སི་ཁྲོན་གྱིས་མི་རིགས་རིག་གནས་སྔོག་འདོན་བྱས་ཏེ་གྲོང་གསེབ་དར་རྒྱས་སུ་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-16


ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཏིས།

 
       སི་ཁྲོན་ནི་རང་རྒྱལ་གྱི་མི་རིགས་མང་བའི་ཞིང་ཆེན་ཞིག་ཡིན་ཞིང་། ཞིང་ཆེན་དེའི་ས་ཁོངས་ནང་རྒྱལ་ཡོངས་སུ་ཆེ་ཤོས་ཡིན་པའི་དབྱིས་རིགས་འདུས་སྡོད་ཁུལ་དང་། བོད་རིགས་ས་ཁུལ་ཆེ་ཤོས་གཉིས་པ། ཆའང་རིགས་འདུས་སྡོད་ཁུལ་འབའ་ཞིག་ཡིན་པ་བཅས་ཡོད། ཉེ་ལམ་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་གྱིས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྔོག་འདོན་ཤུགས་ཆེན་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་ཆེད་བསམ་པའི་སྒུལ་ཤུགས་ཆེན་པོ་བསྣན་པ་དང་དུས་མཚུངས། གནས་དེ་གའི་འབྲེལ་ཡོད་ཐོན་ལས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྲོད་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།
       ཉེ་ཆར་གསར་འགོད་པ་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་མའོ་རྫོང་ཕེང་དབྱི་གྲོང་རྡལ་སློབ་ཆུང་དུ་འབྱོར་སྐབས། ཉེ་འགྲམ་གྱི་སློབ་ཁང་ནང་ལོ་32ལ་སླེབས་པའི་རྩིས་རིག་དགེ་རྒན་ལི་ཧྲུའུ་ཅུན་གྱིས་སློབ་མ་ཚོར་ཆའང་རིགས་ཀྱི་གླིང་བུ་གཏོང་སྟངས་སློབ་བཞིན་ཡོད་ཅིང་། ཁོང་གིས“ངས་ཕྲུ་གུ་ཚོར་གླིང་བུ་ཇི་ལྟར་གཏོང་སྟངས་སློབ་པ་མ་ཟད། ད་དུང་ཁོ་ཚོར་རོལ་དབྱངས་དེ་གསར་རྩོམ་གྱི་རྒྱབ་ལྗོངས་གནས་ཚུལ་ཤོད་ཀྱི་ཡོད། དེ་ལྟར་བྱས་པས་ཁོ་ཚོས་ཆའང་རིགས་ཀྱི་རིག་གནས་ཤེས་རྟོགས་དེ་བས་ལེགས་པ་ཐུབ་ཀྱི་འདུག”ཅེས་བརྗོད་ཀྱི་འདུག
      ཕེང་དབྱི་གྲོང་རྡལ་སློབ་ཆུང་གི་རུ་ཆེན་གྱི་ཟུར་ཁྲིད་པ་ཝང་མིང་མེས“སློབ་གྲྭ་དེ་སི་ཁྲོན་ཞིང་ཆེན་དུ་ཆའང་རིགས་ཀྱི་རིག་གནས་སློབ་གྲྭ་དང་བུ་བཅོལ་ཁང་དུ་ཐོག་མ་སྤེལ་མཁན་ཚོད་ལྟའི་སློབ་གྲྭ་ཞིག་རེད། ད་བར་ལོ་6ཕྱིན་ཡོད། ཆའང་རིགས་ཀྱི་རིག་གནས་སློབ་ཚན་ནི་སློབ་གྲྭའི་དགའ་སྣང་འཛིན་གྲྭ་ཞིག་ཡིན་པ་དང་། གཟའ་འཁོར་རེར་སློབ་ཚན་ཚོགས་ཐེངས་གཉིས་རེ་འཁྲིད་ཀྱི་ཡོད། སློབ་མ་ཚོས་རང་གི་དགའ་སྣང་ལ་གཞིགས་ནས་ཆའང་སྐད་དང་། ས་ལང་ལུས་སྦྱོང་། ལུག་པགས་རྔ་བྲོ་སོགས་ཆའང་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་10ལྷག་ཙམ་འདེམས་ཆོག་གི་ཡོད”ཅེས་གསར་འགོད་པར་བརྗོད་ཀྱི་འདུག
     ཝང་མིང་མེས“རིག་གནས་ནི་གྲོང་གསེབ་དར་རྒྱས་གཏོང་བའི་བརྟེན་ས་ཞིག་རེད། ང་ཚོ་གྲངས་ཉུང་མི་རིགས་ས་ཁུལ་གྱི་ངོས་ནས་བརྗོད་ན། ཕྲུ་གུ་ཚོས་ཆུང་བྱིས་པའི་དུས་ནས་རང་མི་རིགས་ཀྱི་རིག་གནས་ཤེས་རྟོགས་དང་། དགའ་ཞེན། ཁྱབ་སྤེལ་བྱས་ཚེ། གཞི་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་རྒྱུན་སྲིང་ལྷོད་མེད་ཀྱི་གསོན་ཤུགས་འཕེལ་ཐུབ”ཅེས་བརྗོད་ཀྱི་འདུག
     2013ལོར་དངོས་སུ་ཕྱི་ཕྱོགས་སུ་སྒོ་ཕྱེ་བའི་མའོ་རྫོང་ཆའང་རིགས་གནའ་གྲོང་ལ་ཆའང་རིགས་ཀྱི་བཟོ་སྐྲུན་རིག་གནས་དང་། ལོ་རྒྱུས་རིག་གནས་གཅིག་སྡུད་ཐུབ་ཡོད་ལ། ཆའང་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གསོན་ཉམས་དོད་པའི་ངང་མངོན་པར་བྱས་ཡོད་ཅིང་། མིག་སྔར། ཉིན་ལྟར་ཆའང་རིགས་གནའ་གྲོང་དུ་དམངས་ཁྲོད་སྒྱུ་རྩལ་པ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ། ཆའང་རིགས་ཀྱི་མི་སེར་བཅས་མི་400ཙམ་ཡོད་པ་དང་། ཁོ་ཚོས་ཆའང་རིགས་ཀྱི་རི་སྐོར་འདུ་ཚོགས་དང་། ཆའང་རིགས་ཀྱི་ལོ་གསར། ཝར་ཨ་ཙུའུ་སོགས་དུས་ཆེན་ཐོག་མངོན་མིན་རིག་གནས་ཤུལ་བཞག་དང་སྒྱུ་རྩལ་འགྲེམས་སྟོན་བྱེད་པ་དང་། ཆའང་རིགས་ཀྱི་སྲོལ་རྒྱུན་ས་ལང་ཞབས་བྲོ་འཁྲབ་པ་དང་ཆའང་རིགས་ཀྱི་ལུས་རྩལ་རྣམ་གྲངས་གཉེར་བ་སོགས་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བ་དང་སྤེལ་རེས་བྱེད་ཀྱི་ཡོད།
     ཡུང་ཧོ་ཤང་ནཱ་ཕུའུ་གྲོང་ཚོ་ནས་ཡིན་པའི་ལོ་54ལ་སླེབས་པའི་ཡུལ་མི་དབྱང་ཀྲུང་ཤང་གིས་ཆའང་རིགས་ཀྱི་ཨ་ཅག་ལགས་བདུན་བརྒྱད་དང་མཉམ་དུ་ཐང་ཆེན་ཐོག་སྤྲོ་སྣང་ལྡན་པའི་ས་ལང་ཞབས་བྲོ་འཁྲབ་བཞིན་ཡོད་པ་དང་། འཁྲིས་སུ་ཡོད་པའི་ཀུའེ་དབྱང་ནས་ཡིན་པའི་བུད་མེད་ཡུལ་སྐོར་བ་འགའ་ཞིག་ཀྱང་བྲོད་སྣང་ཆེན་པོས་ཞབས་བྲོའི་ནང་ཞུགས་པར་དབྱང་ཀྲུང་ཤང་གིས་ངང་རྒྱུད་རིང་པོའི་ངང་ཁོ་ཚོར་མཛུབ་ཁྲིད་བྱས་པས་ཞབས་བྲོའི་མི་ཚོགས་རྒྱ་ཆེར་ཕྱིན་ཡོད་ལ་འཁྲུག་ཆ་དོད་དུའང་ཕྱིན་ཡོད།
     “ཡུལ་སྐོར་བས་མཐོང་བའི་ཆའང་རིགས་གནའ་གྲོང་གི་འཁྲབ་སྟོན་པ་དག་ནི་ཉེ་འགྲམ་གྱི་ཆའང་རིགས་གྲོང་སྡེའི་མང་ཚོགས་རེད། མི་རེར་ཟླ་རེར་ཡོང་འབབ་སྒོར་2000ཙམ་ཡོད”ཅེས་དབྱང་ཀྲུང་ཤང་གིས་བརྗོད་པ་དང་། ཁོང་གིས“ང་ཚོས་ཕྱོགས་གཅིག་ནས་རང་མི་རིགས་ཀྱི་རིག་གནས་ཁྱབ་སྤེལ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་ཡོང་འབབ་བརྟན་པོ་ཡོད་སྟབས་གྲོང་ཚོ་འཕེལ་རྒྱས་དེ་བས་ལེགས་པ་འགྲོ་རྒྱུ་ཡིན་པས་དངོས་གནས་ཡག་པོ་རེད”ཅེས་བརྗོད་ཀྱི་འདུག
     རྔ་པ་ཀྲོའུ་ཛམ་ཐང་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ཐག་རིང་ལུང་ཁུག་དབུལ་ཤོས་ཡིན་པའི་རྒྱལ་ཁབ་རིམ་པའི་རྫོང་དབུལ་ཤོས་ཀྱི་གྲས་ཡིན་ཞིང་། ཉེ་ལམ་ལོ་ཤས་རིང་། ས་གནས་དེ་གས་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཀྱི་ཐོན་ཁུངས་སྤྱད་དེ“རིག་གནས་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བ”དང“རིག་གནས་ལ་བརྟེན་ནས་ཐོན་ལས་སྐྱེད་སྲིང་བྱེད་པའི”འགྲོ་ལམ་ཐོག་རིམ་གྱིས་བསྐྱོད་ཡོད། ཤེས་རྟོགས་བྱུང་གསལ། ཛམ་ཐང་རྫོང་དུ་ད་ཆ་བོད་སྤོས་དང་། བོད་ཇ། བོད་སྨན། ཐང་ག རྡོ་བརྐོས། རྒྱན་གོས་སོགས་ཚུད་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་བཏགས་པའི་རྒྱུན་འཛིན་སློབ་སྦྱོང་ཁང་26ཡོད། འཛིན་སྦྱོང་ཁང་26བསྐྲུན་པ་དེས་དམངས་ཁྲོད་ལག་རྩལ་རྒྱུན་འཛིན་པ་འབོར་ཆེན་ཞིག་ལ་ཡིད་ཆེས་ཆེ་རུ་ཕྱིན་པ་དང་ལག་རྩལ་བསྐྱར་ཤེས་ཐུབ་ནས་བར་སྐབས་ཤིག་མཚམས་འཇོག་དང་བརྗེད་ངས་ཀྱི་ཡུལ་དུ་སོང་བའི་དམངས་ཁྲོད་སྒྱུ་རྩལ་མང་པོ་ཞིག་ཞིང་འབྲོག་མང་ཚོགས་ཚོས་སྦྱོང་ཐུབ་པས་མངོན་མིན་རིག་གནས་ཤུལ་བཞག་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་ནང་མི་1400ལྷག་ཙམ་ཞུགས་ཐུབ་པ་དང་འབྲེལ་དུད་ཚང་དབུལ་པོ་སྟོང་ལ་ཉེ་བ་ལས་ཞུགས་ལས་གཏོད་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད།
      ན་ནིང་ཟླ་4པར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་རྒྱ་བཙུགས་གྲོང་ཚོས་ཁམས་པའི་ཕོ་རྒོད་རིག་གནས་བཏོད་དེ“ཁམས་པའི་ཕོ་རྒོད་ཀྱི་གྲོང་གསེབ་ལྗོངས་གཟིགས་ཡུལ་སྐོར་མཉམ་ལས་ཁང་”བཙུགས་པ་དང་། གཙོ་བོ་དྲེལ་པ་དང་། ཁམས་པའི་ཕོ་རྒོད་ཀྱི་རྒྱན་གོས། གླུ་གར། རྟ་རྩལ་སོགས་འཁྲབ་སྟོན་དང་ཁྱད་ལྡན་བོད་ཟས་དང་བཏུང་བྱའི་ལས་རིགས་གཉེར་གྱི་ཡོད། དུས་ཆེན་དང་ངལ་གསོའི་དུས་སུ་ཡུལ་སྐོར་བ་ཚོ་འདི་གར་སྤྲོ་གསེང་བཏང་བར་ཡོང་ཚེ། རྟ་བཞོན་པ་དང་། ཁམས་པའི་ཕོ་རྒོད་ཀྱི་གླུ་གར་འཁྲབ་སྟོན་ལ་བལྟ་བ་སོགས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོད། བསྡོམས་རྩིས་ལས་མངོན་གསལ། མཉམ་ལས་ཁང་བཙུགས་ཚུན། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སྟོང་ཕྲག་མང་པོ་ལྗོངས་གཟིགས་ལྟ་སྐོར་ལ་ཡོང་རྒྱུའི་ཡིད་དབང་བཀུག་ནས་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་བརྒྱ་ཙམ་བྱུང་ཡོད།
      “གྲོང་གསེབ་ཀྱི་རིག་གནས་དང་། མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། གྲོང་གསེབ་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཀྱང་ཡིན”ཞེས་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་ཐིང་ཀྲང་ཀྲོའུ་སི་ཡོན་གྱིས་བརྗོད་པ་དང་། ཁོང་གིས“སི་ཁྲོན་འདི་ཉིད་མི་རིགས་མང་བའི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས་མི་རིགས་རིག་གནས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཚེ་གྲོང་གསེབ་དར་རྒྱས་གཏོང་རྒྱུར་མདུན་ལམ་ཧ་ཅང་ཆེན་པོ་ཡོད”ཅེས་བརྗོད་ཀྱི་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1