ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཀྱིས་གྲལ་སྒོར་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 09-06


ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་པེ་ཅིང་གི་བསྒྲགས་གཏམ་དང་པེ་ཅིང་གི་བྱ་སྤྱོད་འཆར་གཞིར་གྲོས་འཆམ་བྱུང་བ།

ཟླ་9ཚེས་4ཉིན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཀྱི་གྲལ་སྒོར་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་མཚམས་དང་པོའི་ཚོགས་འདུ་གཙོ་སྐྱོང་གནང་བ།


ཟླ་9ཚེས་4ཉིན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཀྱི་གྲལ་སྒོར་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སྟེ་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཧྥུའུ་ས་སོ་སོས་དུས་མཚམས་དང་པོ་དང་དུས་མཚམས་གཉིས་པའི་ཚོགས་འདུ་གཙོ་སྐྱོང་གནང་བ།

        ཚེས་4ཉིན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཀྱི་གྲལ་སྒོར་ཚོགས་འདུ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སྟེ་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཧྥུའུ་ས་སོ་སོས་དུས་མཚམས་དང་པོ་དང་དུས་མཚམས་གཉིས་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག《སྔར་བས་ཟབ་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་སྐོར་གྱི་པེ་ཅིང་གི་བསྒྲགས་གཏམ》དང《ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཏེ། པེ་ཅིང་གི་བྱ་སྤྱོད་འཆར་གཞི(2019ལོ་ནས་2021ལོ་བར)》ལ་གྲོས་འཆམ་བྱུང་བ་རེད།
        སྔ་དྲོའི་ཆུ་ཚོད་བཅུ་པ་ཡོལ་ཙམ་དུ་ཞི་ཅིན་ཕིང་དང་། གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སྟེ་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཧྥུའུ་ས། གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་ཁོངས་མིའི་སྐུ་ཚབ་ཚོགས་པ་53གྱི་ཚོགས་གཙོ་བཅས་ལྷན་དུ་ཚོགས་རར་ཕེབས་ཤིང་། ཞི་ཅིན་ཕིང་གིས་ཚོགས་འདུ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
        ཚོགས་ཞུགས་ཕྱོགས་ཁག་གིས་གཙོ་གནད་ཐོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ། སྔར་བས་ཟབ་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ། “རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་རྒྱུ། དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་བཅས་ལ་རང་རང་སོ་སོའི་གཟིགས་ཚུལ་གསུངས་པ་རེད།
        ཞི་ཅིན་ཕིང་གིས་ཉིན་གཉིས་རིང་པེ་ཅིང་གི་དབུ་ཚོགས་ཀྱིས“མཉམ་ལས་གཉིས་ཁེ། སྔར་བས་ཟབ་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་ལག་གདང་སྦྲེལ་ནས་གཏོད”ཅེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་སླར་ཡང་མཆོག་ཏུ་འཛིན་པ་རེད།
        ཞི་ཅིན་ཕིང་གིས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཉེར་ནས་ལོ་18སོང་བའི་རིང་དང་ལྷག་པར་དུ་2015ལོའི་གཡོད་ཧན་ནེ་སི་པའོ་ཡི་དབུ་ཚོགས་འཚོགས་ཚུན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་མྱུར་པོ་བྱུང་བར་ཐུན་མོང་ཐོག་ཕྱིར་ལྟ་བྱས་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི“མཉམ་ལས་འཆར་གཞི་ཆེན་པོ་བཅུ”ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཚུལ་ལ་གྲོས་ཞིབ་བྱས་རྗེས་ཡིད་མགུ་པོ་བྱུང་། ང་ཚོས་ལག་གདང་སྦྲེལ་ནས་འགན་འཁྲི་མཉམ་ཁུར་དང་། མཉམ་ལས་གཉིས་ཕན། བདེ་སྐྱིད་མཉམ་སྤྱོད། རིག་གནས་མཉམ་དར། བདེ་འཇགས་མཉམ་སྐྲུན། ཞི་མཐུན་མཉམ་གནས་བཅས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་བརྩེ་སེམས་ཀྱི་འབྲེལ་ཐག་དམ་དུ་གཏོང་རྒྱུ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དུས་རབས་ཀྱི་གོ་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་བཅས་ཀྱི་གཏན་འབེབས་གཅིག་མཐུན་ཐོག་བྱས་ཡོད་ཅེས་བསྟན་གནང་བ་རེད།
        ཞི་ཅིན་ཕིང་གིས་ང་ཚོས་དབུ་ཚོགས་ཀྱི་གྲུབ་འབྲས་ཡིག་ཆར་གཅིག་མཐུན་ཐོག་གྲོས་འཆམ་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཁ་ཕྱོགས་གསལ་པོར་བསྟན་ཡོད། 《སྔར་བས་ཟབ་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་སྐོར་གྱི་པེ་ཅིང་གི་བསྒྲགས་གཏམ》དེ་ཐོག་ནས་དེང་དུས་འཛམ་གླིང་ཐོག་གི་གནད་དོན་གལ་ཆེན་ལ་འཛིན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཐུན་མོང་ངོས་འཛིན་ཕྱོགས་ཡོངས་ནས་མཚོན་པ་དང་ཆབས་ཅིག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཛའ་གྲོགས་དང་། གོ་སྐབས་མཉམ་སྤྱོད། འགྲན་སློང་མཉམ་བསུ་བཅས་ཀྱི་ཆོད་སེམས་ཀྱང་མངོན་གྱི་ཡོད། 《ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཏེ། པེ་ཅིང་གི་བྱ་སྤྱོད་འཆར་གཞིའི(2019ལོ་ནས་2021ལོ་བར)》ནང་འབྱུང་འགྱུར་ལོ་གསུམ་དང་སླད་ཕྱིན་དུས་མཚམས་ཤིག་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཁྱབ་ཁོངས་ཁག་ཏུ་དངོས་སྒྲུབ་མཉམ་ལས་བྱ་རྒྱུའི་འཆར་འགོད་བྱས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས“བྱ་སྤྱོད་ཆེན་པོ་བརྒྱད”སྤེལ་རྒྱུ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་འདུན་པ་བརྟན་པོ་མངོན་པར་བྱས་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཀོད་ཡོད་ཅེས་བསྟན་གནང་བ་རེད།
        ཞི་ཅིན་ཕིང་གིས་ང་ཚོས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱ་རྒྱུར་མོས་མཐུན་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ཀྱི་སྤུས་རྟགས་དང་རྒྱལ་སྤྱིས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་དར་ཆ་ཞིག་ཏུ་གཏོད་རྒྱུ་ཡིན། ང་ཚོས་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གླེང་སྟེགས་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་ཀྲུང་གོ་དང་ཨ་ཧྥེ་རི་ཁས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》 མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་འཕེལ་རྒྱས་ཀྱི་འཐབ་ཇུས་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས་ཨ་ཧྥེ་རི་ཁ་དར་རྒྱས་གོང་འཕེལ་ཡོང་ཕྱིར་གོ་སྐབས་དང་ཕན་འབྲས་ལྡན་པའི་ལས་སྟེགས་སྔར་བས་མང་བ་མཁོ་འདོན་བྱ་རྒྱུ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་རྫོགས་མཐའ་མེད་པའི་སྒུལ་ཤུགས་དང་བར་མཐོངས་དེ་བས་ཆེན་པོ་ཞིག་མཁོ་འདོན་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་དབུ་ཚོགས་ཀྱིས་རྒྱལ་སྤྱིའི་དུས་བབ་དང་། ཞི་བདེ་དང་བདེ་འཇགས། གོ་ལ་ཧྲིལ་པོ་བཅོས་སྐྱོང་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཆེན་པོར་དམིགས་ཏེ་ལྟ་སྟངས་བརྗེ་རེས་གཏིང་ཟབ་བྱ་རྒྱུ་ཡིན། ང་ཚོས་སེམས་ཐག་གཙང་བཅད་ཀྱིས་སྦྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་དང་ཕྱོགས་མང་ཚོང་དོན་ལམ་སྲོལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། ཕན་ཚུན་བརྩི་བཀུར་དང་། འདྲ་མཉམ་དྲང་གཞག མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
        ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བས་སྒུལ་ནུས་ཆེན་པོ་ཞིག་གསོག་འཇོག་བྱས་ནས་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཡག་པོ་བསུ་བཞིན་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་དུ་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཀྱི་ཤར་རླུང་དང་བསྟུན་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པར་རྒྱུན་ཆད་མེད་པར་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་འདོད་ཡོད། ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་རྒྱུན་སྲིང་ལྷོད་མེད་ཀྱིས་རྒྱུན་འཛིན་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཚོན་པའི་སྡོང་པོའི་རྩ་བ་དེ་བས་ཟབ་ཅིང་ཡལ་ག་རྒྱས་པར་བྱེད་དགོས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་སྲིང་ལྷོད་མེད་ཀྱིས་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་འཐབ་ཇུས་ཀྱི་རྨང་གཞི་དེ་བས་སྲ་བརྟན་དུ་གཏོང་དགོས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཐུན་མོང་འཕེལ་རྒྱས་ལ་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་བཏང་སྟེ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་རོགས་ལས་ལ་རྒྱུན་སྲིང་ལྷོད་མེད་ཀྱིས་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་མཐོ་རླབས་དེ་བས་ཆེན་པོ་ཞིག་འཕྱུར་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་ལས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་ཐེབས་པ་དང་། ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་བཟུང་བའི་ཨ་ཧྥེ་རི་ཁའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་བརྟན་དུ་སོང་བ་མ་ཟད། ད་དུང་རྒྱལ་སྤྱིའི་མཉམ་ལས་རོགས་ཟླས་ཨ་ཧྥེ་རི་ཁར་དེ་བས་མཐོང་ཆེན་གྱིས་ཨ་ཧྥེ་རི་ཁར་མ་དངུལ་གཏོང་ཤུགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་ཡོད། ང་ཚོས་ད་ཐེངས་ཀྱི་དབུ་ཚོགས་འདི་འགོ་འཛུགས་ས་གསར་པར་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བའི་རླབས་ཆེའི་ཕུགས་འདུན་འགྲུབ་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
        ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་ད་ཐེངས་ཀྱི་དབུ་ཚོགས་ལ་གདེང་འཇོག་ཆེན་པོ་གནང་ཞིང་། ཚང་མས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ལོ་རྒྱུས་རང་བཞིན་གྱི་རྒྱས་འཛོམས་ཤིག་ཡིན་པའི་དབུ་ཚོགས་འདིས་འཛམ་གླིང་ལ་ཨ་ཧྥེ་རི་ཁ་དང་ཀྲུང་གོས་མཛའ་གྲོགས་རོགས་ལས་ལ་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་ཆེ་མོར་སྐུལ་འདེད་གཏོང་བར་གཞོལ་རྒྱུའི་བརྡ་རྟགས་གསལ་པོ་ཞིག་སླར་ཡང་བཏང་བའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དེ་བས་མང་པོ་ཞིག་གླེང་སྟེགས་ལ་ཞུགས་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་མཐོང་སྐབས་ཧ་ཅང་དགའ་པོ་བྱུང་། དངོས་སྒྲུབ་ནུས་ཆེ་དང་གྲུབ་འབྲས་ཕུན་སུམ་ཚོགས་པའི་ད་ཐེངས་ཀྱི་དབུ་ཚོགས་འདིས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་མཉམ་ལས་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཀྱི་དུས་རབས་གསར་པ་བཏོད་ཡོད། གླེང་སྟེགས་ཀྱིས་སྔར་བས་ཟབ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་སྣེ་འདྲེན་དུ་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་དེ་བས་མང་བ་གཅིག་ཏུ་བསྒྲིལ་རྒྱུ་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་ཆེད་དྲང་ནུས་དེ་བས་མང་བ་གསོག་རྒྱུ་རེད།
        ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་ཡི་དབུ་ཚོགས་ཐོག་གཏན་འཁེལ་བྱས་པའི“མཉམ་ལས་ཀྱི་འཆར་གཞི་ཆེན་པོ་བཅུ”དོན་འཁྱོལ་བྱས་ཚུལ་ལ་བློ་མགུ་པོ་བྱུང་། ཞི་ཅིན་ཕིང་གིས་པེ་ཅིང་གི་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས་ཁྱབ་བསྒྲགས་གནང་བའི“བྱ་སྤྱོད་ཆེན་པོ་བརྒྱད”སོགས་ཨ་ཧྥེ་རི་ཁ་དང་དངོས་སྒྲུབ་མཉམ་ལས་བྱ་རྒྱུའི་འདོད་ཚུལ་གསར་པ་དང་བྱེད་ཐབས་གསར་པར་ཚད་མཐོའི་གདེང་འཇོག་གནང་བ་དང་། འབྲེལ་ཡོད་བྱེད་ཐབས་དང་གྲོས་འགོ་དག་ཨ་ཧྥེ་རི་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་ཚུད་ཁྱབ་ཁོངས་དང་རྦད་དེ་མཐུན་ཡོད། དེ་ལས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ཀྱི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་ཐེབས་རྒྱུ་དང་། ཆུ་ཚད་དེ་བས་མཐོ་བའི་ཐོག་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཡོང་རྒྱུ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་སྟོབས་ཤུགས་ཆེ་རུ་འགྲོ་རྒྱུ། རྒྱལ་སྤྱིའི་སྒྲིག་སྲོལ་དེ་བས་གཞུང་དྲང་དང་ལུགས་མཐུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་བཅས་རེད། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཨ་ཧྥེ་རི་ཁ་དང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་པ་བརྒྱུད་ཨ་ཧྥེ་རི་ཁའི་ཁྱབ་ཁོངས་གཞི་གཅིག་ཅན་དུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་པོ་ཐེབས་རྒྱུ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་ཡོང་རྒྱུར་རམ་འདེགས་གལ་ཆེན་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།
        ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁར་ཉན་འཇོག་དང་། བསམ་ཤེས། རྒྱབ་སྐྱོར་བཅས་བྱེད་ཀྱི་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་རམ་བྱེད་སྐབས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་ཡེ་ནས་བྱེད་ཀྱི་མེད། ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་རིང་ཀྲུང་གོས་རྟག་ཏུ་ལ་རྒྱ་གཙོ་བོར་བཟུང་བ་དེ་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཡུན་རིང་གནས་པའི་འདྲ་མཉམ་མིན་པའི་སྣང་ཚུལ་དང་བསྡུར་བ་གསལ་པོ་ཞིག་ཆགས་ཡོད། རྒྱལ་སྤྱིའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་དྲང་པོའི་གཞུང་སྲོང་བ་དང་ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་ཧྥེ་རི་ཁ་དང་ཀྲུང་གོས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་ལས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་པ་དང་ཤུགས་རྐྱེན་ཆེ་རུ་ནུས་ལྡན་འགྲོ་རྒྱུ་རེད་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1