ཞི་ཅིན་ཕིང་གིས་རུ་ཝང་ཏའི་ཚགས་པར་སྟེང་མཚན་བཀོད་རྩོམ་ཡིག་སྤེལ།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-30


  ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་ཏེ་རུ་ཝང་ཏ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མ་མཛད་པའི་སྔོན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རུ་ཝང་ཏའི«དུས་རབས་གསར་པའི་ཚགས་པར»སྟེང་དུ་ཁ་ཡིག་ལ«ཀྲུང་གོ་དང་རུ་ཝང་ཏའི་མཛའ་བརྩེ་རི་ལས་མཐོ»ཞེས་པའི་མཚན་བཀོད་རྩོམ་ཡིག་སྤེལ།

        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་རུ་ཝང་ཏ་རྒྱལ་ཁབ་གཉིས་ཀྱི་བར་ཐག་རིང་ལ། རྒྱལ་ཁབ་ཀྱི་ཆེ་ཆུང་དང་ལམ་ལུགས། རིག་གནས་བཅས་ལ་ཁྱད་པར་ཡོད་ན་ཡང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ཡོད། ཀྲུང་གོ་དང་རུ་ཝང་ཏའི་བར་འབྲེལ་བ་བཙུགས་ནས་ལོ་ཞེ་བདུན་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱིས་དུས་རྟག་ཏུ་ལྷག་བསམ་མཛའ་མཐུན་དང་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་བཟུང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་རུ་ཝང་ཏའི་འབྲེལ་བ་མགྱོགས་མྱུར་གྱིས་གོང་དུ་འཕེལ་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། སྐྱེ་སྟོབས་ཆེན་པོ་རྒྱས་ཡོད། ན་ནིང་གི་ཟླ་གསུམ་པར། ང་དང་ཙུང་ཐུང་ཁ་ཅ་མཱེ་གཉིས་བར་གནས་བབ་གསར་པའི་འོག་ཏུ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་ནས། ཀྲུང་གོ་དང་རུ་ཝང་ཏའི་མ་འོངས་པའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་འཆར་འགོད་བྱས་ཡོད། ད་ལྟ་ཀྲུང་གོ་དང་རུ་ཝང་ཏའི་མཉམ་ལས་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་གོ་སྐབས་དང་འཕྲད་ཡོད་ཟེར།

        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངའི་ཐེངས་འདིའི་འཚམས་འདྲི་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐོག་དང་པོར་རུ་ཝང་ཏ་ལ་འཚམས་འདྲི་བྱས་པ་ཡིན། ངས་ཐེངས་འདིའི་འཚམས་འདྲི་བརྒྱུད་ནས། ཀྲུང་གོ་དང་རུ་ཝང་ཏའི་སྲོལ་རྒྱུན་མཛའ་བརྩེ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྒུལ་ཤུགས་གསར་པ་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་རུ་གོང་འཕེལ་དུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་རྒྱུར་རེ་སྒུག་བྱས་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་བྱེད་པ་དང་ཆབ་སྲིད་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་བདེ་ཐང་དང་གཏན་འཇགས་ངང་གོང་འཕེལ་དུ་གཏོང་བར་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་པ་དང་། འཐབ་ཇུས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་ནས། ཀྲུང་གོ་དང་རུ་ཝང་ཏའི་མཛའ་མཐུན་དེ་མཉམ་ལས་ཀྱི་ཕན་འབྲས་ངོ་མར་བསྒྱུར་དགོས་ལ། དཔལ་ཡོན་སློབ་སྦྱོང་ལ་ཤུགས་སྣོན་པ་དང་མི་ཆོས་བརྗེ་རེས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ཀྲུང་གོ་དང་རུ་ཝང་ཏའི་མཛའ་བརྩེ་དེ་མི་དམངས་ཀྱི་སེམས་སུ་སྔར་ལས་གསལ་བར་བྱེད་དགོས་པ་དང་། འབྲེལ་འདྲིས་མཐུན་སྦྱོར་ཇེ་དམ་དུ་གཏོང་བ་དང་རྒྱལ་སྤྱིའི་ལས་དོན་གྱི་གཞོགས་འདེགས་ལ་ཤུགས་བསྣན་ནས། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་དང་རུ་ཝང་ཏ་རྒྱལ་ཁབ་གཉིས་ཀྱིས་སེམས་ཤུགས་གཅིག་མཐུན་དང་སྐྱིད་སྡུག་མཉམ་མྱོང་གིས་གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱས་ནས། ཀྲུང་གོ་དང་རུ་ཝང་ཏ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཚོགས་པ་འཛུགས་ཆེད་མཉམ་དུ་འབད་འཐབ་མདུན་སྐྱོད་བྱེད་དགོས་ཟེར། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1