༄༅།། གནས་མཆོག་ཁྲེན་ལྡེ་ཚ་གཡོལ་རི་གྲོང་དུ་གནས་པའི་ བོད་ལུགས་དགོན་པ་གསུམ་ལ་མཇལ་སྐོར་དུ་ཕྱིན་པའི་མཐོང་ཐོས།

ཀརྨ་རྒྱལ་མཚན་གྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-27



ཀརྨ་རྒྱལ་མཚན་གྱིས་བྲིས། ཀརྨ་བཀྲ་ཤིས་རྣམ་རྒྱལ་གྱིས་པར་བླངས།

        ཁྲེན་ལྡེ་ཚ་གཡོལ་རི་གྲོང་འདི་ནི། ཧོ་པེ་ཞིང་ཆེན་ཁྲེན་ལྡེ་གྲོང་ཁྱེར་དུ་གནས་ཞིང་། པེ་ཅིང་གྲོང་ཁྱེར་ནས་ཁྲེན་ལྡེ་བར་སྤྱི་ལེ་256ཙམ་གྱིས་ལམ་ཐག་ཡོད་ལ། འདི་ནི་རྒྱལ་ས་པེ་ཅིང་ནས་རང་རྒྱལ་གྱི་བྱང་ཤར་དང་། ནང་སོག་བཅས་ཀྱི་འགྲོ་ལམ་གཙོ་བོའི་མ་ལག་ཡིན་པས་འགྲིམ་འགྲུལ་ཆ་རྐྱེན་ཤིན་ཏུ་སྟབས་བདེ། དེའང་པེ་ཅིང་གྲོང་ཁྱེར་རྒྱབ་ཀྱི་དགོན་ཁག་བརྒྱད་ཅེས་པ་ནི། སྤྱི་ལོ་1703ལོར་གསར་བཞེངས་དབུ་འཛུགས་གནང་བ་དང་སྤྱི་ལོ་1792ལོར་མཇུག་སྒྲིལ་གྱི་བར་ཁྱོན་ལོ་ངོ་བརྒྱད་ཅུ་གྱ་དགུ་རིང་། གོང་མ་ཁང་ཞི་དང་། དབྱང་ཀྲན། ཆན་ལུང་གསུམ་གྱིས་འགྲོ་སོང་ཡོངས་རྫོགས་གོང་མའི་ནོར་སྲིད་ནས་བཏང་སྟེ་ཆེད་དུ་གསར་བསྐྲུན་གནང་། དེ་ནི་སོག་བོད་བཅས་གྲངས་ཉུང་མི་རིགས་ཀྱི་མི་ཆེན་བླ་དཔོན་གྱི་སྐུ་མགྲོན་ཁག་དང་ཐོག་དེར་སྣེ་ལེན་དང་། ཐོ་བཀོད། མཇལ་འཕྲད་གནང་བ་དང་། སྐུ་མགྲོན་ཁག་གིས་གོང་མ་ལ་ཞུ་འབུལ་གནང་རྒྱུ་སོགས་ཀྱི་མཛད་སྒོ་སྤེལ་ཡུལ་རེད། དགོན་ཁག་དེ་དག་ལས་ཆེས་བརྗིད་ཆགས་ཤིང་ཉམས་དགའ་བ་ཀུན་གྱི་ཡིད་དབང་འཕྲོག་ནུས་པ་ནི་བོད་རྒྱུད་སངས་རྒྱས་ཆོས་ལུགས་ཀྱི་ལྷ་སའི་པོ་ཏཱ་ལ་དང་། གཙང་བཀྲ་ཤིས་ལྷུན་པོ། ལྷོ་ཁའི་བསམ་ཡས་ལྷ་ཁང་གསུམ་ལ་དཔེར་བྱས་ནས་བསྐྲུན་པ་དེ་རེད། ལྷ་ཁང་དེ་དག་གི་ཕྱིའི་བཟོ་དབྱིབས་དང་། ནང་གི་ཀ་གདུང་གི་དུང་ཕྲེང་ཤིང་བརྐོས་པདྨ་མཆོད་ཚགས། ལྡེབས་བྲིས་ཀྱི་ཚོན་མདངས་རྩི། མཆོད་བཤམས་ཀྱི་དྲ་བ་དྲ་མིག སྒོ་ཆེན་གྱི་ལྕགས་དཀྲོལ་གསེར་ཚགས་རྣམས་ལ་བོད་ཀྱི་དམིགས་བསལ་སྲོལ་རྒྱུན་མཛེས་རིས་བེད་སྤྱོད་ཡོད་པ་དེ་དག་ནས་མངོན་གསལ་ཧ་ཅང་དོད་པའི་རྒྱ་བོད་རིག་གནས་མཉམ་འདྲེས་ཀྱི་རྣམ་པ་མཚོན་ཡོད།

        1.ཀུན་བདེ་གླིང་(普宁寺)ཞེས་པ་ནི། ལྷོ་ཁའི་བསམ་ཡས་གཙུག་ལག་ཁང་ལ་དཔེ་བྱས་ཏེ། ཆན་ལུང་ཁྲི་ལོ་ཉི་ཤུ་སྟེ་སྤྱི་ལོ་1755ལོར་བཞེངས་པའི་ཀྲུང་གོའི་བྱང་ཕྱོགས་སུ་ཡོད་པའི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་ཆེ་གྲས་ཤིག་ཡིན། དགོན་པའི་རྒྱ་ཁྱོན་ས་གཞི་མུའུ་49.5ཡོད་ཅིང་། ཕྱིའི་བཀོད་པ་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་དང་། རྒྱ་ཆེན་སྡེ་བཞི་མཚོན་བྱེད་བོད་ལུགས་མཆོད་རྟེན་སྔོ་ནག་དཀར་དམར་བཞི་བཅས། འོག་ཁང་ལྷ་དང་བཅས་པའི་བཟོ་དབྱིབས་བོད་ལུགས་དང་། བར་གྱི་ཐོག་ཁང་ལྷ་དང་བཅས་པའི་བཟོ་དབྱིབས་རྒྱ་ནག་ལུགས། སྟེང་ཁང་ལྷ་དང་བཅས་པའི་བཟོ་དབྱིབས་རྒྱ་གར་ལུགས་ཡིན་པའི་བཟོ་དབྱིབས་ཁྱད་དུ་འཕགས་པའོ། འོག་ཐོག་ཚོམས་ཆེན་གྱི་དབུས་སུ་རྒྱུ་ཙནྡ་ལས་གྲུབ་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྣང་བརྙན་མཐོ་ཚད་ལ་སྤྱི་ཁྲེ་23.51དང་། སྐུ་སྐེད་ཞེང་ཚད་ལ་སྤྱི་ཁྲེ་15 ལྗིད་ཚད་ལ་ཏུན་110བཅས་ཡོད། སྐུའི་གཡས་གཡོན་ཕྱོགས་གཉིས་ཀྱི་ཕྱག་ལག་བཞི་བཅུ་ལ་སྤྱན་རེ་ཡོད་པ་དེས་རྒྱུ་འབྲས་ཉེར་ལྔ་རེ་མཚོན་པས་ཕྱག་སྟོང་སྤྱན་སྟོང་གསོལ། སྣང་བརྙན་འདི་ནི་འཛམ་གླིང་ཐོག་རྒྱུ་ཙནྡན་ལས་གྲུབ་པའི་ཕྱག་སྟོང་སྤྱན་སྟོང་གི་སྣང་བརྙན་མཐོ་ཤོས་སུ་དད་ལྡན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས་སུ་གསོལ། དེ་མིན་རྟེན་དང་བརྟེན་པ་བཅས་རྒྱ་བོད་ཟུང་འབྲེལ་གྱི་ལུགས་ལས་བཞེངས་ལ། གོང་མས་དགོན་མིང་ལ་ཀུན་བདེ་གླིང་ཞེས་མན་རྒྱ་སོག་བོད་བཞིའི་ཡི་གེ་བཞི་གཤིབས་སུ་ཡོད་པའི་སྒོ་བྱང་གནང་བ་དེ་ནས་མིང་དེ་ཐོགས་པ་ཡིན།

ཀུན་བདེ་གླིང་།

        2.ལྷ་ཁང་པོ་ཏཱ་ལ་(普陀宗乘之庙,俗称“小布达拉宫”)ཞེས་པ་འདི་ནི། གོང་མ་ཆན་ལུང་ནས་ཁྲི་ལོ་སོ་གཉིས་ཏེ་སྤྱི་ལོ་1767ལོར་འཛུགས་སྐྲུན་གནང་སྟེ་གོང་མ་ཆན་ལུང་ཁྲི་ལོ་སོ་དྲུག་པར་དགུང་ལོ་དྲུག་ཅུ་དང་། གང་དེའི་ཡུམ་ཆེན་མོ་དགུང་ལོ་བརྒྱད་ཅུར་སོན་སྐབས་ལེགས་གྲུབ་ཟིན་ལ། གོང་མ་ཉིད་ཀྱིས་སོག་བོད་སོགས་གྲངས་ཉུང་མི་རིགས་ཀྱི་མི་དཔོན་བླ་ཆེན་སྐུ་ཉིད་ཡུམ་སྲས་སྐུ་བགྲེས་ཀྱི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོར་ཞུགས་པར་ཆེད་མངགས་བསྐྲུན་གནང་བའི་ལྷ་སའི་ཕོ་བྲང་པོ་ཏ་ལའི་བཟོ་དབྱིབས་དཔེ་བྱས་པ་རེད། དགོན་པའི་རྒྱ་ཁྱོན་ས་གཞི་མུའུ་330ཡོད་ཅིང་། ལྷ་སའི་པོ་ཏཱ་ལ་ནང་བཞིན་ཁྱད་དུ་འཕགས་པ་སྟོབས་ཆེན་གླང་པོ་ཆེ་བྲེས་སུ་ཉལ་བའི་ཉམས་སུ་མི་ལྡན་ཡང་། རིའི་དབྱིབས་དང་། ཕྱི་ནང་གི་ལྕགས་རི། བོད་ལུགས་ཀྱི་མཆོད་རྟེན། མཁར་ཐོག་གི་ཁང་མིག མཁར་རྩེའི་མདུང་དང་དར་ཆ། ཕོ་བྲང་དབུ་རྩེར་གསེར་ཟངས་ཀྱི་རྒྱ་ཕིགས། སྤེན་བད། སྤེན་རྒྱན། རྒྱལ་མཚན། ཏོག་ཐུགས་དང་ཕྱོགས་བཞིའི་སྒོ་བཞི། གྱོང་ངོས་ཀྱི་ཐེམ་སྐས་ལ་སོགས་པ་ལ་སོ་ཕག་གཏིང་བའི་སྒང་ལ་སྤང་ལེབ་གཡོགས་པ། ལམ་གྱི་གཡས་གཡོན་གཉིས་ལ་རིན་པོ་ཆེའི་དྲ་བས་མཐའ་བསྐོར་བ། ཤིང་གི་དྲ་བ་ལ་ཚོན་རྩི་བྱུགས་པ། རྩིག་ངོས་ལ་ས་རྩི་དཀར་དམར་གྱི་ཁུ་བས་རྒྱན་སྤྲོས་པ་སོགས་བཟོ་དབྱིབས་ལྷ་སའི་ཕོ་བྲང་པོ་ཏཱ་ལ་དང་མཚུངས་པ་བྱས་ཀྱང་ཇི་མ་ཇི་བཞིན་དུ་བྱུང་མེད་ལ་རྒྱ་བོད་ཟུང་འབྲེལ་གྱི་ཨར་ལས་ལག་རྩལ་ཕུལ་དུ་བྱུང་བ་ཐོན་ཡོད་པའོ། སྔོན་ཚེར་ཕོ་བྲང་དེའི་ནང་དུ་གྲུབ་མཐའ་རིས་མེད་ཀྱི་སྐུ་གསུང་ཐུགས་རྟེན་དཔག་ཏུ་མེད་པ་ཡོད་ལ། གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་དག་གིས་རང་རང་གྲུབ་མཐའི་ལུགས་ཀྱི་མཆོད་འབུལ་འདོན་ཆོག་གི་བྱེད་སྒོ་བག་ཕེབས་ངང་བྱ་སའི་ཚོམས་ཆེན་ཁང་དང་། གཟིམ་ཆུང་། སྒོམ་སྒྲུབ་ཁང་། མཇལ་འཕྲད་ཁང་སོགས་ཁང་མིག་མང་པོ་ཡོད། དེར་རྒྱ་བོད་མི་རིགས་དབར་གྱི་མཐུན་སྒྲིལ་ལ་ཕན་པའི་མཛད་རྗེས་རླབས་པོ་ཆེ་མང་པོ་འཇོག་མྱངས་ཡོད།

ཀུན་བདེ་གླིང་གི་ཕྱག་སྟོང་སྤྱན་སྟོང་གི་འདྲ་སྐུ།

        3.གཙང་བཀྲ་ཤིས་ལྷུན་པོ་(须弥福寿之庙,俗称“扎什伦布寺。”也叫“班禅行宫”)ཞེས་པ་འདི་ནི། པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་མཆོག་གོང་མ་ཆན་ལུང་དགུང་ལོ་བདུན་ཅུར་ཕེབས་པའི་དགའ་སྟོན་རྟེན་འབྲེལ་ལ་གདན་དྲངས་ལྟར་ཕེབས་པའི་ཆེད་དུ་ཆན་ལུང་ཁྲི་ལོ་ཞེ་ལྔ་ཏེ་སྤྱི་ལོ་1780ལོར་གོང་མ་ཆན་ལུང་གིས་གཞིས་ཀ་རྩེ་གཙང་བཀྲ་ཤིས་ལྷུན་པོའི་བཟོ་དབྱིབས་ལ་དཔེ་བྱས་ཏེ་བཞེངས་ལ། དེར་པཎ་ཆེན་ཡུན་རིང་བཞུགས་མྱངས་བས་པཎ་ཆེན་ཕོ་བྲང་ཡང་ཟེར། དགོན་པའི་རྒྱ་ཁྱོན་ས་གཞི་མུའུ་57ཡོད་ཅིང་། གཙུག་ལག་ཁང་ལྟེ་བའི་གཙང་ཁང་ཐོག་སོ་གསུམ་ཡོད་པ་དང་། གཙོ་བོའི་དཀྱིལ་དབུས་སུ་མཐོ་ཞིང་བརྗིད་ཉམས་ཆེ་བའི་གསེར་གཡབ་དང་། རྒྱལ་མཚན། གྷན་ཇི་ར་བཅས་ཡོད། ཕྱོགས་བཞིའི་རྩིག་ངོས་ལ་ས་རྩི་དམར་པོའི་ཁུ་བས་རྒྱན་སྤྲོས་བྱས་ཡོད། དེ་མིན་ཚོམས་ཆེན་དང་། གཟིམ་ཆུང་། གྲྭ་ཤག་སོགས་ཀྱི་རྩིག་ངོས་ལ་ས་རྩི་དཀར་པོའི་ཁུ་བས་རྒྱན་སྤྲོས་བྱས་པ་གཙང་བཀྲ་ཤིས་ལྷུན་པོའི་བཀོད་པ་ལྟར་བྱས་ཡོད། དགོན་པའི་སྦུག་གི་བྱང་མཐརལྕགས་རིའི་ནང་དུ་་ཁྲི་ལོ་བརྟན་པའི་མཆོད་རྟེན་ཞེས་གདན་ཁྲི་ཤིང་གི་ལྷ་ཁང་སྟེང་ནས་དབུ་ཏོག་གི་བར་མཐོ་ཚད་ཐོག་བརྩེགས་བདུན་ལ་དབྱིབས་ཟུར་བརྒྱད་ཅན། དེའི་སྒོ་ཁྱིམ་དང་བང་རིམ་ཟིའུ་ལྷ་ཁང་སོགས་ལ་རྫ་གཡམ་གཡུ་རྩི་མས་རྒྱན་སྤྲོས་པ་སོགས་བཟོ་དབྱིབས་ཁྱད་དུ་འཕགས་པ་འགྱིང་ངེར་བཞུགས་པའི་མཆོད་རྟེན་དེ་ནི་གོང་མ་ཆན་ལུང་དགུང་ལོ་བདུན་ཅུར་སོན་པར་ཆེད་དུ་བཞེངས་པ་ཡིན། གོང་མ་ཆན་ལུང་གི་སྐུ་དུས་སུ་དེར་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཁག་གི་མཁན་སློབ་གཙོས་པའི་གྲྭ་བཙུན་མང་སྐབས་སུམ་བརྒྱ་ཙམ་ཡོད་པ་དང་། ཐོས་བསམ་གླིང་གི་གྲྭ་ཚང་དང་། དཀྱིལ་འཁོར་གྲྭ་ཚང་། རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་སོགས་ལ་ཀུན་གཟིགས་པཎ་ཆེན་དྲུག་པས་ཆོས་འཆད་ཉན་མཛད་མྱངས་བའི་གནས་ཁྱད་པར་ཅན་ཞིག་ཀྱང་ཡིན། དེ་ལྟར་ཆིང་གོང་མའི་སྐབས་ཚ་གཡོལ་རི་གྲོང་དུ་གསར་བསྐྲུན་མཛད་པའི་པེ་ཅིང་གྲོང་ཁྱེར་རྒྱབ་ཀྱི་དགོན་སྡེ་བརྒྱད་ཅེས་པ་འདིས་ནི། ཆིང་གོང་མའི་སྐབས་སུ་གོང་མ་དང་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ཁག་གི་བར་མཛའ་བརྩེ་མཉམ་གནས་ཀྱི་འབྲེལ་བ་དམ་པོ་ཡོད་པ་མཚོན་ལ། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བརྟན་གླིང་ཡོང་བ་མངོན་དུ་འགྱུར་བར་བྱེད་པའི་གཙོ་བོའི་དམིགས་ཡུལ་ཡིན། དགོན་ཁག་སོ་སོར་བཞེངས་པའི་དམིགས་བསལ་གྱི་དགོས་པའང་ཡོད། སྤྱི་ལོ་1980ལོ་ནས་ཀུན་བདེ་གླིང་གཙོས་པའི་དགོན་པ་ཁག་ཉམས་གསོ་མཛད་ནས། ད་ལམ་ཚ་གཡོལ་རི་གྲོང་འདི་ནི་འཛམ་གླིང་ཐོག་ཆེས་ཆེ་བའི་རིག་དངོས་ཤུལ་བཞག་རྒྱལ་པོའི་གླིང་ཀ་ཡིན་ལ། སྙན་གྲགས་ཆེ་བའི་ཚ་གཡོལ་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་གནས་མཆོག་ཀྱང་ཡིན། སྤྱི་ལོ་1994ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཁྲེན་ལྡེ་ཚ་གཡོལ་རི་གྲོང་དང་ཉེར་སྐོར་གྱི་དགོན་པ་ཁག་བཅས་འཛམ་གླིང་རིག་དངོས་ཤུལ་བཞག་ལ་གཏན་འཁེལ་གནང་ཡོད་པ་རེད། ཁོ་བོ་སྤྱི་ལོ་2017ལོའི་ཟླ་བ་5པའི་ཚེས་ཀར་དེར་གནས་མཇལ་དུ་ཐེངས་གཉིས་པ་ཕྱིན་པ་ཡིན། འདིའི་སྐོར་བོད་ཀྱི་འབྲེལ་ཡོད་ལོ་རྒྱུས་ཡིག་ཆ་ནང་དུ་ཡོད་དགོས་རུང་ཁོ་བོས་ནི་མ་མཐོང་། ད་ལམ་མཚམས་སྦྱོར་བསྡུས་པ་འདི་འབྲི་སྐབས་གཙོ་བོ་མིང་མཐོང་ལག་རེག་ལྟ་བུ་ཁོ་བོའི་མཐོང་ཐོས་ཡིད་ལ་དྲན་པ་ཙམ་གཞིར་བྱས་ཏེ་རྒྱ་ཡིག་གི་འབྲེལ་ཡོད་ཡིག་ཆ་ལ་ཟུར་བལྟས་བྱས་ནས་མདོར་བསྡུས་སུ་བཀོད་པའོ། །  
ལྷ་ཁང་པོ་ཏཱ་ལ།


གཙང་བཀྲ་ཤིས་ལྷུན་པོ་དགོན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1