མངའ་རིས་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ཚོགས་པས་ས་མཐོའི་སྔ་མའི་ཤེས་རིག་གི་གནའ་རྫས་རྟོག་ཞིབ་ཀྱི་ཞིབ་འཇུག་སྟོང་ཆ་བསྐངས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-17


       2018ལོའི་བོད་ལྗོངས་མངའ་རིས་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ཚོགས་པའི་བརྟག་དཔྱད་དང་སྔོག་འདོན་ལས་དོན་སྤེལ་འགོ་ཚུགས་ནས་ཟླ་བ་གཅིག་ལྷག་ཙམ་སོང་ཡོད་པ་དང་། གོམ་སྲུལ་ལ་མགོའི་གནའ་ཤུལ་སོགས་གནའ་རྫས་རྟོག་ཞིབ་ཀྱི་ས་ཚིགས་5ཡི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། 
       ཤེས་རྟོགས་བྱུང་བར་གཞིགས་ན། དེང་སྐབས་རྒྱལ་སྤྱིའི་བོད་རིག་པའི་ལས་རིགས་ཀྱིས་མཚོ་བོད་མཐོ་སྒང་གི་སྔ་མའི་ཤེས་རིག་དང་ལྷག་པར་དུ་ཞང་ཞུང་དུས་སྐབས་ཀྱི་ཞིབ་འཇུག་གཙོ་བོ་ཡིག་ཆ་དང་སྐད་བརྡ་རིག་པ། ཆོས་ལུགས་རིག་པ། མིའི་རིགས་རིག་པ་སོགས་ཀྱི་རིག་ཚན་ཁྱབ་ཁོངས་བརྒྱུད་ནས་སྐུལ་སྤེལ་གཏོང་གི་ཡོད། ཟླ་7ཚེས་9ཉིན་དངོས་སུ་ད་ཐེངས་ཀྱི་བརྟག་དཔྱད་དང་སྔོག་འདོན་ལག་ལེན་བསྟར་འགོ་ཚུགས་ཡོད། དེ་ནི་རང་རྒྱལ་གྱིས་བོད་ལྗོངས་མངའ་རིས་སུ་གཅིག་སྡུད་དུ་སྤེལ་བའི་གཞི་ཁྱོན་ཆེས་ཆེ་བའི་གནའ་རྫས་རྟོག་ཞིབ་ལས་དོན་ཡིན་ཞིང་། དེས་མཚོ་བོད་ས་མཐོའི་སྔ་མའི་ཤེས་རིག་གི་གནའ་རྫས་དཔྱད་ཞིབ་ཀྱི་ཞིབ་འཇུག་སྟོང་ཆ་སྐོང་བའི་རེ་བ་ཡོད།

       “དེ་སྔོན་མངའ་རིས་ས་ཁུལ་གྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་ནས་བསྟན་པར། སྐབས་དེའི་བོད་ལྗོངས་ས་མཐོ་དང་ཨེ་ཤ་ཡ་དབུས་མ་དང་། ཨེ་ཤ་ཡ་ལྷོ་མ་སོགས་ཉེ་འཁོར་ས་ཁུལ་དུ་རིག་གནས་སྤེལ་རེས་རྒྱ་ཁྱབ་ཏུ་གནས་ཡོད།” བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཤར་རྒན་དབང་འདུས་ལགས་ཀྱིས“བོད་ལྗོངས་ནུབ་རྒྱུད་ཀྱི་སྔ་མའི་ཤེས་རིག་ལ་སྔར་བས་རྒྱུས་ལོན་ཡོང་ཆེད། ད་ཐེངས་གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་དང་སྔོག་འདོན་ལས་དོན་དེར་རྒྱལ་ཁབ་རིག་དངོས་ཅུས་དང་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད”ཅེས་བརྗོད།

       ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་ལས་རིགས་ཀྱིས་སྔོག་འདོན་བྱས་པའི་མངའ་རིས་ཀྱི་གནའ་ཤུལ་ལ་ཆུ་འཐག་དུར་ས་དང་གོམ་སྲུལ་ལ་མགོའི་གནའ་ཤུལ་སོགས་ཡོད་པ་དང་། དེའི་ནང་བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་མཉམ་འབྲེལ་ཐོག་སྤེལ་བའི་གད་པ་གསེར་མདའ་གནའ་ཤུལ་གནའ་རྫས་རྟོག་ཞིབ་སྔོག་འདོན་རྣམ་གྲངས་ལས་བོད་ལྗོངས་ནུབ་རྒྱུད་ཀྱི་བང་སོ་སྔ་ཤོས་རྙེད་ཡོད། གླང་ཆེན་ཁ་འབབ་རྒྱུག་ཁུལ་གྱི་གནའ་ཤུལ་དང་། སྔ་མའི་ཤེས་རིག་འཕེལ་རིམ་དང་དེ་བཞིན་ཉེ་འཁོར་གྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་ལ་དངོས་པོའི་དཔྱད་ཡིག་དང་ཁུངས་སྣེ་གལ་ཆེན་མཁོ་འདོན་བྱས་ཡོད།
      ཤར་རྒན་དབང་འདུས་ལགས་ཀྱིས“བོད་ལྗོངས་ནུབ་རྒྱུད་ཀྱི་སྔ་མའི་གནའ་རྫས་དཔྱད་ཞིབ་ཞིབ་འཇུག་དེ་འགག་གནད་བྱས་ཏེ། རང་རྒྱལ་གྱི་བོད་རིག་པའི་ཁྱབ་ཁོངས་ཀྱི་ཞང་ཞུང་དུས་སྐབས་དང་ནུབ་རྒྱུད་མངའ་རིས་ཀྱི་སྔ་མའི་ཤེས་རིག་དང་འབྲེལ་བའི་ཞིབ་འཇུག་སྐུལ་འདེད་བཏང་བ་ལས། མི་རྣམས་ཀྱིས་མཚོ་བོད་ས་མཐོའི་སྔ་མའི་ལོ་རྒྱུས་དང་ཞང་ཞུང་རིག་གནས་ཀྱི་རྣམ་པ་དང་། དེ་བཞིན‘རྒྱུད་གཅིག་ལམ་གཅིག’ལམ་རྒྱུད་ཀྱི་ཤེས་རིག་ཞིབ་འཇུག་སོགས་ཤེས་རྟོགས་ཡོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད"ཅེས་བརྗོད།
       ད་ཐེངས་ཀྱི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ནང་ཞུགས་མཁན་ཚན་པར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་རིག་པ་ཞིབ་འཇུག་ཁང་གི་བོད་ལྗོངས་རུ་ཁག  ཧྲའན་ཞི་ཞིང་ཆེན་གྱི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་། སི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་། ནུབ་བྱང་སློབ་ཆེན་སོགས་ཡོད་ཅིང་། སྤྱི་ཡོངས་ཀྱི་ལས་དོན་ཟླ་དགུ་པའི་ཟླ་འགོར་མཇུག་འགྲིལ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1