ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 08-17


        ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། ཅི་ལིན་ཞིང་ཆེན་ཁྲང་ཁྲོན་གྲོང་ཁྱེར་གྱི་ཁྲང་ཧྲིན་ཀུང་ཟིའི་འགོག་སྨན་གྱོད་གཞིར་ཞིབ་བཤེར་བྱས་པ་དང་དེ་མིན་འབྲེལ་ཡོད་འགན་འདྲིའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
        ཚོགས་ཐོག་ནས་བསྟན་དོན། འགོག་སྨན་གྱོད་གཞི་དེ་བྱུང་བའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་ཐེངས་མང་པོར་མཛུབ་སྟོན་གལ་ཆེན་གནང་སྟེ། མགྱོགས་མྱུར་སྒོས་གྱོད་གཞི་ལ་ཞིབ་བཤེར་རྩད་གཅོད་བྱེད་པ་དང་འགན་འདྲིའི་བྱ་བ་ནན་ཏན་སྒོས་སྒྲུབ་དགོས་ལ། ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་བདེ་འཇགས་ཚད་མཐའ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་ཁེ་ཕན་དང་སྤྱི་ཚོགས་བརྟན་འཇགས་ཀྱི་ཁྱོན་ཡོངས་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་མང་པོར་གྲོས་ཚོགས་བསྡུས་ཏེ་ཞིབ་འཇུག་བྱས་པ་དང་ཞིབ་བཤེར་ཚན་ཁག་མངགས་ཏེ་ཞིབ་བཤེར་བྱས་པས། མིག་སྔར་གྱོད་གཞིའི་གནས་ཚུལ་དང་འབྲེལ་ཡོད་ལས་ཁུངས་དང་ལས་བྱེད་པའི་འགན་འཁྲི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་གསལ་བོ་བྱས་ཟེར།
        ཚོགས་ཐོག་ནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་བཟང་བོ་བྱས་ཏེ། སྨན་རྫས་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་གསལ་བོར་ཤེས་པར་བྱེད་པ་དང་བསླབ་བྱ་དང་ལེན་ཟབ་མོ་བྱེད་དགོས་ལ། ལྟ་རྟོག་དོ་དམ་འགན་འཁྲི་དངོས་འབེབས་བཟང་བོ་བྱས་ནས་འགོག་སྨན་གྱི་སྤུས་ཚད་དང་བདེ་འཇགས་ཚད་མཐའ་རྒྱུན་འཁྱོངས་བྱེད་དགོས། འགོག་སྨན་གྱོད་གཞིའི་ཐག་གཅོད་རྗེས་མཐུད་ཀྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་འགོག་སྨན་བརྒྱག་པའི་བྱ་བ་བཟང་བོར་སྒྲུབ་དགོས་པར་མ་ཟད། ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་རིན་ཚབ་བྱ་བ་སྒྲུབ་པ་དང་འགོག་སྨན་དོ་དམ་ནུས་ལྡན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་པའི་རེ་བ་བཏོན།
        ཚོགས་ཐོག་ནས་ཅི་ལིན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཅིན་ཡུས་ཧོས་ཀྱི་གོ་གནས་ལེན་པ་དང་ཅི་ལིན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཅིན་ཞིག་ལ་ལས་སྐྱུར་བྱེད་པའི་བཀའ་ཕབ་པར་འཐད་པ་བྱུང་བ་དང་། ཁྲང་ཁྲོན་གྲོང་ཁྱེར་གྱི་ཧྲི་ཀྲང་ལིག་ཁྲང་ལུང་དང་ཁྲང་ཁྲོན་གྲོང་ཁྱེར་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་སྔོན་ཆད་ཀྱི་ཅུའུ་ཀྲང་པུས་ཅིན་ཆོན་གཉིས་ལ་ལས་སྐྱུར་སྐྱོན་ཞིབ་བྱེད་དགོས་པའི་རེ་བ་བཏོན་ལ། ཅི་ལིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཅང་ཀྲི་དབྱིན་དང་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཅོ་ཧོང་གཉིས་ཀྱིས་སྐྱོན་བརྗོད་ནན་མོ་བྱེད་དགོས་པའི་རེ་བ་བཏོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་སྔོན་ཆད་ཀྱི་ཅུའུ་ཀྲང་གཞོན་པ་བུའུ་ཀྲིན་ལ་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བྱེད་རྒྱུ་ཐག་བཅད། ཚོགས་ཐོག་ནས་ཅི་ལིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྐྱོན་བརྗོད་ནན་མོ་བྱེད་དགོས་པའི་བཀའ་ཕབ།
        ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1