2018ལོའི་གསེར་མཚོའི་ཚོགས་མཆོད་གཟབ་རྒྱས་ངང་འཚོགས།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 07-30


་7པའི་ཚེས་27ཉིན། གསེར་མཚོའི་ཚོགས་མཆོད་འཛམ་གླིང་གི་རང་བྱུང་ཤུལ་བཞག་གསེར་མཚོའི་མཛེས་ལྗོངས་ཁུལ་གསེར་མཚོའི་ལྷ་ཁང་གི་མདུན་དུ་གཟབ་རྒྱས་ངང་འཚོགས། གསེར་མཚོའི་ཚོགས་མཆོད་ནི་གསེར་མཚོའི་ས་ཁུལ་གྱི་མི་རིགས་མང་པོ་མཉམ་ཞུགས་དང་ཆོས་ལུགས་མང་པོ་མཉམ་གནས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་ཚོགས་མཆོད་ཤིག་ཡིན་ཞིང་། ད་བར་དུ་ལོ་ངོ་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་ཡོད།

                       དེ་རིང་གི་གསེར་མཚོའི་མཛེས་ལྗོངས་ཁུལ་ནི་གནམ་ངོ་གཡའ་དྭངས་ཤིང་ཉི་འོད་ཕྱོགས་བཅུར་འཕྲོས་པས་ཁོར་ཡུག་ཀུན་ནས་མཛེས་ལ་ཉམས་དགའ་བ་ཞིག་འདུག ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མཇལ་པ་དང་དམངས་སྲོལ་ལ་དགའ་མཁན། པར་ལེན་མཁན། ལྗོངས་རྒྱུ་བ་སོགས་མཉམ་དུ་གནས་འདིར་འཛོམས་ཏེ། ལྷ་བསང་བཏང་ཞིང་ལྷ་གསོལ་དང་གནས་རི་སྐོར་བ་སོགས་ཀྱི་དུས་མཚུངས་སུ། གསེར་མཚོའི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱངས།

                      ཐེངས་འདིའི་གསེར་མཚོའི་མཛེས་ལྗོངས་ཁུལ་གྱི་ཚོགས་མཆོད་ཀྱི་བྱ་འགུལ་ཡུལ་དངོས་སུ།   བོད་ཀྱི་ཞབས་བྲོ་ཨ་མདོའི་རྩྭ་ཐང་། གླུ་གཞས་གངས་ཅན་པ། ཆའང་རིགས་ཀྱི་གནས་རིའི་བསྟོད་པ། ཧུའེ་རིགས་ཀྱི་པི་ཝང་རྡུང་ལེན་དང་། རྒྱ་རིགས་ཀྱི་ཞབས་བྲོ་དབྱང་ཀོ་སོགས་ཡུལ་འདིའི་མི་རིགས་སོ་སོས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་ངོ་མཚར་ཆེ་བའི་དམངས་སྲོལ་རིག་གནས་ཀྱི་འཁྲབ་ཚན་མང་མོ་རེས་མོས་ཀྱིས་འཁྲབ་སྟོན་བྱས།

                       སིང་ཀ་ཕོར་ནས་ཡོང་བའི་ལྗོངས་རྒྱུ་པ་ཁྲིན་ཡིས་ནེན་གྱིས་གསར་འགོད་པར་བཤད་རྒྱུར། ང་ནི་གསེར་མཚོའི་ཡལ་དུ་ཡོང་ཐེངས་དང་པོ་ཡིན་ལ། སྐབས་འདི་དང་འཕྲད་པ་ནི་ང་རང་བསོད་ནམས་ཆེ་བ་ལ། ཡུལ་འདིས་ང་ལ་ཁོར་ཡུག་མཛེས་པ་མི་ཟད་མི་སེམས་ཀྱི་གཏིང་ན་ཡང་མ་ཟད་པའི་མཛེས་པ་ཞིག་འདུག་ལ། རང་སའི་ཁྱད་ཆོས་ཀྱིས་ཕྱུག་འདུག་པའི་བག་ཆགས་ཤིག་བཞག་སོང་བས། གནས་འདིར་ཡོང་བ་ནི་དོན་ལྡན་དུ་གྱུར་སོང་ཟེར། 

                       གསེར་མཚོའི་ཚོགས་མཆོད་ཀྱི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་གསེར་མཚོའི་ས་ཁུལ་གྱི་དམངས་སྲོལ་རིག་གནས་རྒྱུན་འཛིན་དང་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་མངོན་ཞིང་། མི་རིགས་མང་པོ་མཉམ་ཞུགས་ཀྱི་ཚད་ཇེ་མཐོ་རུ་གཏོང་བ་དང་མི་རིགས་དང་ཆོས་ལུགས་སྣ་མང་འཆམ་མཐུན་མཉམ་གནས་ཀྱི་གནས་ཚུལ་སྲ་བརྟན་གཏོང་བ་དང་། སྔར་ལས་ལྷག་པར་གསེར་མཚོའི་རིག་གནས་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཆེད་དུ་ཡིན་ཞེས་གསེར་མཚོའི་མཛེས་ལྗོངས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་པས་གསར་འགོད་པར་བཤད།


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1