ཐོན་ཁུངས་ལེགས་ཆ་དཔལ་འབྱོར་ལེགས་ཆ་རུ་བསྒྱུར།

ཚེ་རིང་འབུམ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-18


ཧུང་ཡོན་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ཏུ་བསྟར་བའི་གནས་ཚུལ་རགས་བཀོད།
      ཧུང་ཡོན་རྫོང་གིས་མངའ་ཁོངས་ཡོངས་ལྗོངས་སྐོར་དུ་བསྒྱུར་བ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ཏུ་བསྟར་བ་གཉིས་ཟུང་འབྲེལ་དམ་པོ་བྱས་པ་དང་། རྫོང་ཡོངས་ཀྱི་ལྗོངས་སྐོར་ལས་དོན་སྒྲུབ་སྐབས་རང་འགུལ་གྱིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འབྱུང་བའི་རྣམ་པ་གསར་བ་དང་བསྟུན་པ་དང་། ཁྱད་ཆོས་ལྡན་པའི་གནས་བབ་ཡག་པོར་རྐང་བཙུགས་པ། ཧུང་ཡོན་གནམ་གྲུ་ཐང་མཐའ་སྐོར་གྱི་ལྗོངས་སྐོར་དཔལ་འབྱོར་གླིང་ཁུལ་བསྐྲུན་པའི་རིག་ལམ་དང“ས་ཁུལ་གསུམ་དང་དུས་རབས་གཅིག”གི་འཕེལ་རྒྱས་དམིགས་འབེན་ལ་དམིགས་པ།  མངའ་ཁོངས་ཡོངས་དང་དུས་ཚིགས་ཡོངས། སྣ་རིགས་མང་བའི་ལྗོངས་སྐོར་གྱི་འདུ་ཤེས་དམ་པོར་བཟུང་བ།  སྐྱེ་ཁམས་དང་ལས་རྣམ། རིག་རྣམ་གསུམ་མཉམ་འདྲེས་ཡོང་བ་འབུར་ཐོན་བྱས་པ། ཞིང་སྡེ་ཆུང་གྲས་དང་མཛེས་ལྗོངས་ཆུང་གྲས། ཁོར་ཡུག་ཆུང་གྲས་གསུམ་མཉམ་སྤེལ་ལ་ཡིད་འཇོག་བྱས་པ།  གྲོང་རྡལ་གཅིག་དང་རྒྱུད་ལམ་གཅིག་དང་སྐོར་ལམ་གཉིས་དང་ཕྱོགས་བསྡུས་གྲུབ་གཞི་ཆེན་པོ་བཞི་བཅས་ཀྱི་ལྗོངས་སྐོར་འཕེལ་རྒྱས་གཏོང་ཇུས་གཞིར་བཟུང་ནས། མུ་མཐུད་དུ་རིག་གནས་ལྗོངས་སྐོར་དང་འབྲོག་རའི་ལྗོངས་སྐོར་གཉིས་ཕན་ཚུན་བར་སྐུལ་བའི་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བཏང་བས། མིག་མཐོང་ལག་ཟིན་ཐུབ་པའི་ཕན་འབྲས་དངོས་ཐོབ་ཡོད།
      མིག་སྔར་རྫོང་དེར་མགྲོན་ཁང127དང་འབྲོག་ཁྱིམ་སྤྲོ་གསེང་ཁང87། ལྗོངས་སྐོར་ལས་སྒྲུབ་ཁང2བཅས་ཡོད་པ་དང་། དེའི་ལས་གཉེར་བ་མི2100ལྷག་ཏུ་འཕེལ།  ལྗོངས་རྒྱུ་བ་སྣེ་ལེན་བྱས་ཚད2011ལོར་མི་ཐེངས་ཁྲི62ནས2017ལོར་མི་ཐེངས་ཁྲི154རུ་འཕར་བ་དང་། ལྗོངས་སྐོར་གྱི་ཡོང་སྒོ་ཡང2011ལོའི་སྒོར་ཁྲི49000ནས2017ལོའི་སྒོར་ཁྲི129564རུ་འཕར་ཡོད།  གྲུབ་འབྲས་དེ་དག་ནི་ཧུང་ཡོན་རྫོང་གི་ལས་བྱེད་མང་ཚོགས་ཀྱིས་ནུས་ཤུགས་ཡོད་དགུ་བཏོན་ནས་མངའ་ཁོངས་ཡོངས་སུ་ལྗོངས་སྐོར་གྱི་ཐོན་ལས་ལ་གཙོ་བོ་བྱས་ནས། རྫོང་ཁོངས་དཔལ་འབྱོར་ལེགས་ཤིང་མགྱོགས་པའི་ངང་འཕེལ་རྒྱས་བཏང་བར་བརྒྱུད་ནས་ཐོབ་པ་ཡིན།
སྐྱེ་ཁམས་ལྗོངས་སྐོར་འཕེལ་རྒྱས་བཏང་བ།
      ཉེ་བའི་ལོ་ཤས་རིང་། ཧུང་ཡོན་རྫོང་གིས་བགྲོད་ལམ་བསྐྲུན་རིམ་ཇེ་མགྱོགས་སུ་བཏང་བ་དང་ལྗོངས་སྐོར་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ།  སྡོད་ཁང་གི་རིམ་ཚད་ཇེ་མཐོར་བཏང་བ། བཟའ་ཆས་ཁྱད་ལྡན་ཅན་དུ་བཟོས་པ།  དངོས་རྫས་ཉོ་བའི་ཁོར་ཡུག་ལེགས་སུ་བཅོས་པ། རྣམ་གྲངས་སྐྲུན་པར་དམ་པོར་བཟུང་བ། རྒྱུན་ཆད་མེད་པར་ཡུལ་གྲོང་ལྗོངས་སྐོར་ཐོན་ལས་ཀྱི་རྒྱུ་རྐྱེན་གཙོ་བོ་དྲུག་བསླངས་ནས། ཧུང་ཡོན་རྫོང་གི་ལྗོངས་སྐོར་ནི་ལྗོངས་རྒྱུ་བ་རྣམས་ཀྱིས་ཧུང་ཡོན་རྫོང་དུ་བརྒྱུད་སྐབས་འགྲོ་ཞོར་ལྟ་སྐོར་བྱས་པ་དེ་ཧུང་ཡོན་རྫོང་དུ་ཆེད་དོན་ལྟ་སྐོར་བྱེད་དུ་འོང་བར་གྱུར།
      གྲོང་སྡེའི་ལྗོངས་སྐོར་འཆར་གཞི་ལྟར་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་ནས། ཕྱུགས་ལས་དང་ལྗོངས་སྐོར་གཉིས་མཉམ་དུ་འཕེལ་བའི་གྲུབ་གཞི་འཛུགས་པ་བྱ་ཆེད། ཧུང་ཡོན་རྫོང་གིས་སྐྱེ་ཁམས་དང་ལྗོངས་སྐོར་འབྲེལ་བའི་འཕེལ་རྒྱས་རིག་ལམ་གཞིར་བཟུང་ནས། ལས་མགོ་ཚུགས་ས་མཐོ་ཞིང་ཚད་གཞི་མཐོ་བའི་སྒོས《ཧུང་ཡོན་རྫོང་གི་མངའ་ཁོངས་ཡོངས་ལྗོངས་སྐོར་དུ་བསྒྱུར་བའི་སྤྱིའི་འཆར་འགོད》དང《ཧུང་ཡོན་རྫོང་གི་འབྲོག་ཁྱིམ་སྤྲོ་གསེང་ཁང་གི་དོ་དམ་བྱེད་ཐབས།》《ཧུང་ཡོན་རྫོང་གི་ལྗོངས་སྐོར་ཞབས་ཞུའི་སྒྲིག་བཀོད་ཀྱི་ཆེད་ལས་འཆར་འགོད》བཅས་བརྩམས་པ་དང་།  ཆེད་ལས་ལས་ཁུངས་ལ་གྲོང་སྡེའི་ལྗོངས་སྐོར་གྱི་དབུལ་སྐྱོར་དཔེ་སྟོན་བྱེད་ས་བདུན་གྱི་འཆར་འགོད་དང་ལྗོངས་སྐོར་གྲོང་སྡེ་གྱ་ནོམ་པ་ལྔའི་འཆར་འགོད། དེ་མིན་སྐྱ་རོང་ཡུལ་ཚོ་དང་ཚ་རུ་མ་ཡུལ་ཚོའི་ལྗོངས་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་སོགས་རྩོམ་པའི་མངག་བཅོལ་བསྩལ།
      ད་ལྟ་བེད་མེད་དུ་བཞག་པའི་རྩྭ་ཐང་མཛེས་ལྗོངས་སུ་བསྒྱུར་ནས་ལྗོངས་རྒྱུ་བ་མང་བོ་ཡོང་འདུག
ལྗོངས་སྐོར་ལ་བརྟེན་ནས་མང་ཚོགས་ཕྱུག་པོར་གྱུར།
     ཧུང་ཡོན་རྫོང་ལ་འགྲིམ་འགྲུལ་གྱི་ཆ་རྐྱེན་ལེགས་པོ་དང་ལྗོངས་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད། ཕྱུགས་ལས་ཀྱི་རྨང་གཞི་ཡང་བརྟན་པོ་ཡིན། ལེགས་ཆ་དེ་དག་ནི་ཕྱུགས་ལས་ཐོན་རྫས་ལྗོངས་སྐོར་ཐོན་རྫས་སུ་བསྒྱུར་བའི་རྨང་གཞི་ཡིན་པ་དང་། ཞིང་ལས་ལྗོངས་སྐོར་དང་འབྲོག་རའི་ལྗོངས་སྐོར་མཉམ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བའི་ཆ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན།
     ཉེ་བའི་ལོ་ཤས་རིང་། རྫོང་གིས་འཕེལ་རྒྱས་ཀྱི་གོ་སྐབས་ལེགས་པོ་དམ་པོར་བཟུང་ནས། ཐོན་ཁུངས་རིགས་སྣ་ཚོགས་སྡེབ་སྒྲིལ་བྱས་པ་བརྒྱུད། འབྲོག་དམངས་ཀྱིས་ཐོན་ལས་ཀྱི་རྣམ་པ་བསྒྱུར་བར་སྣེ་ཁྲིད་བྱས། བདག་གཉེར་དོ་དམ་དང་ལྗོངས་སྐོར་ཞབས་ཞུ། ལག་བཟོའི་ཐོན་རྫས།ལྷ་བཟོ། ཟ་ཆས་ལས་པ་སོགས་ཀྱི་ཐད་དུ་འབྲོག་དམངས་སྦྱོང་བརྡར་བྱེད་པར་ཡིད་འཇོག་བྱས། རྣམ་བསྒྱུར་ལས་སྐྲུན་བྱེད་པའི་ལག་རྩལ་རྒྱ་སྐྱེད་བཏང་ནས། འབྲོག་དམངས་ཀྱིས་འབྲོག་ཁྱིམ་སྤྲོ་གསེང་ཁང་དང་ཁྱིམ་ཚང་མགྲོན་ཁང་། རླངས་འཁོར་རང་སྐོར་གྱི་ལྗོངས་རྒྱུ་བ་ལྟ་སྐོར་འགྲོ་ས། ལྗོངས་སྐོར་ཉོ་ཚོང་སོགས་ཀྱི་ཐོན་ལས་ཨང་གསུམ་པ་གཉེར་བར་སྐུལ་མ་དང་རོགས་སྐྱོར་བྱས།
      མིག་སྔར། རྫོང་ཡོངས་སུ་གཞི་ཁྱོན་ཡན་གྱི་འབྲོག་ཁྱིམ་སྤྲོ་གསེང་ཁང18དང་ཁྱིམ་ཚང་གི་ལྗོངས་སྐོར་དཔེ་སྟོན་ཁང170ཡོད་པས། འབྲོག་ཁྱིམ600ལྷག་གི་འབྲོག་དམངས་ངལ་རྩོལ་བ2000ལྷག་གིས་ཐོན་ལས་ཀྱི་རྣམ་པ་བསྒྱུར་ནས་ཚོང་བ་དང་བདག་གཉེར་བར་གྱུར་པ་དང་ཁྱིམ་རེའི་ལོ་རེར་ལྗོངས་སྐོར་ཡོང་སྒོ་སྒོར་ཁྲི1.5རེ་ཙམ་ཡོད།
     དེང་རབས་ཀྱི་རྩྭ་ཐང་ཕྱུགས་ལས་ནི་མདུན་ལྗོངས་ཆེས་ལེགས་པ་དང་དགེ་མཚན་ལྡན་པ། དམངས་དང་འབྲེལ་བ་ཆེས་དམ་པ།  དམངས་ཀྱི་ཁེ་ཕན་ཆེས་ཆེ་བའི་ཕྱུག་འགྱུར་ཐོན་ལས་ཤིག་ཏུ་བསྐྲུན་པ་དེ་ནི་ཧུང་ཡོན་རྫོང་གིས་ཐོན་ལས་དང་ལྗོངས་སྐོར་གཉིས་སྦྲེལ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས་པ་ཡིན།
རིག་གནས་ལྗོངས་སྐོར་འཕེལ་རྒྱས་བཏང་བ།
     2016ལོ་ནས་ད་ལྟའི་བར། ཧུང་ཡོན་རྫོང་གིས་ཁྱད་ལྡན་ལྗོངས་སྐོར་རིག་གནས་ཐོན་ཁུངས་ལ་རྐང་བཙུགས་ནས།  ཏང་སྲིད་ཀྱིས་གཙོ་ཁྲིད་དང་ཚོང་རའི་ཆོས་ཉིད་ལྟར་བདག་གཉེར། སྤྱི་ཚོགས་ཡོངས་ཞུགས་པ། སྤྱི་བྱིངས་ཀྱིས་ལོངས་སུ་སྤྱོད་པ་ཞེས་པའི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་བ་ཞིག་བཏོད་ནས། ཧུང་ཡོན་རྩྭ་ཐང་ཆེན་མོའི་ནོར་གནག་རོལ་དབྱངས་དུས་སྟོན་འཚོགས།
      ལོ་གསུམ་རིང་འཕེལ་རྒྱས་བཏང་བ་བརྒྱུད། ནོར་གནག་རོལ་དབྱངས་དུས་སྟོན་ནི་རང་ཁུལ་དང་ཐ་ན་རྒྱལ་ཡོངས་བོད་ཁུལ་དུ་གཞི་ཁྱོན་ཆེས་ཆེ་བ་དང་ཚད་གཞི་ཆེས་མཐོ་བའི་རོལ་དབྱངས་རིག་གནས་ཚོགས་ཆེན་ཞིག་ཏུ་གྱུར་པས། མི་རིགས་ཀྱི་རོལ་དབྱངས་རིག་གནས་གསར་གཏོད་དང་རྒྱུད་འཛིན། གསར་སྐྲུན། འཕེལ་རྒྱས་སོགས་ལ་སྒུལ་ཤུགས་དང་འདུས་ཤུགས། སྒྲོག་ཤུགས་ཀྱི་ནུས་པ་སྤེལ།
       གཞི་གྲངས་ལས་མངོན་པ་ལྟར་ན།  2016ལོར་ནོར་གནག་རོལ་དབྱངས་དུས་སྟོན་འཚོགས་སྐབས་ལྗོངས་སྐོར་ཡོང་སྒོ་སྒོར་ཁྲི6253ལྷག་ཏུ་བསླེབས་པ་དང་། 2017ལོར་ནོར་གནག་རོལ་དབྱངས་དུས་སྟོན་འཚོགས་སྐབས་ལྗོངས་སྐོར་ཡོང་སྒོ་སྒོར་ཁྲི9800ལྷག་ཏུ་བསླེབས་པ། 2018ལོར་ནོར་གནག་རོལ་དབྱངས་དུས་སྟོན་འཚོགས་སྐབས་ལྗོངས་སྐོར་ཡོང་སྒོ་སྒོར་དུང་ཕྱུར1.52ལྷག་ཏུ་བསླེབས་ཡོད། ནོར་གནག་རོལ་དབྱངས་དུས་སྟོན་རྒྱུན་མཐུད་དུ་འཚོགས་ན། ཧུང་ཡོན་རྫོང་གི་རིག་གནས་ལྗོངས་སྐོར་སོགས་ཐོན་ལས་མང་བོ་མཉམ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་ནི་ལག་ལེན་ལས་ར་འཕྲོད་བྱུང་བ་རེད་དོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1