༄༅།། སི་ཏུ་པཎ་ཆེན་གྱི་དབོན་པོ་ཀརྨ་བསམ་གཏན་གྱི་ངོ་སྤྲོད།

དཔལ་རང་གྲོལ་ལམ་ཀུན་ཁྱབ་ནས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-19


དཔལ་རང་གྲོལ་ལམ་ཀུན་ཁྱབ་ནས།


དུག་གསུམ་ནད་སེལ་སྨན་གྱི་རྒྱལ། །
རྗེ་དབོན་ཀརྨ་བསམ་གཏན་ཞབས། །


               དབོན་པོ་ཀརྨ་བསམ་གཏན་ནི་རབ་བྱུང་བཅུ་གཉིས་པའི་ས་བྱི་སྤྱི་ལོ་༡༧༠༨ལོར་ཨ་ལོ་གྲོང་དུ་ཡབ་ཨ་ལོ་ངག་དབང་ཚེ་རིང་དང་ཡུམ་གད་ཐོག་བཟའ་ཁྲ་འགུ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  སི་ཏུ་པཎ་ཆེན་ལས་ལོ་དགུ་ཡིས་གཞོན།  ཁུ་བོ་ཨ་ལོ་ཀུན་མཁྱེན་དང་གཅེན་པོ་སི་ཏུ་པཎ་ཆེན།  ཀཿཐོག་རིག་འཛིན་ཆེན་མོ་སོགས་བསྟེན་ཏེ་མདོ་སྔགས་སྤྱི་དང་།  ཁྱད་པར་དུ་གསོ་རིག་ལ་རབ་ཏུ་མཁས་པས་སྨན་རྒྱལ་ཀརྨ་བསམ་གཏན་ཞེས་ཡོངས་སུ་གྲགས།  རབ་བྱུང་བཅུ་གཉིས་པའི་ལྕགས་གླང་༡༧༢༡ལོར་འཇམ་མགོན་བླ་མ་སྐུ་མཆེད་ཟུང་དང་མ་ཡུམ་བཅས་དབུས་སུ་ཕེབས་ཏེ་དམར་ནག་ཅོད་པཎ་འཆང་བ་ཟུང་གཙོས་ཀཾ་ཚང་ཡབ་སྲས་རྣམས་ལས་དབང་ལུང་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་ནོས།  རབ་བྱུང་བཅུ་གཉིས་པའི་ཆུ་བྱི་སྤྱི་ལོ་༡༧༣༢ལོར་རྒྱལ་བའི་དབང་པོ་ཀརྨ་པ་བྱང་ཆུབ་རྡོ་རྗེ་དང་ཞྭ་དམར་ཆོས་ཀྱི་དོན་གྲུབ་གཉིས་ལས་བསྙེན་པར་རྫོགས།  རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་༡༧༣༧ལོར་ཟུར་མང་དྲུང་པ་དཔོན་སློབ་དཔལ་སྤུངས་སུ་ཕེབས་པའི་ལྷན་འཇམ་མགོན་བླ་མའི་དྲུང་དུ་ཕྱག་ཆེན་དང་ཆོས་དྲུག་སོགས་རང་ལུགས་ཀྱི་ཕ་ཆོས་གསེར་ཞུན་ལྟ་བུ་རྣམས་ཀྱི་ཁྲིད་ལུང་ཞུས་ཤིང་ཐོས་བསམ་གྱི་མཐའ་རྒྱ་ཆོད་པར་མཛད།  མདོར་ན་སྐུ་ཚེའི་རིང་འཇམ་མགོན་པཎ་ཆེན་བླ་མའི་ཞབས་པད་བཅར་ཐོག་ཕྲིན་ལས་ཀྱི་བྱེད་པོར་གྱུར།  ཤིང་རྟ་༡༧༧༤ལོར་འཇམ་མགོན་བླ་མ་སི་ཏུ་ཆོས་འབྱུང་གོང་མ་ཆེན་པོའི་གདན་ཞུས་བཞིན་རྒྱ་ནག་ཏུ་ཕེབས་ཁར་དཀར་མཛེས་ལོ་གང་ཐང་དུ་སྐུའི་དཀྱིལ་འཁོར་བསྡུ་བའི་ཚུལ་མཛད་པ་དང་།  སྐུ་གདུང་རིན་པོ་ཆེ་དཔལ་སྤུངས་སུ་ཕེབས་པའི་ཐོག་མར་རྗེ་ཉིད་དང་ཐུགས་སྲས་འཛི་སྒར་རྡོ་རྗེ་གྲགས་པ་ཟུང་གིས་ཕེབས་ལམ་གྱི་སྣ་ལ་དར་གྱི་ཐག་པ་བཏགས་ནས་གདན་དྲངས་པའི་ཚུལ་མཛད་པས།  མཆོག་སྤྲུལ་རིན་པོ་ཆེ་འཁྲུལ་བ་དང་བྲལ་བ་མྱུར་དུ་བདག་གིར་ཆོག་པའི་རྟེན་འབྲེལ་དགེ་བའི་མཚན་མ་རྨད་དུ་བྱུང་།  དེ་ནས་གཙོ་བོའི་ཡོན་སྦྱོར་སྡེ་དགེའི་ཆོས་རྒྱལ་ཡབ་སྲས་རྣམས་དང་རྗེ་འདི་ཉིད་སོགས་ཕྱོགས་ཀྱི་འཁོར་སློབ་ཏུ་གཏོགས་པ་ཡོངས་ཀྱིས་འཇམ་མགོན་བླ་མའི་གསེར་གདུང་རིན་པོ་ཆེ་བཞེངས་པའི་བརྩོན་འགྲུས་ཀྱི་ཁུར་ཆེན་ཕྲག་ཏུ་བཞེས་ཤིང་རང་རང་གི་སྒྱུ་མའི་ནོར་རྫས་ཅི་ཡོད་པ་རྣམས་སྙིང་པོ་ཅན་དུ་བྱས་ཏེ།  སྐུ་གདུང་རིལ་པོར་བཞུགས་པའི་གདུང་རྟེན་གསེར་ཟངས་དང་དངུལ་ལྗངས་རྡུང་སྤེལ་བྱས་ཞིང་རིན་ཐང་མེད་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་དང་བཟོ་བཀོད་ཕུན་སུམ་ཚོགས་པའི་ཆོས་འཁོར་མཆོད་རྟེན་བཀྲ་ཤིས་སྒོ་མང་དུ་གྲགས་པ་དཔངས་སུ་རྒྱུག་མཐོ་ཉེར་བརྒྱད་ཡོད་པ་དང་།  རྗེ་དབོན་དངོས་སྤྲུལ་རྣམ་གཉིས་ཀྱིས་ཀྱང་ཕྱི་རྟེན་དུ་དངུལ་ལྗངས་རྡུང་ལས་དཔལ་མཆོག་རེག་པ་མེད་པའི་མཆོད་སྡོང་རྒྱུག་མཐོ་བཅུ་གཉིས་པ་བཞུགས་ཁང་གཉྫི་ར་དང་བཅས་དགོངས་རྫོགས་མཆོད་འབུལ་རྟེན་བཞེངས་སོགས་ལེགས་པར་བསྒྲུབས།  སྡེ་དགེ་རྒྱལ་པོས་ཆོས་སྡེ་འདི་ཉིད་ཇི་སྲིད་གནས་ཀྱི་བར་དུ་རང་ཞབས་སུ་གཏོགས་པའི་མཆོད་གཞིས་ཐམས་ཅད་གཏན་འཇགས་ཀྱི་བཀའ་ཤོག་གཙང་ཆོད་སོགས་ཀྱི་བདག་རྐྱེན་གནང་།  གོང་མ་ཆེན་པོས་ཀྱང་བྱམས་མགོན་བླ་མ་དེ་ཉིད་ཀྱི་སྐུའི་སྐྱེ་ཕྲེང་ཐམས་ཅད་དུ་གོང་མ་ཆེན་པོའི་དབུའི་བླ་མཆོད་མཛད་པ་དང་གདན་ས་འདིའི་དགོན་ལག་ཆོས་བརྒྱུད་རྣམས་ལ་ཐུན་མོང་མིན་པའི་གོང་མའི་སྐུ་རིམ་བསྒྲུབ་པའི་སྒེར་བདག་གནང་བ་ཡིན་པས་གཞན་འགྲན་མེད་ཚུལ་སོགས་ཀྱི་གསེར་ཡིག་དང་།  རྡོ་རྗེ་དྲིལ་བུ།  བྱེ་རུའི་བརྒྱ་ཕྲེང་།  སྐུ་གདུང་མཆོད་རྟེན་བཞེངས་པའི་དངུལ་དང་བཟང་གོས་ཡུག་རིང་སོགས་བསྩལ།  དེ་ལྟར་རྗེ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ།  རྗེ་དབོན་ཀརྨ་རཏྣ།  སྡེ་དགེའི་བླ་སྨན་ཆོས་གྲགས་རྒྱ་མཚོ་སོགས་སློབ་ཚོགས་དང་བཅས་བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས་ནས་དགུང་ལོ་དོན་བཞི་པར་རབ་བྱུང་བཅུ་གསུམ་པའི་ལྕགས་གླང་སྤྱི་ལོ་༡༧༨༡ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།  

དམ་པ་འདི་ཉིད་སྨན་གཞུང་ཀུན་ལ་མཁས་ཤིང་ཁྱད་པར་སྨན་བཅོས་ལག་ལེན་ལ་ཕྱིས་བྱོན་སྨན་པའི་སྤྱོད་ཡུལ་དུ་མ་གྱུར་པ་དོན་སྣོད་ནང་སྐྲན་ལ་ཐུར་མ་འཕེན་པ།  མིག་དབྱེ་བ།  མགོ་ཆག་ཀླད་པའི་རྒྱ་དར་ཡན་གྱི་སྐྱོན་སེལ་འབྲུད་བརྡར་དམན་ལྷག་མ་ལུས་པ་དང་།  ཡན་ལག་གི་ཚིག་ཤོར་ལོང་ཅན་གྱི་འཛུད་ལུགས།  སྟོད་འཚང་ཆང་གིས་བཅོས་པ་སོགས་འཚོ་བྱེད་གཞོན་ནུ་གསོས་ཀྱི་རྣམ་ཐར་འཆང་བ་དང་།  གསུང་རྩོམ་ལ།  གཏར་རྩ་དོན་བདུན་ཞེས་པ་རྗེ་དབོན་རིན་པོ་ཆེའི་གསུང་གི་ཟིན་ཐོ།  རྒྱུད་བཞིའི་མཆན་འགྲེལ།  རྗེ་པཎ་ཆེན་བླ་མའི་སྐུ་ཡི་གཅུང་པོ་སྨན་རྒྱལ་ཀརྨ་བསམ་གཏན་གྱི་ཞལ་རྒྱུན་གཏར་ཁའི་ཞལ་ཤེས།  རྗེ་དབོན་མཆོག་སྤྲུལ་རིན་པོ་ཆེའི་ཕྱག་དཔེ་གཅེས་བསྡུས་ཕན་བདེའི་སྙིང་པོ་ལ་དཀའ་མཆན་གནང་བའི་ཕྱག་བྲིས་འཁྲུལ་མེད་ཞལ་བཤུས་སོགས་བཞུགས་པ་དེ་ཚུལ་གསོ་རིག་ཚིག་མཛོད་ཡོངས་འདུས་དགའ་ཚལ་དུ་གསལ་ལོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1