༄༅།། མཁས་པ་མི་གསུམ་གྱི་ལྷ་ཁང་།

མི་གསལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།དགེ་ལུགས་པའི་དྲ་བ། སྤེལ་དུས། 09-05


            མཁས་པ་མི་གསུམ་གྱི་ལྷ་ཁང་ནི་ཨ་མདོའི་ཟི་ལིང་གྲོང་ཁྱེར་གྱི་ནུབ་ལམ་ཆེན་མོར་ཡོད་ཅིང་ལ་མོ་བདེ་ཆེན་གྱི་དགོན་ལག་ཡིན།
            སྔོན་མཁས་པ་མི་གསུམ་ཨ་མདོའི་ས་ཆར་ཕེབས་ནས་ཡུན་རིང་དུ་བཞུགས་ཏེ་བསྟན་པའི་མེ་རོ་གསོས། སྐུ་གཤེགས་ནས་སྐུ་གདུང་འདིར་བཞུགས་ཏེ་མདོ་སྨད་ཆོས་འབྱུང་ལས། ཟི་ལིང་མཁར་དུ་མཁས་པ་མི་གསུམ་གྱི་སྐུ་གདུང་། ཞེས་གསལ་བོར་གསུངས།  དེར་མི་གསུམ་ལྷ་ཁང་ཞིག་རལ་ཏུ་གྱུར་པ་དགུ་རོང་ཚང་གིས་ལས་འགོ་ཞིག་རྩོམ་སྐབས།  ཟི་ལིང་ཨན་བྷན་དང་ཅུང་ཟད་གྲོས་མཐུན་མ་བྱུང་བས་ལས་འཕྲོར་བསྐྱུར།

            སྐབས་ཤིག་ཟི་ལིང་ཨམ་བན་མ་ཅུ་མིན་ནས།ལ་མོ་དགེ་འདུན་ནོར་བུ་ཚང་ལ་ཏཱ་ཧྥོ་ཟིའམ་མཁས་པ་མི་གསུམ་གྱི་ལྷ་ཁང་འདི་ལ་ལོ་རྒྱུས་ཡུན་རིང་ཡོད་མོད་སུས་ཀྱང་བདག་དམ་མ་བྱས་པས་ཞིག་རལ་དུ་གྱུར།  ལྷ་ཁང་འདི་ཁྱོད་ཀྱིས་བདག་གིར་མི་བྱེད་ན་ངས་དམག་ར་བྱེད་རྩིས་ཡིན་ཟེར་བས། ལ་མོ་བསྟན་འཛིན་ནོར་བུས་བསྐྱེར་བཞེངས་པར་ཁས་བླངས།  ཨན་བྷན་གྱིས་སྔོན་དགུ་རོང་ཚང་གིས་བསྐྱར་བཞེངས་བྱེད་རྩིས་ཀྱིས་གསེར་ཁོག་དགོན་པར་ཤིང་རིན་དངུལ་སྲང་སྟོང་དྲུག་ཆད་ཡོད་པ་ལ་ལ་མོ་ཚང་གིས་གསབ་སྟེ་ཞིག་གསོ་བྱེད་རྒྱུར་ཐག་བཅད་ཅིང་།  བདེ་ཆེན་སྒར་གཞུང་ནས་དངུལ་སྤྲད་ནས་བཞེངས།

            ༡༩༥༨ལོར་ཆོས་ཆོས་སྒོ་བརྒྱབས་ཤིང་། ༡༩༦༢ལོར་སླར་ཡང་སྒོ་ཕྱེས་པ་རིག་གསར་སྐབས་སུ་ཡང་ཆོས་སྒོ་བརྒྱབས།
            ༡༩༧༨ལོར་སླར་ཡང་ཆོས་སྒོ་ཕྱེས།ལ་མོ་སྐུ་ཕྲེང་བརྒྱད་པ་རྗེ་བཙུན་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོས་མཁས་པ་མི་གསུམ་གྱི་ལྷ་ཁང་བསྐྱར་གསོ་བྱེད་རྒྱུའི་ཐད་ལ་ཕྱི་ནང་གི་བར་ཆད་མང་པོས་གཙེས་ཏེ་འདོད་དོན་མ་འགྲུབ། ཁོང་སྐུ་གཤེགས་རྗེས་ལ་མོ་ཡོངས་འཛིན་གྱིས་ཁུར་དུ་བཞེས་ནས་རྟེན་དང་བརྟེན་པ་དང་བཅའ་ལེགས་པར་གྲུབ།
            ད་ལྟ་ལ་མོ་སྐུ་ཕྲེང་དགུ་བ་མཆོག་སྤྲུལ་རིན་པོ་ཆེས་འཛིན་སྐྱོང་བྱེད་པའི་སྐབས་ལགས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1