ཞི་ཅིན་ཕིང་གིས་སེ་ནེ་ཀལ་གྱི་ཙུང་ཐུང་སག་ལེ་དང་མཉམ་དུ་སེ་ནེ་ཀལ་གྱི་སྦེ་ག་འགྲན་ཁང་འཛུགས་སྐྲུན་རྣམ་གྲངས་ཀྱི་རྩིས་སྤྲོད་མཛད་སྒོར་ཞུགས་པ།

འཇིགས་མེད། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-24



          སྤྱི་ཚེས་22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་ཁ་འར་དུ་སེ་ནེ་ཀལ་གྱི་ཙུང་ཐུང་སག་ལེ་དང་ལྷན་དུ་སེ་ནེ་ཀལ་གྱི་སྦེ་ག་འགྲན་ཁང་འཛུགས་སྐྲུན་རྣམ་གྲངས་ཀྱི་རྩིས་སྤྲོད་མཛད་སྒོར་ཞུགས་གནང་ཡོད་པ་རེད།
          ཞི་ཅིན་ཕིང་དང་སྐུ་ཟླ་ཕོང་ལི་ཡོན་རླངས་འཁོར་ལ་ཞུགས་ཏེ་སྦེ་ག་འགྲན་ཁང་དུ་ཕེབས་པའི་ལམ་བར་དུ། སེ་ནེ་ཀལ་གྱི་མང་ཚོགས་ཁྲི་སྟོང་མང་པོ་རང་འགུལ་ངང་གཞུང་ལམ་གཡས་གཡོན་གཉིས་སུ་ལངས་ཏེ་གླུ་ལེན་གར་འཁྲབ་ཀྱིས་ཁོང་རྣམ་གཉིས་ཕེབས་པར་དགའ་བསུ་ཚད་མེད་ཞུས་པ་དང་ཀྲུང་གོའི་སྐུ་མགྲོན་ཕེབས་པར་སེམས་གཏིང་ནས་དགའ་ཚོར་སྐྱེས་ཚུལ་དང་ཀྲུང་སེའི་མཛའ་གྲོགས་མཉམ་ལས་ལ་བསྟོད་ཚུལ་མཚོན་པར་བྱས་ཡོད།
          ཞི་ཅིན་ཕིང་དང་ཕོང་ལི་ཡོན་སྦེ་ག་འགྲན་ཁང་དུ་ཕེབས་དུས། སག་ལེ་དང་སྐུ་ཟླ་མ་ལི་མེས་རླངས་འཁོར་འཇོག་སར་བསུ་བར་ཕེབས་ཡོད། སྒོ་འཛུལ་སར་ཞི་ཅིན་ཕིང་དང་སག་ལེའི་མཉམ་པར་བཀལ་ཡོད་པས་ཤིན་ཏུ་མངོན་གསལ་དོད་པོ་ཡོད། རྒྱལ་ཁབ་གཉིས་པོའི་འགོ་གཙོའི་སྐུ་ཟླས་མཉམ་དུ་རྣམ་གྲངས་ཀྱི་འགྲེམས་སྟོན་པར་རིས་ལ་གཟིགས་པ་དང་ངོ་སྤྲོད་གསན་གནང་ཡོད། སྦེ་ག་འགྲན་ཁང་དུ་མཉམ་ལས་མཉམ་རྒྱལ། ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨ་ཧྥེ་རེ་ཁའི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་ཞེས་པ་དང་། དྲང་བདེན་དང་བརྩེ་སེམས་ཟབ་པ་སྟེ། ཀྲུང་སེའི་མཛའ་གྲོགས་ཀྱི་ལེའུ་གསར་པ་མཉམ་དུ་གཏོད་ཅེས་པ་སོགས་ཀྱི་འཕྲེད་འགེལ་བྱང་བུ་ཆེན་པོ་བཀལ་ཡོད།
          མཛད་སྒོའི་ཐོག ཞི་ཅིན་ཕིང་གིས་སག་ལེར་རྣམ་གྲངས་ཀྱི་གསེར་གྱི་ལྡེ་མིག་སྤྲད་གནང་ཡོད། ཞི་ཅིན་ཕིང་དང་ཕོང་ལི་ཡོན་གྱིས་སག་ལེ་སྟངས་དཔྱལ་རྣམ་གཉིས་དང་མཉམ་དུ་སེ་ནེ་ཀལ་གྱི་སྲོལ་རྒྱུན་སྦེ་ག་རྩེད་པའི་འཁྲབ་སྟོན་ལ་གཟིགས་ཡོད། འཁྲབ་སྟོན་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་པོའི་འགོ་གཙོས་འཁྲབ་སྟེགས་མདུན་དུ་ཕེབས་ཏེ་ལུས་རྩལ་པ་ཚོ་དང་ཕྱག་གཏོང་རེས་གནང་ཡོད།
          ཞི་ཅིན་ཕིང་གིས། སྦེ་ག་འགྲན་ཁང་ནི་ཀྲུང་སེ་མི་དམངས་བར་གྱི་མཛའ་གྲོགས་ཟབ་མོའི་མཚོན་ཚུལ་ཞིག་ཡིན། སེ་ནེ་ཀལ་ནི་རིག་གནས་གཏིང་ཟབ་པའི་རྒྱལ་ཁབ་ཞིག་ཡིན། ཀྲུང་གོས་སེ་ནེ་ཀལ་དང་མཉམ་དུ་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
          སག་ལེས། ངས་ཀྲུང་གོས་སེ་ནེ་ཀལ་མི་དམངས་ལ་དེང་རབས་ཅན་དང་། ནུས་པ་མང་བའི་སྦེ་ག་འགྲན་ཁང་བསྐྲུན་རོགས་བྱས་པར་སེམས་གཏིང་ནས་ཐུགས་བརྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་སེ་ཀྲུང་མཛའ་གྲོགས་ཀྱི་མཚོན་རྟགས་གསར་པ་རེད་ཅེས་བསྟན་གནང་ཡོད།
          སེ་ནེ་ཀལ་སྦེ་ག་འགྲན་ཁང་ནི་ཟླ་ཁའར་གྱི་ཉེ་འགྲམ་དུ་གནས་ཡོད་ཅིང་། ཀྲུང་གོས་སེ་ནེ་ཀལ་དུ་འཛུགས་སྐྲུན་བྱེད་བཞིན་པའི་རོགས་སྐྱོར་རྣམ་གྲངས་ཆེ་ཤོས་ཡིན་ལ། ཨ་ཧྥེ་རེ་ཁ་གླིང་གི་དེང་རབས་ཅན་གྱི་སྦེ་ག་འགྲན་ཁང་ཐོག་མ་ཡང་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1