༄༅།། སྣང་བའི་མེ་ཏོག

མ་བྱན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-10



མ་བྱན།

ལས་ཀྱི་སྨུག་པ་འཐིབས་པའི་ཞེ་འདྲིས་ཀྱི་མེ་ཏོག །
སེམས་ཀྱི་བྲག་ཅར་འདྲེས་པའི་ཞེ་མཐུན་གྱི་སྣང་བ། །
སྤྲིན་དཀར་བྲང་ཁར་གཡོ་བའི་ད་དུས་ཀྱི་དྲན་གདུང་། །
ཉིན་སྲིབས་གཉིས་ཀྱིས་ཟིན་པའི་འཛུམ་ཆུང་གི་སྙིང་ཤ །

ལོ་ཟླའི་ཞེ་ལ་ཐོགས་པའི་ཁྲེལ་དགོད་ཀྱི་བུ་མོ། །
ཡིག་འབྲུའི་སྣང་ངོར་དོད་པའི་ནང་སེམས་ཀྱི་མཚོ་ཁར། །
སྙིང་གི་གཤོག་རྩལ་ངོམ་པའི་ཕར་ཚུར་གྱི་སྣེ་ལ། །
ལན་ཆགས་གང་གི་བཏབ་པའི་བགོས་སྐལ་དུ་བཞད་ཡོད། །

དགུང་ཁའི་མཚམས་སྤྲིན་དམར་བའི་གཏམ་རྒྱུད་ཀྱི་གྲིབ་སོ། །
ཞེ་རྩ་གངས་རི་འདྲ་བའི་དྲན་འཛིན་གྱི་ངོགས་སུ། །
ལས་རླུང་དལ་གྱིས་གཡུགས་པའི་བརྩེ་གདུང་གི་རི་མོ། །
ཉི་ཟླའི་རྣ་ཆ་བཞིན་དུ་དཀར་གསལ་གྱིས་འཆར་བ། །

མི་སེས་མེ་ལ་བཞུས་པའི་ཞེ་འདང་གི་དྲན་པ། །
བསྐལ་པ་སྟོང་ལ་བསྒྲུབ་པའི་ཚེ་རབས་ཀྱི་ལས་འབྲས། །
གཅིག་སེམས་གཅིག་ལ་བྱང་བའི་ཡིད་སེམས་ཀྱི་དམུ་ཐག །
མཐུན་པའི་ཁ་ཚིག་བསླེས་པའི་སྲུང་མདུད་ཀྱི་འཁོར་བ། །

མི་ཚེའི་རྒྱུ་སྐུད་ཕྲ་མོའི་རིང་ཐུང་གི་ཚད་ཐིག །
འོད་ཀྱི་སྒྲོག་གུ་སྦྲེལ་བའི་སེམས་ཟུང་གི་ཆ་མཐུན། །
དགུན་ཁའི་ཁ་བ་འདྲ་བའི་དྭངས་གཙང་གི་ཚིལ་ལུ། །
ཆད་པར་མེད་པའི་སྨོན་འདུན་གཡུང་དྲུང་གི་དན་རྟགས། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1