༄༅།། ལྕི་བའི་ཕན་ཡོན།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-28


        བུ་ཡི་མིག་ལ་མ་ལས་མཛེས་པ་ཞིག་དང་འབྲོག་པའི་སེམས་སུ་ལྕི་བ་ལས་བྲིན་པ་ཞིག་མེད་པ་ལྟར། བོད་མིའི་སེམས་སུ་ལྕི་བ་ནི་བཀྲ་ཤིས་པའི་རྫས་ཤིག་ཏུ་བསམས་ཤིང་། དེ་ཉིད་མཐོ་སྒང་གི་འབྲོག་པས་འབུད་ཤིང་བྱས་ཏེ་དུས་ད་ལྟའི་བར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད། བོད་མི་རིགས་ཀྱིས་ལྕི་བ་མེ་རུ་བསྒྲོན་པའི་ངོགས་ནས་སེམས་ཀྱི་དྲོད་ཁོལ་གཞན་ཞིག་རྙེད་ཡོད།
        ལྕི་བ་ནི་འབུད་ཤིང་ཙམ་མ་ཡིན་པར། གངས་ཅན་ཁ་བའི་ལྗོངས་ཀྱི་མི་རྣམས་ཀྱིས་དེ་ཉིད་བཀྲ་ཤིས་པའི་རྫས་སུ་བརྩི་དོན་ཡང་། དམིགས་བསལ་གྱི་ཁོར་ཡུག་ནས་ལྕི་བས་དམིགས་བསལ་གྱི་ནུས་པ་གལ་ཆེན་ཐོན་བཞིན་ཡོད་དེ། དཔེར་ན་གཉེན་སྟོན་དང་བསང་གཏོང་བ། རུ་སྤོར་བ་སོགས་དང་། ཐ་ན་ནད་རིགས་ལ་ལ་ཡང་བཅོ་ཐུབ་པར་བཤད།
        བོད་ཀྱི་གཉེན་སྟོན་བྱེད་སྐབས། ཕུགས་སྟོད་དུ་གཡང་མདའ་འཇོག་ཅིང་དེའི་འོག་ཏུ་ལྕི་བ་སྒྱེ་གང་དང་ཆུ་དྭངས་མོ་ཟོམ་གང་འཇོག་པ་དང་། ད་དུང་དེའི་སྟེང་སོ་སོར་བཀྲ་ཤིས་ཁ་བཏགས་རེ་ཕུལ་བའི་དཔེ་ཡོད་དེ། དེ་ཡང་གཉེན་སྒྲིག་པའི་གསར་བུ་དང་གསར་མོ་གཉིས་ཀྱི་གོ་ཁ་བུ་ཡིས་གང་ཞིང་སྒོ་ཁ་རྒྱུ་ཡིས་གང་བའི་བཀྲ་ཤིས་ཕྱྭ་གཡང་གི་ཚབ་ཡིན།
        འབྲོག་པ་རྣམས་དབྱར་ཁར་གནས་སྤོར་སྐབས་སྡོད་ཁང་གསར་པའི་ནང་དུ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ཐང་ག་ཞིག་དང་ལྕི་བ་སྒྱེ་གང་། ཆུ་ཟོམ་གང་བཅས་འཇོག་པ་དེས་སྡོད་ཁང་གསར་པའི་ནང་དུ་སྤར་རྗེས། མི་ལ་ནད་མེད་ཅིང་ཕྱུགས་ལ་གོད་ཁ་མི་འབྱུང་བའི་རྟགས་སུ་བརྩི་བ་ཡིན།
        བོད་ཁུལ་དུ་ལྕི་བ་ནི་རླུང་ནད་ཀྱི་གཉེན་པོར་བརྩི་ཞིང་། བཅོས་ཐབས་ནི་ཧ་ཅང་སྟབས་བདེ་ཡིན། ལྕི་བ་མེ་རུ་སྒྲོན་པའི་སྟེང་རླུང་སྨན་ཉུང་ཙམ་བླུགས་ཤིང་རླུང་ནད་ཅན་གྱི་མིར་སྣོམ་དུ་བཅུག་ན། ཁམས་དྭངས་ཤིང་སེམས་ལྷོད་ལ་འབབ་ཐུབ་པར་བརྗོད། ད་དུང་ལྕི་བས་ཕྱུགས་ར་བརྩིགས་པ་ལས་གཞན་སྡོད་ཁང་གི་རྩིབས་མའི་སྟེང་སྦྱར་ན་ཁང་བར་སྲུང་སྐྱོབ་བྱེད་ཐུབ་པ་དང་དགུན་དུས་སུ་འཁྱག་རླུང་འགོག་ནུས། བོད་ཁུལ་གྱི་ས་ཆ་ལ་ལ་ཞིག་གིས་ལྕི་བས་སྡོད་ཁང་བརྒྱན་པའང་ཡོད།
        བོད་མི་རྣམས་ཀྱིས་ལྕི་བ་འབུད་པ་དེས་དཔལ་འབྱོར་གྱི་འགྲོ་སོང་ཉུང་དུ་བཏང་ཡོད་པ་ལས་གཞན། ད་དུང་འཚོ་བར་སྟབས་བདེ་བསྐྲུན་ཡོད་ཅིང་། དེ་ལས་ཀྱང་ཁོར་ཡུག་སྲུང་སྐྱོབ་བྱས་ཡོད་པ་དེས་བོད་མི་རིགས་ནི་རང་བྱུང་ཁམས་ཆེན་པོར་གཅེས་སྤྲས་བྱ་མཁན་ཡིན་པ་རྟོགས་ནུས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1