༄༅།། འདི་ནའང་མི་ཉག་པའི་ཚོ་པ་ཞིག་འདུག

གངས་དབང་། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-05



གངས་དབང་གིས།       

༼རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག༽ཅེས་པ་ལས་མི་ཉག་པའི་སྐོར།


འདི་ནའང་མི་ཉག་པའི་ཚོ་པ་ཞིག་འདུག

         མོང་ཀྲོང་གྲོང་སྡེ་ཞེས་པའི་མི་ཉག་པའི་སྡོད་གནས།

  ཤེ་ལའོ་ཤང་གི་ལྕང་པ་གྲོང་སྡེའི་འདབས་ཀྱི་རི་གཟར་པོ་ཐོག་གི་གཞུང་ལམ་བགྲོད་དེ་མཐར་ལུང་པ་ཞིག་ནང་སླེབས། གཞན་གྱི་ཁ་ནས་གྲོང་སྡེ་འདིའི་ནང་ཆགས་པའི་ཡུལ་མི་ནི་མི་ཉག་པ་རེད་ཅེས་གོ་མྱོང་བས། ཁམས་ཕྱོགས་ཀྱི་མི་ཉག་ས་ཁུལ་དང་འདྲ་བའི་ཁང་པ་དང་ཡུལ་མི་ཨེ་མཐོང་བལྟས་ཀྱང་ཅི་ཡང་མ་མཐོང་། རི་འདབས་སུ་སླེབས་དུས་ལམ་འགྲམ་ལ་ཨེར་སུག་བོད་མི་ལྟར་མགོ་རས་དཀར་པོ་དཀྲིས་པའི་བུད་མེད་གཉིས་དང་ཐུག་བྱུང་། རླངས་འཁོར་ལས་བབས་ཏེ་ཁྱེད་གཉིས་ཨེར་སུག་བོད་པ་ཨེ་ཡིན་ཞེས་དྲིས་པར། དེ་གཉིས་ཀྱིས་སྐད་མཐོན་པོས་མིན། ངེད་གཉིས་མི་ཉག་པ་ཡིན་ཟེར། ས་ཆ་འདི་ན་མི་ཉག་གྲོང་སྡེ་ཞིག་ཡོད་ཅེས་པ་དེ་གང་ན་རེད་དྲིས་དུས། རི་འགོར་ཆགས་པའི་གྲོང་སྡེ་དེ་གཉིས་རེད་ཟེར། ས་ཆ་འདིའི་ཡུལ་མི་ཚོའི་སྐད་དང་ཆ་ལུགས་ལ་རྒྱུས་ལོན་བྱེད་ཆེད། ང་ཚོ་སོང་མ་མྱོང་བས་ཁྱེད་གཉིས་ང་ཚོ་དང་མཉམ་དུ་འགྲོ་སྟེ་ལམ་སྟོན་རོགས་བྱེད་ན་ཨེ་ཆོག་ཅེས་རེ་བ་བཏོན་དུས། མོ་གཉིས་ཀྱིས་ཕན་ཚུན་དགོད་ཙམ་བྱས་རྗེས་རླངས་འཁོར་ནང་འཛུལ་བྱུང་།

འདི་ནའང་མི་ཉག་པའི་ཚོ་པ་ཞིག་འདུག


མི་ཉག་པ།

འདི་ནའང་མི་ཉག་པའི་ཚོ་པ་ཞིག་འདུག


  རི་འགོར་འགྲོ་སའི་ལམ་ནི་གྱ་གྱུ་མང་ལ་རླངས་འཁོར་གཅིག་ཐར་བ་ཙམ་རེད། ལམ་འདིར་འགྲོ་དུས་ངས་ཆུང་དུས་སུ་ལ་བརྒྱབ་ཐུར་བབ་བྱས་མྱོང་བའི་ཕ་ཡུལ་གྱི་རི་ལམ་གཟར་པོ་དེ་དྲན་བྱུང་། ས་ཕྱོགས་ཀུན་དང་འདྲ་བར་རི་ལམ་འདི་འདྲ་བོས་ནང་གི་བཟང་ངན་གཉིས་ལྡན་གྱི་སྲོལ་རྒྱུན་མང་པོ་བསྲུངས་ཡོད་ལ། ཕྱིའི་ཕན་གནོད་ལྷན་འདུས་ཀྱི་རིག་གནས་ཀྱང་བཀག་ཡོད་པས་ལམ་གཟར་པོ་ཞེས་སྨད་རྐྱང་རྐྱང་དང་ལམ་བདེ་མོ་ཞེས་བསྟོད་ཆོག་ཆོག་བྱེད་རུང་བ་ཞིག་མ་རེད།

  ཁོ་གཉིས་ཀྱིས་ཁ་བརྡ་བྱེད་དུས་སྐད་ཀྱི་སྒྲ་གདངས་དང་ཐ་སྙད་སོགས་ཁམས་མི་ཉག་གི་ཡུལ་སྐད་དང་ཁྱད་པར་ཆེན་པོ་འདུག་པའི་སྣང་བ་སྟེར། ཁྱི་ལ་ཁུ་ལེ་དང་གནམ་ལ་མུ་འེ། མར་ལ་ཝ་འབི་བཅས་ཐ་སྙད་འགའ་རེ་ཆ་ཚང་འདྲ་ལ་ཁ་ཤས་ཆ་ཙམ་འདྲ། གྲངས་ཀ་བརྩི་སྟངས་ལས་གཅིག་ནས་བཅུ་བར་ཁམས་མི་ཉག་པའི་བརྩི་སྲོལ་དང་འདྲ་ཡང་། དེ་མིན་ཚོ་ནི་ཁ་ཁ་སོ་སོ་རེད། ཉི་མ་དང་ཟླ་བ། རྡོ་ཞེས་པ་ནི་ཁམས་སྐད་དང་གཅིག་པ་རེད། མོ་གཉིས་ཀྱིས་ས་ཆ་འདིའི་རྒན་རབས་ཚོའི་སྐད་དང་གཞོན་རབས་ཚོའི་སྐད་བར་ཡང་ཁྱད་པར་ཆེན་པོ་ཡོད་ཟེར།

འདི་ནའང་མི་ཉག་པའི་ཚོ་པ་ཞིག་འདུག


མོང་ཀྲོང་གྲོང་སྡེ་ཞེས་པའི་མི་ཉག་པའི་སྡོད་གནས།

འདི་ནའང་མི་ཉག་པའི་ཚོ་པ་ཞིག་འདུག


གྲོང་པའི་གཞི་བདག་ཆུ་འདུ།

    འགྲོ་ལམ་གཏམ་གྱིས་གཅོད་ཅེས་པ་ལྟར་བུད་མེད་གཉིས་དང་ཕྱོགས་མང་པོ་ནས་ཁ་བརྡ་བྱེད་བཞིན་མོང་ཀྲོང་གྲོང་སྡེར་སླེབས། གྲོང་པ་འདི་ནི་རི་ངོས་སུ་ཚོམ་བུར་ཆགས་པ་ལས་ཐར་ཐོར་དུ་གནས་པ་ཞིག་མ་རེད། ཁང་པ་ཚང་མ་ནི་ཐོག་ལ་རྡོ་ལེབ་ཁེབས་ཡོད་པའི་རྡོ་ཁང་རྩེག་གཉིས་ཅན་རྐྱང་རྐྱང་རེད། སྟོད་ལ་ལྷུན་ནེར་ཆགས་པའི་རི་བོ་མཐོན་པོ་དེ་ནི་ཡུལ་མི་ཚོའི་གཞི་བདག་ཆུ་འདུ་ཞེས་པ་དེ་རེད། དེའི་འདབས་ཀྱི་གྲོང་མགོར་ཞིང་གྲུ་བཞི་མ་ཆུང་ཆུང་ཞིག་ཡོད་པ་དེ་ནི་ལོ་རེར་གོས་སྐུ་བཤམས་སྟོན་བྱེད་ས་རེད་ཟེར། ལོ་རེའི་དགུན་ཟླའི་ཚེས་བཅོ་ལྔ་ཉིན་གནས་འདི་ན་གོས་སྐུ་བཤམས་སྟོན་བྱེད་པའི་སྲོལ་ད་བར་དུ་རྒྱུན་མ་ཆད། བཤམས་སྟོན་བྱ་རྒྱུ་ནི་སྟོན་པ་གཤེན་རབ་མི་བོ་ཆེའི་ཐང་ག་རེད་ཟེར་ཡང་དུས་རྒྱུན་མི་རྣམས་ལ་སྟོན་མི་ཆོག་ཅེས་པས་ངས་མཇལ་མ་ཐུབ། སྔོན་མ་ཡིན་ན་གོས་སྐུ་བཤམས་སྟོན་བྱེད་པའི་སྐབས་སུ་བ་གླང་དང་བྱ་སོགས་བསད་དེ་དམར་མཆོད་བྱེད་སྲོལ་ཡོད་ཀྱང་། དེང་སང་དམར་མཆོད་བྱ་རྒྱུ་གཙོ་བོ་བྱ་རེད་འདུག  ངག་རྒྱུན་དུ་གནའ་སྔོན་མར་ཕག་དམར་མཆོད་བྱེད་སྲོལ་ཡོད་ཀྱང་། ལོ་ཞིག་ལ་གོས་སྐུ་བཤམས་སྟོན་བྱེད་པའི་ཉིན་མོར་དམར་མཆོད་བྱ་རྒྱུའི་ཕག་གར་སོང་ཆ་མེད་དུ་གྱུར། རྗེས་དེད་དེ་རྩད་གཅོད་དུས་ཕག་དེ་དགྲ་མེད་གྲོགས་མེད་མི་རྐྱང་ཞིག་གི་སྒོ་ར་ནང་ཡོད་པས་ཕྱིར་ཁྲིད་མ་ཐུབ་པར་མི་རྐྱང་དེ་ལ་སྦྱིན་པ་བཏང་། ལོ་དེ་ནས་བཟུང་མེས་པོ་ཚོས་ཕག་གིས་གོས་སྐུ་བཤམས་སྟོན་བྱེད་པར་བར་ཆད་བྱས་པས་ད་ནས་བཟུང་དམར་མཆོད་བྱེད་མི་ཆོག་ཅེས་བཀའ་ཡིས་བཅད་པ་རེད་ཟེར།

འདི་ནའང་མི་ཉག་པའི་ཚོ་པ་ཞིག་འདུག



མི་ཉག་པ་ཚོས་གོས་སྐུ་བཤམས་སྟོན་བྱེད་ས།

   བོད་ཀྱི་ཡུལ་གྲུ་ཀུན་ལ་གོས་སྐུ་བཤམས་སྟོན་བྱེད་སྲོལ་ཡོད་ཀྱང་། ས་ཆ་སོ་སོའི་སྲོལ་རྒྱུན་དུས་ཆེན་དང་བསྟུན་ནས་སྤེལ་བཞིན་ཡོད་པས་དུས་ཚོད་ནི་མི་འདྲ། གོས་སྐུ་བཤམས་སྟོན་བྱེད་པའི་རྒྱུ་མཚན་ནི་ཐང་ག་ཆེན་པོ་དེ་ཚོ་དུས་རྒྱུན་བཤམས་སའི་ཁང་པ་མེད་པས་དམ་པོར་དྲིལ་ཏེ་ཆོས་ཁང་ནང་ཉར་ཡང་། ཡུན་རིང་ན་བཞའ་ཚན་གྱིས་གནོད་སྲིད་པས་ལོ་རེར་སྒོ་ཕྱི་ལ་བཏོན་ཏེ་ཉི་མ་ནང་ལྡེས་ན་གཅིག་ནི་ཐང་ག་ལ་ཕན་པ་དང་། གཉིས་ནི་སྐབས་དེར་དད་ལྡན་སེར་སྐྱ་ཚང་མས་མཇལ་ཐུབ་པས་ལུགས་སྲོལ་དེ་ལོ་རྒྱུས་ཀྱི་ཆུ་རྒྱུན་བཞིན་མ་ཉམས་པར་གནས་པ་རེད།

   དུད་ཁ་བཞི་བཅུ་ཙམ་ཡོད་པའི་གྲོང་པའི་ཁང་པ་ཚང་མ་གཅིག་ལ་གཅིག་སྦྲེལ་ནས་ཆགས་ཏེ་བར་སྟོང་ནི་མི་གཅིག་གཉིས་ཐར་བ་ཙམ་ལས་མི་འདུག  གྲོང་པ་ནང་མི་རྒན་ཚོས་མགོ་རས་ནག་པོ་དཀྲིས་པ་ལས་ན་གཞོན་ཚོས་དཀར་ནག་གང་ཡང་དཀྲིས་མེད་པར་རྒྱ་ཆས་སྤྲས་འདུག  དུད་ཁ་སོ་སོས་སྒོ་ར་ནང་བྱ་དཀར་པོ་དང་དམར་པོ་མང་པོ་གསོས་ཡོད་པས་བྱ་སྐད་ནི་གཅིག་འཇགས་གཅིག་ལངས་རེད། དེ་ནི་བྱ་སྒོང་དང་བྱ་ཤ་ཙམ་གྱི་ཆེད་དུ་མིན་པར་གོང་དུ་བཤད་པ་ལྟར་ཡུལ་མི་ཚོས་གཞི་བདག་ལ་བྱ་དཀར་པོ་དང་གོས་སྐུ་བཤམས་སྟོན་གྱི་དུས་སུ་བྱ་དམར་པོ་དམར་མཆོད་བྱེད་པས་ཡིན་རྒྱུ་རེད། ཁང་པ་ནི་རྒྱ་ཆུང་ལ་རྩིག་པའི་ཕྱི་རྩིག་དང་ནང་རྩིག་གཉིས་ཀ་ལ་དང་དོད་མི་བྱེད་པར་ཅི་འདོད་གང་འདོད་ཀྱིས་བརྩིགས་པ་ལྟར་སྣང་བ་ནི་རྩིག་བཟོའི་ལག་ཤེས་དེ་ཙམ་མ་དར་གོང་གི་རྩིག་སྲོལ་འདྲ་མོ་ཞིག་རེད། སྒོའི་ཀླད་ལ་ཕྱེ་དཀར་པོས་ཤིང་ཡར་སྐྱེས་ཀྱི་ཁ་དབྲག་ལྟ་བུའི་རི་མོ་བརྩེགས་ནས་བྲིས་ཡོད་པ་དེ་ནི་གཉེན་སྟོན་དང་གོས་སྐུ་བཤམས་སྟོན་བྱས་རྗེས་གཡང་འགུགས་པའི་ཆེད་དུ་བྲིས་པ་རེད་ཟེར། དེ་ནི་ཁམས་ཕྱོགས་ཀྱི་མི་ཉག་ས་ཁུལ་འགའ་དང་འདྲ་མོ་འདུག

འདི་ནའང་མི་ཉག་པའི་ཚོ་པ་ཞིག་འདུག

   ༼སྒོ་ཐོག་ལ་བྲིས་པའི་གཡང་འགུགས་པའི་རི་མོ། ཁམས་ས་བདེའི་མི་རྒན་རྣམས་ཀྱིས་དེ་ལ་མཚེར་ཁྲི་ཞེས་འབོད་ཀྱིན་འདུག  མི་ཉག་སྐད་དུ་མཚེར་ཁྲི་ཞེས་པ་ནི་ར་ཡི་རྭ་ཅོ་ཞེས་པའི་དོན་ཡིན་ལ། རི་མོ་དེའང་ར་ཡི་རྭ་ཅོ་དང་ཧ་ཅང་འདྲ་བ་ནི་ནང་གི་གཡང་ཕྱི་ལ་མི་འགྲོ་ལ་ཕྱིའི་གཡང་ནང་ལ་འཁོར་བའི་མཚོན་བྱེད་རེད་ཟེར། བཤད་སྲོལ་གཞན་ཞིག་ལ་མདའ་དང་མདུང་མོ་རལ་གྲི་གསུམ། ཞགས་པ་ལྕགས་ཀྱུ་ཨ་ལུང་གསུམ། ཁ་དབྲག་རྩེ་གསུམ་རྣམ་པ་དགུ་ཞེས་པ་ལྟར་རི་མོ་དེ་ནི་མཚོན་ཆ་རྣམ་པ་དགུའི་ནང་གི་ཁ་དབྲག་རྩེ་གསུམ་ཞེས་པ་དེའི་མཚོན་བྱེད་རེད་ཟེར། དེའི་སྐོར་ལ་དུ་དུང་དཔྱད་པ་ཅུང་ཟད་བྱས་ཡོད་པ་ནི་ཤར་མི་ཉག་རིང་མོར་དལ་གྱི་བསྐྱོད་ཅེས་པའི་རྩོམ་ནང་ཡོད་པས་རྗེས་སུ་རྣམ་པ་ཚོ་ལ་འབུལ་རྒྱུ་ཡིན།༽

འདི་ནའང་མི་ཉག་པའི་ཚོ་པ་ཞིག་འདུག


ཁང་རྙིང་ནང་གི་ཟམ་གདང་།

   དེ་ཡང་བོན་ཆོས་ནང་ཕྱྭ་གཡང་འགུགས་ཞེས་པ་ནི་མིའི་ཚེ་རིང་བར་ཚེ་གཡང་དང་རྒྱུ་འབྱོར་བར་ནོར་གཡང་སོགས་འགུགས་པའི་ཆོ་ག་ཞིག་ལ་ཟེར་ཞིང་། ཁམས་སྐད་དུ་གཡང་སྒྲུབ་ཅེས་འབོད། ལོ་རྒྱུས་ནང་བཀོད་པ་ལྟར་ན་སྔར་རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་སུ་བོན་ཤེས་པ་བཅུ་གཉིས་ནང་ལས་དར་ཚོན་སྣ་ལྔ་དང་རིན་པོ་ཆེ་སྣ་ཚོགས་བཏགས་པའི་མདའ་དར་འཕྱར་ཏེ་གཡང་སྒྲུབ་བྱེད་མི་དེ་ལ་ཕྱྭ་བོན་དང་གཡང་བོན་ཞེས་ཟེར། རྗེས་སུ་ནང་ཆོས་དར་དུས་དགོས་མཁོ་ཆེ་བའི་རིགས་རྣམས་མ་བསྣུབས་པར་བཞག་པས་དེང་སང་ཕྱྭ་གཡང་འགུགས་པའི་སྲོལ་མ་ཉམས་པར་གནས་ཡོད་དོ།།


    ཁྱིམ་ཚང་ནང་ལ་ཟ་མ་གཡོ་སྐོལ་བྱེད་སའི་སྒྱེད་བུ་ཐབ་ཀ་གཅིག་དང་རྒྱུན་མཁོའི་སྤྱོད་ཆས་ལས་དགོས་མི་དགོས་ཀྱི་ཅ་ལག་ཅི་ཡང་མི་སྣང་། སྤྱིར་ཁམས་ཕྱོགས་སུ་ཡིན་ན་ཐབ་ཀ་ལ་ཧ་ཅང་དང་དོད་བྱས་པས་ཐབ་ལྟག་ལ་ནོར་བུ་གདོང་དྲུག་དང་བཀྲ་ཤིས་རྟགས་བརྒྱད་སོགས་བཞེངས་ཏེ་ཐབ་ཀའི་གཡས་གཡོན་ལས་གོང་དུ་མི་སྡོད་ས་མེད་ཀྱང་། འདི་ན་སྒྱེད་བུ་ཐབ་ཀའི་ཕྱོགས་བཞིར་མི་སྡོད་ཆོག་པ་ཞིག་རེད།

    གྲོང་པ་འདིའི་ཁང་པའི་འཛུགས་སྐྲུན་དང་ཡུལ་སྐད་བཅས་ནི་ཨེར་སུག་བོད་པ་དང་མི་འདྲ་ཡང་། རྒན་པོ་ཚོས་མགོ་རས་ནག་པོ་དཀྲིས་པ་དང་། ལོ་ཆུང་ཚོས་མགོ་རས་དཀར་པོ་དཀྲིས་པ། ལུས་ཀྱི་སྟོད་སྨད་ལ་གྱོན་པའི་རྒྱན་གོས་སོགས་ནི་ཨེར་སུག་བོད་པ་དང་གཅིག་པ་ཡིན་པ་ལས་ཁམས་ཕྱོགས་ཀྱི་མི་ཉག་ས་ཁུལ་ལྟ་བུའི་ཁང་པ་དང་མི་རྣམས་ཀྱིས་མགོ་ལ་སྐྲ་ཐག་དམར་པོ་བཅིངས་པ་སོགས་གཅིག་ཀྱང་རིག་མ་བྱུང་། གཞི་བདག་ལ་བྱ་དེ་ཕོ་དམར་མཆོད་བྱེད་པ་ནི་ཨེར་སུག་བོད་པ་དང་གཅིག་པ་རེད། ང་ཚོ་ལ་ལམ་སྟོན་མཁན་གྱི་བུད་མེད་དེ་གཉིས་ཀྱིས་ཨེར་སུག་པ་ནང་མི་གོ་ཆོད་ཅན་ཡོད་པས་དུས་ཆེན་དེ་ཁོ་ཚོས་འཕྲོག་པ་རེད་ཟེར།

འདི་ནའང་མི་ཉག་པའི་ཚོ་པ་ཞིག་འདུག


ཁྱིམ་ནང་གི་ཐབ་ཀ

    གྲོང་པ་དེ་སྐོར་བ་གཅིག་བརྒྱབ་ནས་འདབས་ལ་བུད་དུས། ཕར་རོལ་གྱི་རི་མགོ་ལ་ཆགས་པའི་གྲོང་སྡེ་ཞིག་མཐོང་། དེ་ནའང་དུད་ཁ་སུམ་ཅུ་ཙམ་ཡོད་ལ་ཚང་མ་ནི་མི་ཉག་པ་ཡིན་པས་ཆ་ལུགས་གོམས་གཤིས་ཚང་མ་འདི་ན་དང་གཅིག་པ་རེད་ཟེར། སྐབས་དེར་གློ་བུར་དུ་ད་ཅི་རླངས་འཁོར་ནང་ཁ་བརྡ་བྱེད་དུས། བུད་མེད་དེ་གཉིས་ཀྱིས་ང་ཚོ་ལའང་ཡི་གེ་ཞིག་ཡོད་མོད། བླ་མ་གཅིག་ཡོད་པ་དེས་མ་གཏོགས་སུས་ཀྱང་འདོན་མི་ཤེས་ཟེར་བ་དེ་དྲན་མུར་ཅི་འདྲ་བའི་ཡི་གེ་ཞིག་ཡིན་ནམ། དངོས་གནས་མི་ཉག་པ་ལ་ཟུར་དུ་ཡི་གེ་ཞིག་ཡོད་པ་ཡིན་ནམ་སྙམ་སྟེ་རི་འདབས་ཀྱི་ལུང་པའི་ཁ་ལ་ཆགས་པའི་ཁྱིམ་ཚང་དེའི་ནང་སོང་། མོ་གཉིས་ཀྱིས་བླ་མ་ཞེས་པ་དེ་ནི་དོན་དུ་ཨ་མཆོད་ཅིག་རེད་འདུག  མིང་ལ་ཙན་དན་ཚེ་རིང་ཟེར། ཁོང་གིས་ང་ནི་གྲོང་པ་འདིའི་ཨ་མཆོད་ཙམ་ཡིན། ཡུལ་མི་ཚོ་ལ་མོ་བཏབ། རྩིས་བརྒྱབ་པས་མ་ཚད་སྐུ་རིམ་བསྒྲུབ་རྒྱུ་དང་གོས་སྐུ་བཤམས་སྟོན་བྱེད་སྐབས་ཀྱི་ཆོ་ག་ཚང་མའི་འགན་འཁུར་བཞིན་ཡོད། ས་ཆ་འདི་ན་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པ་གཉིས་ཙམ་ལས་མེད་ལ། གནས་འདི་ན་དགོན་པ་ཡང་མེད་པས་ང་ཚོས་མི་རབས་ནས་མི་རབས་བརྒྱུད་པ་ལ་བརྟེན་ནས་རྒྱུན་འཛིན་བྱེད་དགོས་པས་ད་ལྟར་ངས་ཡང་ཚ་ལ་སློབ་ཀྱིན་ཡོད་ཅེས་ཟེར།


འདི་ནའང་མི་ཉག་པའི་ཚོ་པ་ཞིག་འདུག
འདི་ནའང་མི་ཉག་པའི་ཚོ་པ་ཞིག་འདུག
འདི་ནའང་མི་ཉག་པའི་ཚོ་པ་ཞིག་འདུག


འདི་ནའང་མི་ཉག་པའི་ཚོ་པ་ཞིག་འདུག

མོ་ཡིག

    ཁོང་གིས་ཇ་འཐུང་ཞོར་དེ་ལྟར་ཟེར་དུས་ངའི་སེམས་ནང་དྲན་རྒྱུ་ནི་བུད་མེད་གཉིས་ཀྱིས་ང་ཚོ་ལའང་ཡི་གེ་ཡོད་ཅེས་པའི་ཡི་གེ་དེ་ཇི་འདྲ་ཞིག་ཡིན་བསམས་ཏེ་ཁོང་ལ་གནས་ཚུལ་དྲིས་མུར། ཁོང་གིས་ཡོད་དང་ཡོད། དེ་སྔོན་རྒྱ་ནག་གི་ཆེད་མཁས་པ་ཞིག་འདི་ན་ཡོང་སྟེ་ཞིབ་མཇུག་བྱས་པས་མི་འགྱངས་པར་དེའི་སྐོར་གྱི་དཔེ་ཆའང་དཔར་དུ་བསྐྲུན་རྒྱུ་རེད་ཅེས་ཟེར་བས། ང་ལ་དེ་ལས་ཀྱང་མཇལ་འདོད་སྐྱེས་ཏེ་རེ་བ་ཞུས་དུས། ཁོང་གི་འགྲམ་ལ་བསྡད་པའི་བཟའ་ཟླ་ཡིས་ཅི་ཞིག་བཤད་མ་ཐག་ཁོང་གིས་ཅུང་དོགས་མ་བདེ་བའི་ངང་ནས་ལྟ་གྲངས་མང་ན་ཡི་གེ་དེ་ཚོར་གནོད་པ་ཆེ་ཞེས་ཟེར་བཞིན་ང་ཚོ་ཁང་ཐོག་གི་མཆོད་ཁང་ནང་ཁྲིད་རྗེས། དཔེ་ཆ་སྣ་རིང་མ་མང་པོའི་ནང་ནས་པོ་ཏི་མཐུག་པོ་ཞིག་གི་ཁ་ཕྱེ་སྟེ་བསྟན་བྱུང་། ངས་གཟབ་ནན་གྱིས་བལྟས་པ་ན། ཁོ་ཚོས་ཟེར་བའི་ཡེ་གེ་ཞེས་པ་དོན་དུ་མོ་ཆས་ནང་གི་རི་མོ་དེ་ཚོ་རེད་འདུག  གོང་དུ་ཨེར་སུག་བོད་པ་ཚོས་རི་མོའི་ཡི་གེ་ཞེས་རྡོ་ལ་བྲིས་ཏེ་ལམ་ཁ་དང་ཞིང་ཁར་མཆོད་ཡོད་པ་དེ་ཚོ་དང་འདྲ་མོ་རེད་འདུག  སྐབས་དེར་ངའི་སེམས་ནི་ལྷོག་ལྷོག་ཏུ་འཁོལ་བའི་ཆུ་ནང་ཆུ་འཁྱག་སྐྱོགས་གང་བླུགས་པ་ལྟ་བུར་འགྱུར་ཡང་། བདག་པོས་གཙིགས་སུ་ཉར་བའི་གལ་ཆེན་གྱི་ཆོས་དཔེ་དེ་ཚོ་རང་ལ་མཇལ་དུ་བཅུག་པ་ནི་ལྷག་བསམ་ཟོལ་མེད་ཀྱི་རྟགས་ཡིན་པས་པར་འགའ་བླངས་རྗེས་བཀའ་དྲིན་ཆེ་ཚུལ་ཡང་ཡང་ཞུས་ཏེ་ཕྱི་ལ་བུད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1