འབར་ཁམས་ནས་ལོ་རྒྱུས་ཟློས་གར་སྲོང་བཙན་སྒམ་པོ་འཁྲབ་སྟོན་བྱས།

མུན་ཁེར་སྐྱེས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-12


     ཟླ9པའི་ཚེས7ཉིན་ནས་ཚེས8ཉིན་བར། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ་རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་བོད་ཀྱི་ལོ་རྒྱུས་ཟློས་གར་ཆེན་མོ་སྲོང་བཙན་སྒམ་པོ་ཐེངས་གསུམ་ལ་འཁྲབ་སྟོན་བྱས་ཏེ། འབར་ཁམས་ས་ཁུལ་གྱི་ལྟད་མོ་བ་རྣམས་ཀྱི་ཡིད་ཀྱི་གསོས་སུ་སྨིན་པའི་ནང་དོན་གཏིང་ཟབ་ལ་ཕུན་སུམ་ཚོགས་པ། སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་འབུལ་བ་རེད།

      ཟློས་གར་དེ་ནི་སྤྱི་ལོ630ལོ་ནས650ལོའི་བར། བོད་ཀྱི་ལོ་རྒྱུས་སུ་མིང་དུ་གྲགས་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བཏང་བའི་དོན་དངོས་རྒྱབ་ལྗོངས་སུ་བཟུང་སྟེ་གསར་རྩོམ་བྱས་པ་ཞིག་ཡིན།


       སྤྱི་ལོ617ལོར་སྲོང་བཙན་སྒམ་པོ་སྐུ་བལྟམས་པ་དང་དགུང་ལོ་བཅུ་གསུམ་རྒྱལ་བོའི་གསེར་ཁྲིར་མངའ་གསོལ་བ། མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུས་ཏེ། རྒྱལ་ཕྲན་ལམ་ལུགས་མཇུག་བསྒྲིལ་ནས་བོད་ཁམས་གཅིག་གྱུར་གྱི་སྲིད་དབང་ལ་རྨང་གཞི་བཏིང་བ། བོད་ཡིག་གསར་དུ་བཟོས་ཏེ་ཤེས་རིག་གི་འོད་སྣང་བོད་ཁམས་ཡོངས་ལ་ཁྱབ་པ། མི་ཆོས་གཙང་མ་བཅུ་དྲུག་སོགས་ཁྲིམས་ལུགས་མང་བོ་གཏན་ལ་ཕབ་པ། སྤྱི་ལོ635ལོར་ཕོ་བྲང་པོ་ཏ་ལ་གསར་དུ་བཞེངས་པ། སྤྱི་ལོ640ལོ་ཡས་མས་སུ་བོད་ཁམས་གཅིག་གྱུར་གྱི་རླབས་ཆེན་ལས་དོན་ལེགས་པར་འགྲུབ་ནས་བཙན་པོའི་རྒྱལ་རབས་བཙུགས་པ། སྤྱི་ལོ641ལོར་རྒྱ་བཟའ་ཀོང་ཇོ་གདན་དྲངས་ནས་ཐང་བོད་མནའ་འབྲེལ་གྱི་རྡོ་རིང་བཙུགས་པ་སོགས་གཏམ་རྒྱུད་རེ་རེ་བརྩེ་བའི་ཉམས་དང་ལྡན་པར་འཁྲབ་སྟོན་བྱས་པས། འཁྲབ་ར་ཡོངས་སུ་དགའ་བསུ་ཡི་ཐལ་མོ་རྡེབ་སྒྲ་བར་མེད་དུ་གྲགས་འོང་ཞིང་། གཏམ་རྒྱུད་རེ་རེས་ཡིད་དབང་རབ་ཏུ་བཀུག་ནས་དབང་མེད་དུ་མིག་ཆུ་གཏོར་མཁན་ཡང་མང་བོ་འདུག
       རྒྱུས་ལོན་པ་ལྟར་ན། 2015ལོའི་ཟླ10པར། ཟློས་གར་སྲོང་བཙན་སྒམ་པོ་ནི་མཚོ་སྔོན་ཟློས་གར་གླིང་ནས་ཡར་ཞུའི་འཁྲབ་སྟོན་བྱས་ཤིང་། 2016ལོའི་ཟླ4པའི་ཚེས28ཉིན། མཚོ་སྔོན་ཟློས་གར་གླིང་ནས་དངོས་སུ་ཐོག་མར་འཁྲབ་སྟོན་བྱས་པ་རེད། དེ་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་ས་ཆ་མང་བོར་སོང་ནས་འཁྲབ་སྟོན་བྱས་ཏེ། རྒྱ་ཆེ་བའི་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད། སྐབས་ལྔ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་ཞེས་པའི་ཟློས་གར་རིགས་ཀྱི་གསེར་གྱི་རྟགས་མ་སོགས་བྱ་དགའ་རབ་དང་རིམ་པ་མང་དུ་འཐོབ་ཡོད། 
      ད་ཐེངས། ཟླ8པའི་ཚེས་29ཉིན་ནས་རང་ཁུལ་གྱི་མཛོད་དགེ་དང་ཧུང་ཡོན། རྔ་བ། འབར་ཁམས་སུ་ཐོན་ནས་འཁྲབ་སྟོན་བྱས་པར་མ་ཟད། དེ་རིང་འཛམ་ཐང་ལ་སོང་ནས་ཐེངས་གཉིས་ལ་འཁྲབ་སྟོན་བྱེད་རྒྱུ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1