༄༅།། ཧོར་བྲག་མགོ་སྤོ་པྲོམ་གྲོང་པའི་ལོ་ངོ་བརྒྱའི་རིང་གི་སྐད་ཆའི་འཕོ་འགྱུར།

བྱང་ཆུབ་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-30


བྱང་ཆུབ་སྒྲོལ་མ།

        སྐད་ཆ་ནི་མི་རིགས་ཤིག་གི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཡང་། དུས་ཀྱི་དབང་གིས་རིག་གནས་སྣ་མང་མཉམ་འདྲེས་དང་བརྗེ་རེས་བྱེད་པ་བརྒྱུད་དེ། སྐད་ཆ་ལ་འཕོ་འགྱུར་བྱུང་དང་འབྱུང་བ་ནི་སྨྲོས་ཅི་དགོས། ཤེལ་ཆུ་འགྲམ་གྱི་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་གཟི་ཤོད་རྭ་མོ་ཁོག་སའི་ཆ་གཏོགས་ཀྱི་བྲག་མགོ་རྫོང་སྤོ་པྲོམ་གྲོང་པ་ནི་རིག་གནས་སྣ་མང་བརྗེ་རེས་དང་མཉམ་འདུས་བྱས་པ་ཤིན་ཏུ་མང་བའི་ས་ཆ་ཞིག་ཡིན་པས། འདས་པའི་ལོ་ངོ་བརྒྱ་ཙམ་གྱི་རིང་ལ་གྲོང་པ་འདིའི་སྐད་ཆ་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད།
        བྲག་མགོ་རྫོང་གི་སྤོ་པྲོམ་གྲོང་པ་ནི་བྲག་མགོ་རྫོང་གི་ཤར་ལྷོ་ཕྱོགས་སུ་ཆགས་ཡོད་ལ་རྫོང་བར་དུ་སྤྱི་ལེ་15ལྷག་ཡོད། དེ་ནི་1973ལོའི་ས་འགུལ་ཆེན་པོའི་ལྟེ་གནས་སུ་ཡོད་ལ། ཞིང་ལས་གཙོ་གཉེར་བྱེད་པའི་ས་ཆ་ཞིག་ཡིན། ད་ལྟ་གྲོང་པ་དེར་དུད་ཚང་11དང་མི་གྲངས་80ལྷག་ལ་ཟིན། སྤྱིར་སྤོ་པྲོམ་ཞེས་པ་ནི་དམུ་སྐད་ཡིན་ཏེ། དམུ་ནི་གནམ་གྱི་དོན་དང་། དམུ་སྐད་ནི་གནམ་སྐད་དེ་དག་གཙང་ལྷ་ཡི་སྐད་ཞེས་པའི་དོན་ལ་འཇུག་ཅེས་ཀྱང་ཆོག སྤོ་ནི་སྤང་གི་དོན་དང་པྲོམ་ནི་དཀར་པོའི་དོན། སྤོ་པྲོམ་ནི་ས་དེ་ག་ལ་སྤྲ་བ་དཀར་པོ་མང་པོ་སྐྱེས་ཡོད་པས་སྤང་དཀར་པོ་ཞེས་པའི་མིང་བཏགས་པ། གྲོང་པའི་ཉེ་འགྲམ་གྱི་ས་གནས་གང་མང་ཞིག་ད་ལྟར་ཡང་དམུ་སྐད་བཞིན་དུ་མིང་འབོད་བཞིན་ཡོད། གནའ་ནས་ད་བར་དུ། གྲོང་པ་དེས་ལྷ་ཀླུ་གཞི་བདག་སོགས་མཆོད་པ་དང་། མོ་རྩིས་སྤར་ཁ་དར་བ། ཞིང་ལས་སོ་ནམ་དང་འཐག་འཁེལ། ཆང་ལས་སོགས་ལ་མཁས་པ། ལྷག་པར་དུ་དམངས་ཁྲོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་དང་བོན་པོའི་རིག་གནས་ཀྱི་ཡུལ་དབུས་ཤིག་ཏུ་ཆགས་ཡོད། ཕྱིས་སུ་བོད་རྒྱུད་ནང་བསྟན་གྱི་གྲུབ་མཐའ་གཞན་དག་དར་བས་མགོ་འཕང་ཇེ་དམའ་རུ་སོང་།
        སྤོ་པྲོམ་གྲོང་པ་ནི་སྲོལ་རྒྱུན་རིག་གནས་ཀྱིས་ཕྱུག་པའི་གཤིན་ས་ཞིག་ཡིན་ན་ཡང་། ཉེ་བའི་ལོ་ངོ་བརྒྱ་ཙམ་གྱི་རིང་ལ། ཕྱི་འབྲེལ་སྟབས་ཇེ་བདེ་དང་ཇེ་མང་འགྲོ་བ་དང་མཉམ་དུ་གདོད་མའི་རིག་གནས་དེ་དག་ཉམས་དམས་སུ་སོང་ཚར། འདིར་ལོ་ངོ་བརྒྱ་ཡས་མས་ཀྱི་རིང་དུ་སྤོ་པྲོམ་གྲོང་པའི་སྐད་ཆ་ལ་འཕོ་འགྱུར་ག་འདྲ་བྱུང་ཡོད་པ་བརྗོད་པར་འདོད་དེ། ད་སྐབས་སྐུ་བཞུགས་བཞིན་པའི་སྤོ་པྲོམ་གྲོང་པའི་རྒ་རྒན་རྣམས་ཀྱིས་དྲན་གསལ་ལྟར་ན། སྔ་དུས་སུ་སྤོ་པྲོམ་གྲོང་པ་ལ་ཁྱོན་དུད་ཁག་ལྔ་ཡོད་ལ། སྐབས་དེར་མནའ་མ་མག་པ་དང་བཅས་པའི་གྲོང་མི་ཚང་མས་དམུ་སྐད་བཤད་པ་རེད། ཆེས་སྔ་ཤོས་ཀྱི་མི་རབས་(དུས་རབས་བཅུ་དགུ་པའི་མཇུག་ཙམ་ནས་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་དུ།)དེ་དག་གིས་ཚེ་གང་བོར་དམུ་སྐད་གཅིག་རྐྱང་བཤད་པ་ཡིན། དཔེར་ན་གུ་རུ་དོན་འགྲུབ་(རྟ་ལོ། 1894)
        དང་དབང་མོ་(ཕག་ལོ། 1899)ལྟ་བུ། དེའི་རྗེས་ཀྱི་མི་རབས་(དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུ་ཙམ་ནས་ལོ་རབས་བདུན་ཅུ་ཙམ་དུ།)དེས་གཙོ་བོ་དམུ་སྐད་བཤད་པ་དང་ཚེ་སྨད་ལ་ཁ་ཤས་ཀྱིས་བྲག་མགོའི་རོང་སྐད་ཀྱང་བཤད། མི་རེ་གཉིས་ཀྱིས་ཨུ་རུ་སུའི་སྐད་ཡིག་ཅུང་ཙམ་ཤེས། དཔེར་ན། པད་ལོ་(འབྲུག་ལོ། 1928)དང་བསོད་ནམས་ཕུན་ཚོགས་(སྟག་ལོ། 1938)ལྟ་བུ། དེའི་རྗེས་ཀྱི་མི་རབས་(དུས་རབས་ཉི་ཤུ་པའི་ལོ་རབས་བཞི་ཅུ་ཙམ་ནས་ད་བར།)དེས་ཕལ་ཆེས་ཚེ་སྟོད་ལ་དམུ་སྐད་དང་ཚེ་སྨད་དུ་བྲག་མགོའི་རོང་སྐད་བཤད། རྒྱ་སྐད་མི་བཤད་ཀྱང་སྐད་ཆའི་ནང་དོན་ཕྱོགས་ཙམ་གོ་མཁན་མང་། དཔེར་ན། བསོད་ནམས་ལྷ་མོ་(ཁྱི་ལོ། 1946)དང་རིག་ལོ་(བྱ་ལོ། 1945)ལྟ་བུ། དེའི་རྗེས་ཀྱི་མི་རབས་(དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་ཙམ་ནས་ད་བར།)དེས་བྲག་མགོའི་རོང་སྐད་བཤད་ལ་དམུ་སྐད་ཤ་ར་ར་བཤད་མ་ཤེས་ན་ཡང་སྐད་ཆའི་ནང་དོན་གོ། དེ་མ་ཚད་རྒྱ་སྐད་བཤད་ཤེས་མཁན་མང་ལ་བཤད་མ་ཤེས་ཀྱང་ཕལ་ཆེ་བས་ནང་དོན་ཕྱོགས་ཙམ་གོ དཔེར་ན། སྐལ་བཟང་(བྱི་བ། 1960)དང་གཡང་སྐྱིད་(ཡོས་ལོ། 1975)ལྟ་བུ། དེའི་རྗེས་ཀྱི་མི་རབས་(དུས་རབས་ཉི་ཤུ་པའི་ལོ་རབས་དགུ་ཅུ་ཙམ་ནས་ད་བར།)དེས་ཕལ་ཆེ་བས་བྲག་མགོའི་རོང་སྐད་དང་རྒྱ་སྐད་གཉིས་ཀ་བཤད། དབྱིན་སྐད་ཕྲན་ཙམ་ཤེས་མཁན་ཡང་ཡོད། དམུ་སྐད་བཤད་ཤེས་མཁན་ཕར་བཞག་ཚིག་རེ་གཉིས་ཙམ་གོ་མཁན་ཡང་ཤིན་ཏུ་ཉུང་། ད་ལྟའི་གསར་སྐྱེས་ཚང་མ་དེ་ལྟར་དུ་ཆགས་ཡོད། གོང་དུ་མི་རབས་ལྔའམ་ལོ་ངོ་བརྒྱ་ཙམ་གྱི་རིང་གི་སྤོ་པྲོམ་གྲོང་པའི་སྐད་ཆའི་འཕོ་འགྱུར་ལོ་རྒྱུས་དེ་དངོས་ཡོད་གནས་ཚུལ་བཞིན་དུ་བཀོད་ཡོད་པར། མི་རབས་བཞི་པ་ནས་ལྔ་པའི་བར་ཏེ་སྤྱི་ལོ་1960ལོ་ཙམ་ནས་ད་བར་དུ་སྐད་ཆ་འཕོ་འགྱུར་གྱི་འགྲོས་དེ་བས་མགྱོགས། དུས་ཡུན་དེ་འདྲ་ཐུང་ཐུང་ཞིག་གི་ནང་དུ་སྐད་ཆ་ལ་འཕོ་འགྱུར་ཆེན་པོ་བྱུང་པའི་རྒྱུ་རྐྱེན་ཅི་ཡིན་ཞེ་ན།
གཅིག ཕྱི་འབྲེལ་སྟབས་བདེ་ཅན་དུ་གྱུར་དང་འགྱུར་བཞིན་པའི་སྤྱི་ཡི་ཁོར་ཡུག
        སྔ་དུས་ཀྱི་མཆོད་མེ་ཡི་འོད་ཆུང་ཁ་ནས་ཕ་མའི་གཏམ་རྒྱུད་ཉན་པ་དང་སྟོད་སྨད་གང་དུ་འགྲོ་དགོས་ན་རྐང་པ་གཉིས་བརྟེན་ནས་འགྲོ་དགོས་པ་ནི་ལོ་རྒྱུས་སུ་གྱུར་ཟིན་ལ། ད་ལྟ་ནི་རླངས་འཁོར་གནམ་གྲུ་སོགས་གནམ་ས་གཉིས་སུ་ཉིན་མཚན་དུས་དྲུག་ཏུ་རྒྱུགས་བཞིན་པ་དང་། བརྙན་འཕྲིན་ལག་འཕྲིན་སྐད་འཕྲིན་བཅས་ལ་ལུང་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་རེད། དེང་རབས་ཚན་རྩལ་དར་བ་དང་འཛུགས་སྐྲུན་འཕེལ་རྒྱས་འགྲོ་བ། ཕྱི་འབྲེལ་སྟབས་ཇེ་བདེ་དང་ཇེ་མང་འགྲོ་བཞིན་པ་ནི་ཀུན་གྱིས་མིག་མཐོང་ལག་ཟིན་དུ་གྱུར་ཡོད། དེ་ལས་སྐད་རིགས་དང་མི་རིགས། རིག་གནས་འདྲ་མིན་སྣ་ཚོགས་མཉམ་དུ་འདྲེས་པར་ཤུགས་རྐྱེན་ཤིན་ཏུ་ཆེན་པོ་ཐེབས་དང་ཐེབས་བཞིན་པའོ། །
གཉིས། གྲོང་པ་དེ་རུ་གནས་སྤོས་ཡོང་པའི་ཁྱིམ་ཚང་གིས་ཤན་ཤུགས་ཐེབས་པ། གོང་དུ་བཀོད་པའི་མི་རབས་བཞི་པ་སྟེ་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་ཙམ་དུ། སྐབས་དེའི་སྤོ་པྲོམ་གྲོང་པའི་བྱིས་པ་མང་པོ་ཞིག་བྲག་མགོ་རོང་སྐད་བཤད་མགོ་བརྩམས། དེ་དུས་བརྡ་འཕྲིན་དང་འགྲིམ་འགྲུལ་སོགས་ད་ལྟའི་ནང་བཞིན་སྟབས་བདེ་མོ་མེད་པས་རྒྱུ་རྐྱེན་གཙོ་བོ་ནི་ཏྲེ་ཧོར་ནས་གནས་སྤོས་ཡོང་བའི་ཁྱིམ་ཚང་དེའི་བྱིས་པ་རྣམས་ཀྱིས་དམུ་སྐད་བཤད་མི་ཤེས་པས་གྲོང་པའི་བྱིས་པ་ཀུན་གྱིས་བྲག་མགོ་རོང་སྐད་བཤད། ཡིན་ན་ཡང་གནས་ཚུལ་འདི་སྐད་ཆ་འཕོ་འགྱུར་སོང་བའི་རྐྱེན་གཙོ་བོ་མིན་པར་སྙམ།
གསུམ། སྲིད་གཞུང་གི་སློབ་གྲྭ་ལ་ཞུགས་པ།
        དུས་རིམ་མི་འདྲ་བའི་ནང་དུ་སྤོ་པྲོམ་གྲོང་པའི་གྲོང་མི་རྣམས་གཞུང་ཕྱོགས་ཀྱི་སློབ་གྲྭ་རུ་ཞུགས་མྱོང་། གོང་དུ་བཀོད་པའི་མི་རབས་དང་པོ་ཕར་ཕུད་པའི་མི་རབས་བཞི་པོ་ཡིས་གཞུང་གིས་བཀོད་སྒྲིག་ལྟར་དུ་དབྱིན་ཡིག་དང་ཨུ་རུ་སུའི་ཆོས་སྤེལ་མི་སྣ། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་དགེ་རྒན་བཅས་ཀྱི་ཨུ་རུ་སུའི་སྐད་ཡིག རྒྱ་ཡིག བོད་ཡིག དབྱིན་ཡིག་སོགས་ཀྱི་སྐད་ཡིག་གང་མང་སྦྱངས། ཅུང་སྔ་བའི་དུས་ཙམ་སྟེ་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་ཙམ་ནས་སྤོ་པྲོམ་གྲོང་པའི་བྱིས་པ་རྣམས་གཞུང་གི་སློབ་གྲྭར་འགྲོ་མཁན་མང་ལ་ལས་བྱེད་ཀྱང་ཧ་ཅང་མང་། མིག་སྔར་གྲོང་པ་དེ་ག་ལ་གྲོང་མི་བརྒྱད་ཅུ་ཙམ་ཞིག་གི་ནང་དུ་གཞུང་གི་ལས་བྱེད་སུམ་ཅུ་ལྷག་ཙམ་དུ་ཡོད། ཕལ་ཆེར་ཁྱིམ་རེ་ལ་ལོ་ལོན་དང་ཁྱིམ་འཛིན་མཁན་རེ་གཉིས་ཙམ་ལས་མེད། ཏན་ཏན་མི་རབས་དང་པོས་དམུ་སྐད་རྐྱང་རྐྱང་བཤད་པ་དང་མི་རབས་གཉིས་པ་ནས་རིམ་གྱིས་སྐད་ལ་འཕོ་འགྱུར་བྱུང་། འདི་ནི་སྐད་ལ་འཕོ་འགྱུར་སོང་དང་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པར་སྙམ།
        ལོ་ངོ་བརྒྱ་ཙམ་གྱི་རིང་ལ། སྤོ་པྲོམ་གྲོང་པར་རིག་གནས་འདྲ་མིན་བརྗེ་རེས་དང་མཉམ་འདྲེས་བྱས་མྱོང་བ་སྟེ། ཆོས་ལུགས་དད་པ་ལ་མཚོན་ན། གདོད་མར་བོན་ཆོས་ལ་དད་པ་དང་། ཕྱིས་སུ་དགེ་ལུགས་པ་བཅས་ཀྱི་བོད་རྒྱུད་ནང་བསྟན་སོགས་ལ་དད་པའི་སྣ་མང་ཅན་དུ་གྱུར། སློབ་གསོ་ལ་མཚོན་ན། གོ་མན་ཏང་དང་ཀྲུང་གོ་རྒྱལ་ཁབ་དབུ་བརྙེས་བ་བཅས་ཀྱི་དུས་རིམ་སོ་སོ་ལ་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་སོགས་ཀྱི་སློབ་གསོ་ཡང་ཐེབས། དེ་མ་ཚད་སྔོན་གྱི་བར་སྐབས་ཤིག་ལ་གྲོང་མི་ཁ་ཤས་ཀྱིས་དབྱིན་ཡིག་དང་ཨུ་རུ་སུའི་ཆོས་སྤེལ་མི་སྣའི་སློབ་གསོ་ཐེབས་མྱོང་ལ་ཨུ་རུ་སུ་ཡི་སྐད་ཡིག་ཀྱང་སྦྱངས་མྱོང་། 1936ལོར་དམར་དམག་བྲག་མགོ་རུ་རྒྱང་སྐྱོད་བྱེད་དུས་སུ་སྤོ་པྲོམ་ནི་ཤེལ་ཆུ་བརྒལ་སའི་གྲུ་ཁ་གལ་ཆེ་རུ་གྱུར་ལ། དམར་དམག་རྨས་མ་དང་ན་ཆུང་མང་པོ་རྗེས་སུ་ལུས་པས། དུད་ཁག་རེས་མ་མཐའ་ཡང་དམར་དམག་རེ་རེ་ཉོར་སྐྱོང་བྱས་ཡོད། སྐད་ཆ་ལ་མཚོན་ན། གོང་དུ་བརྗོད་པར་ལྟར་ཐོག་མར་དམུ་སྐད་དང་ཕྱིས་སུ་བྲག་མགོའི་རོང་སྐད་འདྲེས་པ་དང་། བྲག་མགོའི་རོང་སྐད་གཙོ་བོ་གྱུར་པ་དང་དམུ་སྐད་འདྲེས་པ། བྲག་མགོའི་རོང་སྐད་གཙོ་བོ་གྱུར་ལ་རྒྱ་སྐད་འདྲེས་པ་དང་དམུ་སྐད་ཐ་ཐོར་དུ་གནས་པའི་འཕོ་འགྱུར་བྱུང་། མིག་སྔར་འཕོ་འགྱུར་འདི་དང་འདི་ལྟ་བུ་ནི་སྤོ་པྲོམ་གྲོང་པ་ཙམ་མ་ཡིན་པར་སྤྱི་ཡི་འགྲོ་ཕྱོགས་ཤིག་ཏུ་གྱུར་ཟིན་པས། ང་ཚོས་ཀྱང་རིག་གནས་སྣ་མང་ཅན་གྱི་རིག་གནས་འགུལ་སྐྱོད་དང་བརྡབ་བསིག་ཁྲོད་དུ་རིག་གནས་ཀྱི་རྒྱུན་ཇི་ལྟར་མཐུད་པ་དང་རིག་གནས་ཀྱི་རྐང་ག་འདྲ་ཚུགས་དགོས་པར་ཞིབ་འཇུག་ནན་མོ་བྱེད་པར་འོས། །  
◆ རྩོམ་པ་པོ། བྱང་ཆུབ་སྒྲོལ་མ། སི་ཁྲོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1