ཞི་ཅིན་ཕིང་གིས“ཀྲུང་གོའི་སྨན་པའི་དུས་ཆེན”ཐེངས་དང་པོར་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-20




             “ཀྲུང་གོའི་སྨན་པའི་དུས་ཆེན”ཐེངས་དང་པོ་འཆར་ལ་ཉེ་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན། ཁོང་གིས་དུས་ཡུན་རིང་པོའི་ནང་རང་རྒྱལ་གྱི་རྒྱ་ཆེའི་སྨན་དོན་མི་སྣས་ཏང་གི་འབོད་སྐུལ་ལ་དང་ལེན་ཧུར་ཐག་ཞུས་ནས་ཚེ་སྲོག་གོང་བཀུར་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་འབུལ་འདོད་པ། བརྩེ་སེམས་ཆེན་པོ་འཆང་བ་བཅས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་ཏེ་ནད་གཞི་སྔོན་འགོག་སྨན་བཅོས་དང་། གསོ་རིག་ཤེས་ལྡན་པ་གསོ་སྐྱོང་། གསོ་རིག་ཚན་རྩལ་འཕེལ་རྒྱས་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་འབྲེལ་གཡུར་ཟའི་གྲུབ་འབྲས་ཀྱང་ཐོབ་སྟེ། གསོ་རིག་མཁས་ཅན་དང་མི་དམངས་ཀྱི་སྨན་པ་བཟང་པོ་འབོར་ཆེན་ཐོན་ཡོད། ལྷག་པར་དུ་འགོ་ནད་ཚབས་ཆེན་གྱི་ཉེན་ཁར་ཁ་གཏད་གཅོག་པ་དང་རང་བྱུང་གནོད་འཚེ་ཚབས་ཆེན་འགོག་རྒོལ་བྱེད་སྐབས་རྒྱ་ཆེའི་སྨན་དོན་མི་སྣས་ཉེན་ཁ་འཕྲད་ཀྱང་སྐྲག་སྣང་མི་བྱེད་པ་དང་། སྨན་བཅོས་འོས་འགན་ལེགས་པར་སྒྲུབ་པ། ཞུམ་མེད་མདུན་སྐྱོད་བྱེད་པ། རང་དོར་གཞན་སྐྱོབ་བྱེད་པ་བཅས་བྱས་པས་སྤྱི་ཚོགས་ཡོངས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད། ལོ་ལྟར་གྱི་ཟླ་8ཚེས་19ཉིན“ཀྲུང་གོའི་སྨན་པའི་དུས་ཆེན”ལ་གཏན་འཁེལ་བྱས་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། རྒྱ་ཆེའི་སྨན་དོན་མི་སྣའི་ཕུལ་བྱུང་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མཚོན་ཡོད་ཅེས་གསུངས་པ་རེད།
                ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་སྤྱི་ཚོགས་ཡོངས་ཀྱིས་སྨན་དོན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་སྨན་པར་བརྩི་འཇོག་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། རྒྱ་ཆེའི་སྨན་དོན་མི་སྣ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། ནད་བཅོས་སྲོག་སྐྱོབ་ཀྱི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྔ་འཛིན་ཕྱི་གཏོད་དང་ཡང་འབད་བསྐྱར་འབད་བྱེད་པ། མི་དམངས་ཀྱི་གཟུགས་གཞི་བདེ་ཐང་ཡོང་ཆེད་ལེགས་སྐྱེས་གསར་པ་རྒྱུན་ཆད་མེད་པར་འབུལ་བ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ཆེད་ལེའུ་གསར་པ་རྩོམ་པ་བཅས་བྱས་ནས་རང་རྒྱལ་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
               ཟླ་8ཚེས་17ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་པེ་ཅིང་གྲོང་ཁྱེར་ཧའེ་ཏན་སྨན་ཁང་དུ་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་པར་དུས་ཆེན་ལ་རྟེན་འབྲེལ་ཞུ་ལུགས་དང་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་བརྒྱུད་བསྒྲགས་གནང་བ་རེད། དེ་དང་ཆབས་ཅིག་སྨན་བཅོས་འཐབ་ཕྱོགས་དང་པོའི་སྨན་དོན་མི་སྣར་གཟིགས་པ་དང་འབྲེལ་བཞུགས་མོལ་གནང་ཞིང་། ཁོང་གིས“ཀྲུང་གོའི་སྨན་པའི་དུས་ཆེན”གཏན་འཁེལ་གནང་བ་ནི་ཏང་དང་མི་དམངས་ཀྱིས་སྨན་དོན་མི་སྣར་གནང་བའི་དམིགས་བསལ་གྱི་གཟི་བརྗིད་མཚན་སྙན་ཞིག་ཡིན་པས་ཚང་མས་དེ་འགོ་འཛུགས་ས་གསར་པ་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་། སྨན་པའི་ཀུན་སྤྱོད་བཟང་པོ་འཇགས་པ་དང་སྨན་རྩལ་ཡག་པོ་སྦྱངས་ཏེ་སྤུས་ལེགས་ཀྱི་ཞབས་ཞུའི་ཐོག་ནས་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་ཡོང་བར་ཕན་པ་བསྐྲུན་དགོས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་སྨན་དོན་མི་སྣའི་ངལ་རྩོལ་ལ་བརྩི་འཇོག་ཐོབ་པ་དང་རིན་ཐང་མངོན་པར་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
              སྨན་དོན་མི་སྣའི་འཐུས་མི་5ཡིས་བཞུགས་མོལ་བྱེད་སྐབས་གཏམ་བཤད་སྤེལ་བ་རེད། རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། པེ་ཅིང་གྲོང་ཁྱེར། ཀྲུང་དབྱང་དམག་ཨུད་ཀྱི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་ཁུར་བློ་མཐུན་དང་དེ་བཞིན་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འཐུས་མི་བཞུགས་མོལ་ལ་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1