲང་བར་བཞེད་དོ། །དེ་ཡང་རྒྱུ་གཟུགས་ནི་ས་ཆུ་མེ་རླུང་སྟེ་འབྱུང་བ་ཆེན་པོ་བཞི་དང་། འབྲས་གཟུགས་མིག་དང་རྣ་བ་སྣ་ལྕེ་ལུས་ཏེ་དབང་པོ་ལྔ་དང་། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དོན་ལྔའོ། ། གཟུགས་ནི་མིག་གི་ཡུལ་ཏེ། དེ་ལ་དབྱེ་ན་ཁ་དོག་དང༌། དབྱིབས་ཀྱི་གཟུགས་གཉིས། དང་པོ་ལ་སྔོ་སེར་དཀར་དམར་རྩ་བའི་ཁ་དོག་བཞི། དེའི་ཡན་ལག་ཏུ། སྤྲིན་དང་དུ་བ། རྡུལ་དང་ཁུག་སྣ། ཉི་འོད་གྲིབ་མ། སྣང་བ་མུན་པ་རྣམས་དང༌། ཡང་མངོན་པར་སྐབས་ཡོད་པ་ཞེས་པས་གཟུགས་དེ་གཞན་ལ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བ་བར་སྣང་སྐྱ་སིང་པོ་ལྟ་བུ་གཟུགས་བརྙན་སོགས་ཀྱང་དེ་དང་ཆ་འདྲའོ། །ཕྱག་འཚལ་བ་ལྟ་བུ་སོགས་རྣམ་པར་རིག་བྱེད། སྟེང་གི་ནམ་མཁའ་སྔོན་པོ་ཁ་དོག་གཅིག་པ་རྣམས་ཏེ་འདི་རྣམས་ཀྱང་གཟུགས་སུ་བསྡུ་བའི་ཆེད་དུ་བཤད་དོ། །རྩ་བའི་ཁ་དོག་གི་ཆ་ཤས་འདྲེས་པ་ལས་བྱེ་བྲག་གི་ཡན་ལག་མང་དུ་འགྱུར་རོ། །དབྱིབས་གཟུགས་ལ། རིང་པོ། ཐུང་ངུ༌། ལྷམ་པ། ཟླུམ་པོ། མཐོ་བ། དམའ་བ། ཕྲ་བ། རགས་པ། ཕྱ་ལེ་བ། ཕྱ་ལེ་བ་མ་ཡིན་པ་རྣམས་ཀྱིས་སྤྱིར་བསྟན་ཏེ། ནང་གི་དབྱེ་བ་ལ། གྲུ་གསུམ། ཟླ་གམ། འཇོང་མོ་སོགས་མང་པོར་འགྱུར་རོ། །དབྱིབས་དང་ཁ་དོག་དེ་དག་བཟང་ངན་བར་མ་གསུམ་དུ་འདུའོ། དེ་བཞིན་དུ་སྒྲ་ལའང་ཟིན་པའི་འབྱུང་བའི་རྒྱུ་ལས་བྱུང་བ་སེམས་ཅན་གྱི་ངག་གི་བརྗོད་པ་དང་སེ་གོལ་གྱི་སྒྲ་ལྟ་བུ། མ་ཟིན་པའི་འབྱུང་བའི་རྒྱུ་ལས་བྱུང་བ། ཆུ་ཀླུང་དང་རླུང་སོགས་ཀྱི་སྒྲ་ལྟ་བུ། གཉིས་ཀ་ལས་བྱུང་བ་རྔ་རྡུང་བའི་སྒྲ་ལྟ་བུ། སེམས་ཅན་དུ་སྟོན་པ་དོན་རྗོད་པར་བྱེད་པ། སེམས་ཅན་དུ་མི་སྟོན་པ་དོན་རྗོད་པར་མི་བྱེད་པ། དོན་རྗོད་བྱེད་ལ་འཇིག་རྟེན་པས་ཐ་སྙད་བཏགས་པ། འཕགས་པས་ཐ་སྙད་བཏགས་པ་སོགས་ཀྱི་ཁྱད་པར་ཡོད་ཅིང༌། དེ་དག་ལ་སྙན་མི་སྙན་བར་མའི་དབྱེ་བ་རྣམས་སོ། །དྲི་ནི་སྣའི་ཡུལ་ཏེ། དེ་ལ་ཞིམ་མི་ཞིམ་གཉིས། ལྷན་སྐྱེསཙནྡན་དང་ཤུགས་པའི་དྲི་ལྟ་བུ་དང་། སྦྱར་བྱུང་སྤོས་ཀྱི་དྲི་ལྟ་བུ། །རོ་ནི་ལྕེའི་ཡུལ་ཏེ། མངར་བ། སྐྱུར་བ། ལན་ཚྭ་བ། ཁ་བ། ཚ་བ། བསྐ་བ་དྲུག་དང༌། དེ་དག་འདྲེས་པ་ལས་ནང་གི་དབྱེ་བ་དུ་མར་འགྱུར་རོ། །ཡང་ཡིད་དུ་འོང་མི་འོང་བར་མ་གསུམ་དང༌། ལྷན་སྐྱེས་དང༌། སྦྱར་བྱུང་གི་དབྱེ་བ་ཡང་ཡོད་དོ། །རེག་བྱ་ནི་ལུས་ཀྱི་ཡུལ་ཏེ། རྒྱུ་འབྱུང་བ་བཞིའི་རེག་བྱ་དང༌། འབྲས་བུ་ལ། འཇམ་རྩུབ་ལྕི་ཡང་བཀྲེས་སྐོམ་གྲང་བ་བདུན་དང༌། མཉེན་པ། ལྷོད་པ། དམ་པ། ཚིམ་པ། ན་བ། རྒ་བ། འཆི་བ། ངལ་སོས་པ། སྤུངས་ཆེ་བ་ཞེས་མི་འཇིགས་པ་སྟེ་ལུས་སྟོབས་དང་ལྡན་ནས་མ་ཞུམ་པའོ། །འདི་དག་གིས་མཚོན་ནས་ལུས་ཀྱི་ཕྱི་དང་ནང་གི་རེག་བྱ་མྱོང་ཚུལ་དུ་མ་ཡོད་པ་ཤེས་པར་བྱའོ། །
        རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་དེ་ནི་སྡོམ་དང་སྡོམ་མིན་བར་སྡོམ་ཐོབ་པའི་ལུས་ངག་གི་ལས་ཤིག་ཡིན་ལ། དེ་ནི་གཡེང་བ་དང་སེམས་མེད་པའི་སྐབས་སུའང་རྒྱུན་མ་ཆད་པར་ཡོད་པས་སེམས་ཀྱིས་བསྡུས་པ་མིན་པ་དང༌གཅིག དང་པོར་རང་རྒྱུད་ཀྱིས་ཟིན་པའི་འབྱུང་བ་རྣམས་རྒྱུར་བྱས་ནས་སྐྱེ་ཞིང༌། ཟིན་པའི་འབྱུང་བ་དེ་ལ་བརྟེན་ཏེ་ཇི་སྲིད་རྟེན་ཉམས་པའམ་གཏོང་རྒྱུ་མ་བྱུང་གི་བར་དུ་རྒྱུན་ཆགས་པར་འབྱུང་བ་ཡིན་པ་དང༌གཉིས། ངོ་བོ་དགེ་མི་དགེ་གང་རུང་དུ་ངེས་པ་ལུས་ངག་གི་ལས་ཀྱི་བྱེ་བྲག་ཅིག་ཡིན་པའི་རྒྱུ་མཚན་གསུམ་པོ་དེས་གཟུགས་སུ་འཇོག་པ་ཡིན་ནོ། །
མངལ་སྒོའི་འཕྲང་རིང་སྲིད་པར་རྒྱུ་བའི་ལམ། །
མི་བདེན་སྒྱུ་འདྲའི་རང་སེམས་སྟོང་པ་འདི། །
གཅིག་པུའི་སྣང་བ་དྲུག་ལ་དབང་བསྒྱུར་ཏེ། །
བདེ་སྡུག་འཁོར་བའི་གནས་འདིར་རེས་ཀྱིས་འཁོར། །
ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
གསུམ་པ། འདོད་ཡོན་ལ་བློའི་འཇུག་ལྡོག་ཇི་ལྟར་བྱེད་པ།



སྒྲ་ཡི་མཆོད་པ་ཆོས་དུང་།

        བྱེ་བྲག་ཏུ་འདོད་ཡོན་ལ་བློའི་འཇུག་ལྡོག་ཇི་ལྟར་བྱ་བ་ནི་སྤྱིར་ཁམས་གསུམ་འཁོར་བའི་གནས་དང་རིས་སུ་གཏོགས་པའི་སེམས་ཅན་འདི་དག་ཐམས་ཅད་ཀྱི་བདེ་བར་འདོད་པ་དང་བདེ་བའི་ཁ་ཕྱོགས་ཀྱི་ལམ་དུ་རྒྱུ་བར་གཅིག་མཐུན་ཡིན་ལ། ཁྱད་པར་དུ་ཕན་གནོད་ཀྱི་བསམ་པ་ངོ་ཤེས་པའི་རང་རེ་འགྲོ་བ་མིའི་རིགས་འདི་དག་གིས་ཉིན་མི་དལ་མཚན་མི་གཉིད་པར་འཆི་མཐར་ཐུག་གི་བར་དུ་བདེ་བའི་རྒྱུ་འཚོལ་བ་བྱེད་བཞིན་ཡོད་པ་ནི་སྨོས་མ་དགོས་པར་ཤེས་གསལ་ལྟར་ལགས་པས། སོ་སོའི་སྐྱེ་བོ་རྣམས་ཀྱིས་འདོད་ཡོན་ལ་བློའི་འཇུག་ལྡོག་ཇི་ལྟར་བྱེད་པར་བྱ་ཞེ་ན་དཔེར་ན་འདོད་ཡོན་ལྔའི་ནང་གསེས་དང་པོ་གཟུགས་ལྟ་བུ་གཅིག་ལ་མཚོན་ན་ཕྱི་ཡུལ་གྱི་གཟུགས་དེ་དང་ནང་མིག་གི་དབང་པོ་གསང་བ་ཡུལ་ཅན་སེམས་ཀྱི་རྣམ་རྟོག་གསུམ་པོ་དུས་གཅིག་ཏུ་ཚོགས་ཏེ་སྐད་ཅིག་དང་པོ་ཡིད་ལ་བྱེད་པ་དང་། སྐད་ཅིག་གཉིས་པ་ཤེས་པ་ཡུལ་དང་འདྲ་བའི་བློ་སྐྱེས་ནས་སྐད་ཅིག་གསུམ་པ་གཟུགས་ཀྱི་སྣང་བར་ཡུལ་དུ་རློམ་སྟེ་གཟུགས་རིང་ཐུང་དང་ཆེ་ཆུང་། ཁ་དོག་དཀར་དམར་སོགས་མཛེས་པའི་སྣང་བ་ལ་ཡིད་འཐད་པའི་མངོན་ཞེན་མ་ལྡོག་པར་དེ་ལ་ཤེས་པ་ཡུལ་ལ་འཇུག་པ་བྱེད་པ་དང་། གཟུགས་མི་མཛེས་པ་ལ་དེ་ལས་ལྡོག་སྟེ་མི་འཐད་པའི་སྣང་བས་ཡིད་ཕྱིར་ཕྱོགས་ནས་སྡང་བ་བྱེད་པ། གཟུགས་མཛེས་མི་མཛེས་གཉིས་ཀ་མ་ཡིན་པའི་བར་པ་ལ་བློ་ཡི་འཇུག་ལྡོག་མེད་པར་བཏང་སྙོམས་སུ་འཇོག་སྟེ་རྨོངས་པས་གཏི་མུག་གི་ལམ་དུ་འཕྱན་པ་དང་། དེ་བཞིན་དུ་སྒྲ་དང་དྲི་རོ་རེག་བྱ་སོགས་འདོད་ཡོན་གཞན་རྣམས་ལའང་རིགས་འབྲེལ་ནས་འདི་ལྟར་ཤེས་པར་བྱ་དགོས་ཏེ། མིག་གཟུགས་ལ་ཆགས་པས་བྱེ་མ་ལེབ་མར་མེར་ལྕེབས་པ་དང་། རྣ་བ་སྒྲ་ལ་ཆགས་ནས་རི་དྭགས་རྔོན་པས་བཤོར་བ། སྣ་དྲི་ལ་ཆགས་པས་བུང་བ་མེ་ཏོག་གི་སྦུབས་སུ་འཐུམ་པ། ལྕེ་རོ་ལ་ཆགས་པས་ཉ་མོ་ལྕགས་ཀྱུས་འཛིན་པ་དང་། ལུས་རེག་བྱ་ལ་ཆགས་པས་གླང་པོ་ཆེ་འདམ་དུ་བྱིང་བ་སོགས་ཀྱི་དཔེ་ལ་བསམ་སྟེ་འདོད་ཡོན་ལ་མངོན་ཞེན་ལྡོག་པའི་ཐབས་ལ་འབད་པར་བྱའོ། །
ཡུལ་མེད་ཤེས་པ་གསལ་བའི་རིག་པ་ཉིད། །
དྲན་པའི་འཕྲུལ་གྱིས་དབང་པོའི་སྒོར་གཞུག་ནས། །
རྣམ་རྟོག་རླབས་ཀྱིས་རང་བློ་ལྐོག་འགྱུར་ཏེ། །
བཟུང་འཛིན་རྒྱང་ཆད་གཉིས་འཛིན་སྲིད་འདིར་འཁྱམས། །
ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
བཞི་པ། འདོད་ཡོན་མཆོད་པའི་རྫས་སུ་འབུལ་བ།


དྲི་ཡི་མཆོད་པ་བདུག་སྤོས།

        འདོད་ཡོན་མཆོད་པའི་རྫས་སུ་འབུལ་བ་ཇི་ལྟར་འགྱུར་ཞེ་ན་རང་རེ་འདོད་ཁམས་སུ་སྐྱེས་པའི་འགྲོ་བ་མིའི་རིགས་འདིས་སེམས་ཀྱི་རྒྱུད་དག་པར་སྦྱངས་བ་བྱ་ཕྱིར་འདོད་ཡོན་མཆོད་པའི་རྫས་སུ་འབུལ་རུང་བ་མདོ་རྒྱུད་བསྟན་བཅོས་རྣམས་ལས་གསུང་སྟེ། དེ་ཡང་ཐོག་མར་རྟེན་ཁྱད་པར་ཅན་གང་ཡང་རུང་བའི་མདུན་དུ། དོན་དམ་པར་ཆོས་སྐུ་གདོད་ནས་སྐྱེ་བ་མེད་པའི་ཀློང་དུ། ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་གཟུགས་སྐུའི་བཀོད་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་གདུལ་བྱའི་སྣང་ངོར་ཆུ་ཟླ་ལྟར་འགག་མེད་དུ་འཆར་བ་མཚོན་བྱེད་དུ་མེ་ལོང་གཟུགས་ཀྱི་མཆོད་པའི་རྗས་སུ་རྒྱལ་བའི་སྐུ་ལ་འབུལ་བ། རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐོག་མཐའ་བར་གསུམ་དུ་འགག་པ་མེད་པའི་གསུངས་དབྱངས་ཡན་ལག་དྲུག་ཅུའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པར་བསྐོར་ནས་གདུལ་བྱའི་རྒྱུད་སྨིན་ཅིང་གྲོལ་བར་མཛད་པར་མཚོན་བྱེད་དུ་དུང་དཀར་པོ་གཡས་སུ་འཁྱིལ་བ་སྒྲ་ཡི་མཆོད་རྫས་སུ་རྒྱལ་བའི་གསུང་ལ་འབུལ་བ། རྒྱལ་བའི་ཐུགས་ལ་གཟུང་འཛིན་དང་རྣམ་རྟོག་རང་མཚན་གྱི་དྲི་མ་ཡོངས་སུ་དག་ཅིང་དུས་གསུམ་དང་སྔོན་དང་ཕྱི་མའི་མཐའ་སོགས་ཇི་ལྟར་བ་དང་ཇི་སྙེད་ཀྱི་ཤེས་བྱའི་ཆོས་ཐམས་ཅད་ཐོགས་པ་མེད་པར་མཁྱེན་པའི་ཐུགས་མཚོན་བྱེད་དུ་མཆོད་རྫས་སུ་དྲི་བཟང་གིས་སྦྱངས་བའི་ཆུ་རྣམ་དག་རྒྱལ་བའི་ཐུགས་ལ་འབུལ་བ། ཐབས་བསོད་ནམས་ཀྱི་ཚོགས་དང་ཤེས་རབ་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པའི་ཕྱོགས་བཅུའི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་དཔེའི་ཆ་ཤས་ལྗགས་སྲབ་པ་དང་གཉེན་པ་དམར་བའི་ཁྱད་པར་གསུམ་དང་ལྡན་པར་ཡིད་དུ་འོང་བའི་ཞལ་ཟས་རོ་ཡི་མཆོད་པའི་རྫས་སུ་ལྗགས་ལ་འབུལ་བ། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་པ་རྣམས་ལ་ཤིན་ཏུ་འཇམ་ཞིང་གཉེན་ལ་འཁྲིལ་བའི་རེག་བྱའི་ཁྱད་པར་དང་ལྡན་པར་དར་ཟབ་ལྷ་ཡི་ན་བཟའ་སྐུ་ལ་རེག་བྱའི་མཆོད་པའི་རྫས་སུ་འབུལ་བའོ། །
ཚོགས་གཉིས་རྫོགས་མཛད་བསོད་ནམས་དམ་པའི་ཞིང་། །
ཕྱི་ནང་གསང་བའི་འདོད་ཡོན་མཆོད་པའི་སྤྲིན། །
དངོས་སུ་གཤམ་དང་ཡིད་ཀྱི་སྤྲུལ་པ་ཡིས། །
རྒྱལ་བ་སྲས་བཅས་མཆོད་ཅིང་བསྟོད་པར་བགྱི། །
ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

རོ་ཡི་མཆོད་པ་ཞལ་ཟས། 

མཇུག་བསྡུ་བ།

        གོང་དུ་ཞུས་པའི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་འདོད་པའི་ཡོན་ཏན་ལྔའི་མཆོད་པ་འདི་དག་མཚོན་དོན་ཙམ་དུ་བྲིས་པ་ལགས་པས་ནང་གསེས་སུ་གཟུགས་ལྟ་བུ་གཅིག་གི་མཆོད་པ་ལ་བསམ་ན་ཡང་བརྗོད་ཀྱི་མི་ལང་བ་ཞིག་ཡིན་ལ། གཞན་ཡང་དངོས་སུ་གཤམ་པའི་མཆོད་པ་དང་ཡིད་ཀྱི་སྤྲུལ་པའི་མཆོད་པ། བླ་ན་ཡོད་པའི་མཆོད་པ་དང་བླ་ན་མེད་པའི་མཆོད་པ། ཕྱི་ཡི་མཆོད་པ་དང་ནང་གི་མཆོད་གསང་བའི་མཆོད་པ་དེ་ཁོ་ཉིད་ཀྱི་མཆོད་པ་སོགས་ཡུལ་དུས་རང་བཞིན་གྱི་མཆོད་པ་སོགས་མདོར་ན་འཇིག་རྟེན་གྱི་ཁམས་སུ་ཡུལ་ཡིད་དུ་འོང་བའི་དངོས་པོ་ཅི་ཡང་རུང་བ་མཐའ་དག་མཆོད་དུ་རུང་བ་གསུང་ལ། ཐོག་མར་སྦྱོར་བ་སེམས་བསྐྱེད་དང་བར་དུ་དངོས་གཞི་དམིགས་མེད་མཇུག་བསྔོ་བ་བཅས་དམ་པ་གསུམ་གྱི་རྩིས་ཟིན་པ་བྱ་བའི་མཆོད་པ་ནི་ཆོས་ཡང་དག་པར་བསྒྲུབ་པའི་ལས་ཀྱི་ལམ་ཡིན་ནོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1