བོད་ཁུལ་གྱི་ལས་རིགས་སློབ་གསོའི་གོང་འཕེལ་ཉམས་མྱོང་སྤེལ་རེས་ཚོགས་འདུ་མཚོ་སྔོན་མཚོ་ལྷོ་རུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-18


ཚོགས་ཞུགས་འགོ་ཁྲིད་རྣམ་པ།

        སྤྱི་ཟླ་9པའི་ཚེས་15ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏུ་བོད་ཁུལ་གྱི་ལས་རིགས་སློབ་གསོའི་གོང་འཕེལ་ཉམས་མྱོང་སྤེལ་རེས་ཚོགས་འདུ་སྐོང་འཚོགས་བྱས་ཡོད་པ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་སུན་ཞུའེ་ཡུས་ཚོགས་འདུར་ཞུགས་པ་མ་ཟད་གསུངས་བཤད་ཀྱང་གནང་འདུག མཚོ་སྔོན་ཞིང་ཆེན་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པ་དབྱང་ཧྥིན་ཁྲུན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་གྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏེ་ཀྲི་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
སུན་ཞུའེ་ཡུས་ནས་གསུངས་བཤད་གནང་བཞིན་པ།
        སུན་ཞུའེ་ཡུས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོ་ནས་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་དང་། བོད་ཁུལ་གྱི་ལས་རིགས་སློབ་གསོའི་གོང་འཕེལ་གྱི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བོད་ཁུལ་གྱི་ལས་རིགས་སློབ་གསོ་གོང་འཕེལ་གྱི་ཁ་ཕྱོགས་གསལ་སྟོན་བྱས་ནས། སྤུས་ཚད་དེ་བས་མཐོ་བ་དང་། ཆུ་ཚད་དེ་བས་མཐོ་བའི་བོད་ཁུལ་གྱི་ལས་རིགས་སློབ་གསོ་ཡིས། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ཞབས་ཞུ་དང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་འདུག
ཚོགས་འདུའི་ཡུལ་དངོས།
        ཁོང་གིས་ད་དུང་། བོད་རང་སྐྱོང་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་ནི་དཔེ་མཚོན་རང་བཞིན་ལྡན་པའི་མི་རིགས་ས་ཁུལ་ཡིན་ལ། ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་དང་། ཆུ་རྒྱུད་ཀྱི་འགོ་ཁུངས་ས་ཁུལ། སྐྱེས་ཁམས་སྲུང་ཡོལ་ས་ཁུལ། རིག་གནས་ཁྱད་ལྡན་ས་ཁུལ། དེ་བཞིན་མཐའ་མཚམས་ས་ཁུལ་བཅས་ཡིན་པ་མ་ཟད། ཤིན་ཏུ་དབུལ་ཕོངས་ཡིན་པའི་ས་ཁུལ་ཀྱང་ཡིན་པས། ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་ཁྲོད་དམིགས་བསལ་རང་བཞིན་གྱི་གོ་གནས་གལ་ཆེན་བཟུང་ཡོད། ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་རམ་འོག བོད་ལྗོངས་དང་སི་ཁྲོན། ཡུན་ནན། དེ་བཞིན་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་བཅས་ནས་གོ་སྐབས་དམ་འཛིན་བྱས་ཏེ། ནུས་ཤུགས་ཆེན་པོས་བོད་ཁུལ་གྱི་ལས་རིགས་སློབ་གསོ་གོང་འཕེལ་བཏང་ནས། སློབ་སྒྲུབ་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་དང་། སློབ་སྒྲུབ་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་དེ། ཞབས་ཞུའི་བྱེད་ནུས་སྔར་ལས་ལྷག་པའི་སྒོ་ནས་ཆེ་རུ་བཏང་ནས། གསོ་སྐྱོང་གི་དམིགས་སའི་རང་བཞིན་མངོན་བསལ་གྱིས་ཆེ་རུ་དང་། ལམ་ལུགས་ཀྱི་བཟང་ཆ་སྔར་ལས་མངོན་བསལ་དུ་བཏང་བས། གྲུབ་འབྲས་བཟང་པོ་བླངས་ཡོད་ཅེས་བསྟན་ཡོད་པ་རེད།
དབྱང་ཧྥིན་ཁྲུན་ནས་གསུངས་བཤད་གནང་བཞིན་པ།
        མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་གསུངས་བཤད་ཁྲོད། ཐེངས་འདིའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་ནི་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། དེ་མིན་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ཞིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ནས་མུ་མཐུད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏེ། ཞིང་ལྗོངས་གཞན་གྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། བོད་ཁུལ་གྱི་ལས་རིགས་སློབ་གསོ་གོང་འཕེལ་གཏོང་ཤུགས་ཆེ་རུ་བཏང་དེ། མཚོ་སྔོན་བོད་ཁུལ་དེ་མཚོ་སྔོན་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་བྱེད་པ་དང་། དེ་བས་འབྱོར་ཕྱུག་དང་དཔལ་ཡོན་ཅན་གྱི་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་སྐྲུན་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
ས་གནས་ཁག་གི་འཐུས་མི་ནས་སྤེལ་རེས་གཏམ་བཤད་གནང་བཞིན་པ།
        ཚོགས་འདུའི་ཐོག མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་། ཡུན་ནན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་། ཀོང་ཏུང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ དེ་བཞིན་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཡིང་ཀྲོའུ་ས་ཁུལ་གྱི་ལས་རིགས་མཐོ་རིམ་སློབ་འབྲིང་གི་འཐུས་མི་བཅས་ནས་སྤེལ་རེས་གཏམ་བཤད་གནང་ཡོད་པ་རེད།
        ཐེངས་འདིའི་གྲོས་ཚོགས་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ནས་སྒྲུབ་འགན་འཁུར་རོགས་བྱས་པ་ཞིག་ཡིན་པ་རེད། ཐེངས་འདིའི་ཚོགས་འདུར་ད་དུང་། སི་ཁྲོན་ཞིང་ཆེན་དང་ཡུན་ནན་ཞིང་ཆེན། བོད་རང་སྐྱོང་ལྗོངས། དེ་བཞིན་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་ས་ཁུལ་གྱི་མི་རིགས་ལས་དོན་སྡེ་ཁག་དང་། སློབ་གསོ་སྲིད་འཛིན་སྡེ་ཁག བོད་ལྗོངས་དང་སི་ཁྲོན། ཡུན་ནན། དེ་བཞིན་ཀན་སུའུ་དང་མཚོ་སྔོན་བོད་ཁུལ་གྱི་གྲོང་ཁྱེར་དང་ཁུལ་བཅུ་བདུན་གྱི་མི་དམངས་སྲིད་གཞུང་། ནང་སའི་བོད་ལྗོངས་འབྲིང་རིམ་ལས་རིགས་འཛིན་གྲྭ་གཉེར་བཞིན་པའི་ཞིང་ཆེན་དང་གྲོང་ཁྱེར་བཅུ་གཉིས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ལས་རིགས་སློབ་གྲྭ་ཁ་ཤས་ཀྱི་འབྲེལ་ཡོད་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས་ཡོད།
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1