༄༅།། ཧོར་བྲག་མགོའི་རོང་འབྲོག་གི་ལོ་སྐྱུར་བཟོ་ཐབས།

ར་ཧོར་བ་དགེ་འདུན་དར་རྒྱས། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-29


ར་ཧོར་བ་དགེ་འདུན་དར་རྒྱས།       
  
        ལོ་སྐྱུར་ནི་བྲག་མགོའི་རོང་འབྲོག་ཕྱོགས་སུ་དར་ཁྱབ་ཆེ་བའི་སྤགས་ཟས་ཤིག་ཡིན། འདི་བོད་ལ་དར་ནས་དུས་ཡུན་ཧ་ཅང་རིང་པོ་ཡིན་པར་མ་ཟད་ཟས་ཀྱི་ཡི་ག་འབྱེད་པ་དང་ཁྲག་ནང་གི་སྣུམ་ཉུང་བར་ཕན་པའི་ནུས་པ་ཡོད་པ་རེད། འདི་ལ་དུས་ཚོད་ཡུན་རིང་ལ་ཉར་ཐུབ་པའི་སྐམ་པོ་དང་རྩམ་པ་སོགས་ལ་ཐད་ཀར་སྤགས་ཆོག་པའི་རློན་པའི་རིགས་གཉིས་ཡོད། སྤགས་གཡོས་ཐབས་ལ་ཇ་ཕོར་ནང་དུ་ཇ་དང་མར། ཚྭ། ལོ་སྐྱུར་སྐམ་པོའི་ཕྱེ་མ། རྩམ་པ་བཅས་ཀྱིས་གཡོས་པའི་ཇན་གཡོས་དང་སླ་ང་སོགས་སྣོད་ཀྱི་ནང་དུ་ཆུ། ཤ་ཚིལ་གཏུབ་མ། གཡེར་ཕྱེ། ལོ་སྐྱུར་སྐམ་རློན་གང་རུང་། ཚྭ་བཅས་ཀྱིས་གཡོས་པའི་སླང་གཡོས་བཅས་གཉིས་ཡོད།



        ལོ་སྐྱུར་སྙོལ་ཐབས་ནི་དང་པོ་ཡུང་མའི་ལོ་མ་ཡུ་བ་སྣག་མོའི་རིགས་རྣམས་ཆུ་ལ་གཙང་མ་བཀྲུས་ནས་སླ་ང་ཆེན་པོ་ཞིག་གི་ནང་དུ་བཙོ་དགོས། བཙོས་ཚར་བ་ན་ཟོ་བ་ཞིག་གི་ནང་དུ་སྐྱུར་རྩི་དང་བཅས་དྲོད་དང་ལྡན་པའི་སར་དབྱར་ཁ་ཡིན་ན་ཉིན་གཉིས་ཙམ་ལ་སྙོལ་དགོས། ལེན་རན་མིན་མི་རང་རང་གི་འདོད་པ་ལྟར་སྐྱུར་ཚོད་བཟུང་བས་ལྟ་དགོས། དྲོད་ཞན་ས་དང་སྐྱུར་རྩིས་མ་ནོན་ན་ཞག་གསུམ་ཙམ་ལ་འཇོག་དགོས། སྐྱུར་མིན་ཟོས་ནས་ལྟ། དབྱར་ཁ་འཇོག་ཡུན་རིང་བའམ་སྣུམ་སོགས་གཙང་མ་མ་བྱུང་ན་རུལ་འགྲོ་བས་གཟོབ། དེ་ནས་རློན་པ་ནི་རྩམ་པ་སོགས་ཟས་རིགས་ལ་ཐད་ཀར་སྤགས་ནའང་ཆོག། ཡང་ན་སི་པན་དམར་པོ་དང་མཉམ་དུ་བརྔོས་ནས་སྤགས་ནའང་ཆོག། འགའ་རེས་འདི་ལ་ལྡུམ་པའི་རིགས་གཞན་པ་དང་མཉམ་དུ་བསྲེས་ནས་ཕོ་ལོག་བཟོ་མཁན་ཡང་འདུག། འཁྱག་སྒམ་སོགས་མེད་ནས་དུས་ཚོད་ཡུན་རིང་ལ་ཉར་དགོས་ཚེ་ངེས་པར་དུ་སྐམ་དུ་འཇུག་དགོས་པ་དང་ཡང་ན་སྐྱུར་ཁུའི་ཐོག་ཡར་ལོ་མ་མ་བུད་ན་རུལ་བ་མ་རེད། སྐམ་ཐབས་ཡང་ལོ་སྐྱུར་ལག་པས་ཅུང་ཙམ་གཅུར་ནས་གཤེར་ཁུ་མེད་པ་ཙམ་གྱིས་ཆོག། དེའང་ལོ་གོར་བྱ་བ་དབྱིབས་གོར་གོར་བཟོས་ནས་ཕྱར་བ་དང་ཤིང་ལེབ་གཙང་མའི་ཐོག་བཞག་ནས་སྐམ་དགོས། དེའང་ཕྱི་སྐམ་ནས་རང་ཚུགས་ཐུབ་སྐབས་སྐུད་པ་ལ་བརྒྱུས་ནས་ཉི་མ་མི་ཕོག་སར་བསིལ་སྐམ་བྱ་དགོས། ལོ་ཕྱེ་བྱ་བ་ཐག་གདང་དང་ཕྱར་བའི་ཐོག་ཉི་མ་ཅུང་ཙམ་ལས་མི་ཤར་བ་བྱས་ནས་སྐམ་དགོས། སྐམ་ཚར་རྗེས་སྣོད་ཀྱི་ནང་དུ་བླུགས་པས་ལག་པས་ཕྱི་ནས་མནན་ཞིང་གྲུག་པ་དང་ཉར་ཚགས་བྱས་པས་ཆོག



        གོང་གི་སྐྱུར་རྩི་ནི་རོང་པ་རྣམས་ཀྱིས་སྔ་ལོ་བསྙལ་བའི་སྐྱུར་ཁུ་དམ་བེ་ནང་བཞག་ནས་ཁ་དམ་པོ་བསྡམས་ན་རུལ་མི་སྲིད། གཞན་ལོ་སྐྱུར་སྐམ་པོ་ཆུ་ཁོལ་མའི་ནང་གདུས་ནས་དེའི་ཁུ་བས་སྐྱུར་རྩི་བྱེད་པའང་ཡོད། འབྲོག་ཕྱོགས་ནས་ཞོའི་སྔོ་ཁུས་བཟོ་བའང་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1