བཟའ་ཚང་གཉིས་ཀའམ་ཅིག་ཤོས་ཞིང་འབྲོག་མང་ཚོགས་ཡིན་ན་བུ་ཕྲུག་གསུམ་སྐྱེས་ཆོག

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-21


        ཉེ་ཆར། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས〈སི་ཁྲོན་ཞིང་ཆེན་མི་གྲངས་དང་འཆར་ལྡན་བུ་བཙའི་སྲོལ་ཡིག〉ལག་ལེན་བྱས་པའི་བབ་བསྟུན་བསྒྱུར་བཅོས་ཀྱི་གཏན་འབེབས》དེ་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་དངོས་སུ་ཆོག་མཆན་སྤྲད་ནས་ལག་ལེན་བསྟར་བ་རེད། 
        《བབ་བསྟུན་བསྒྱུར་བཅོས་ཀྱི་གཏན་འབེབས》ནང་དུ་བུ་བཙའི་སྲིད་ཇུས་མང་པོར་ལེགས་འགྱུར་དང་གུ་ཡངས་བཏང་ཡོད་པ་སྟེ། གཅིག་ནི་རང་སྐྱོང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་ཚུད་ཀྱི་རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། ཁེ་ལས་དང་དོན་ལས་སྡེ་ཚན། མང་ཚོགས་རང་བཞིན་གྱི་རྩ་འཛུགས། ཐེམ་ཐོ་དཀར་མཛེས་ཁུལ་ཡིན་པའི་སྤྱི་འབངས་བཅས་ལ་བབ་བསྟུན་བསྒྱུར་བཅོས་ཀྱི་གཏན་འབེབས་འདི་སྤྱོད་ཆོག་གི་ཡོད་པ་དང་། གཉིས་ནི་གཏན་འབེབས་ནང་དུ་རང་སྐྱོང་ཁུལ་གྱིས་འཆར་ལྡན་བུ་བཙའི་གཞི་རྩའི་རྒྱལ་ཇུས་ལག་ལེན་བསྟར་བ་དང་། བཟའ་ཚང་རེས་བུ་ཕྲུག་གཉིས་བཙའ་བར་སྐུལ་མ་གཏོང་ཞིང་ལེགས་བཙའ་ལེགས་གསོ་བྱ་དགོས་ཞེས་གསལ་པོར་བསྟན་ཡོད། གསུམ་ནི་བཟའ་ཚང་གཉིས་ཀ་དང་ཡང་ན་ཅིག་ཤོས་ཞིང་འབྲོག་པ་ཡིན་ན། ཆོག་མཆན་སྤྲད་རྗེས་བུ་ཕྲུག་གསུམ་སྐྱེ་ཆོག་པ་གསལ་པོར་བསྟན་ཡོད་པ་རེད། བཞི་ནི་བབ་བསྟུན་བསྒྱུར་བཅོས་ཀྱི་གཏན་འབེབས་འདི་དང་འཚམ་པའི་བུ་བཙའི་བཟའ་ཚང་ཡིན་ན། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ཕུད་རྗེས། བུད་མེད་ལ་བུ་བཙའི་དགོངས་པ་ཉིན30དང་སྐྱེས་པར་གཉོར་སྐྱོང་དགོངས་པ་ཉིན10ལྷག་མ་ཡོད་པ་དང་། བུ་བཙའ་དང་གཉོར་སྐྱོང་དགོངས་པའི་དུས་རིམ་ནི་རྒྱུན་ལྡན་གྱི་ལས་སྒྲུབ་ཉིན་མོའི་ཁོངས་སུ་བརྩིས་ནས་གླ་ཕོགས་དང་ཕན་བདེའི་ལྟ་སྐྱོང་སོགས་ལ་འགྱུར་བ་མེད་ཅེས་གཏན་འབེབས་བྱས་ཡོད་པ་རེད། ལྔ་ནི《བུ་ཕྲུག་གཅིག་རང་གི་ཕ་མའི་གཟི་བརྗིད་དཔང་རྟགས》ཡོད་པའི་བཟའ་ཚང་དང་དེའི་བུ་རྒྱུད། ཁྱིམ་ཚང་བཅས་ཀྱི་ལྟ་སྐྱོང་སྲིད་ཇུས་ལ་འགྱུར་བ་མེད་ཅིང་ཞིབ་ཕྲའི་ཐབས་ཤེས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱ་དགོས་ཞེས་གསལ་པོར་བསྟན་ཡོད། དྲུག་ནི་བབ་བསྟུན་བསྒྱུར་བཅོས་ཀྱི་གཏན་འབེབས་འདི་ལག་ལེན་ཡག་པོ་མི་བསྟར་བའི་རྫོང་དང་གྲོང་ཁྱེར། ཡུལ་ཚོ་དང་གྲོང་རྡལ། སྡེ་ཚན་གཞན་དག་བཅས་ལ་རིམ་པ་མཚུངས་པ་དང་ཡང་ན་གོང་རིམ་མི་དམངས་སྲིད་གཞུང་གིས་སྐྱོན་བརྗོད་དང་སློབ་གསོ་བརྒྱབ་ནས་དུས་བཅད་ནང་དུ་ཡོ་བསྲང་བྱེད་པའི་འགན་དཀྲི་དགོས་ཤིང་། ཐད་ཀར་འགན་ཁུར་བའི་གཙོ་གཉེར་མི་སྣ་དང་འགན་ཐད་ཀར་ཡོད་པའི་མི་སྣར་ཁྲིམས་ལྟར་ཆད་གཅོད་བྱ་དགོས་ཞེས་གསལ་པོར་བསྟན་ཡོད། བདུན་ནི་བཅའ་ཁྲིམས་དང་ཁྲིམས་སྲོལ། བབ་བསྟུན་བསྒྱུར་བཅོས་ཀྱི་གཏན་འབེབས་འདི་དང་མི་འཚམ་པར་བུ་ཕྲུག་བཙའ་མཁན་ལ། 《སི་ཁྲོན་ཞིང་ཆེན་མི་གྲངས་དང་འཆར་ལྡན་བུ་བཙའི་སྲོལ་ཡིག》ལྟར་སྤྱི་ཚོགས་ཀྱི་གསོ་སྐྱོང་གྲོན་དངུལ་བསྡུ་བར་ཕུད། ད་དུང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་ན་ཆད་པ་གཅད་རྒྱུ་དང་། མི་སྣ་གཞན་དག་ལ་ལས་ཁུངས་དང་ཡང་ན་རྩ་འཛུགས་ཀྱིས་སྒྲིག་འགལ་ཆད་པ་གཅད་དགོས་ཞེས་གསལ་པོར་བསྟན་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1