༄༅།།ཞི་བདེ་ཉི་མ།

མི་གསཞ རྩོམ་སྒྲིག་པ། འཇིགས་མེད།ཡོང་ཁུངས། པྲ་དྲ། སྤེལ་དུས། 09-17


          འཛམ་གླིང་གི་ཡུལ་གྲུ་འདིར་བརྡ་འཕྲིན་རིག་གནས་ཤུགས་ཆེན་གྱིས་འཕེལ་རྒྱས་འགྲོ་བའི་དུས་རབས་འདིར།གློག་བརྙན་དང་བརྙན་འཕྲིན་སྒྱུ་རྩལ་ནི་འགྲོ་བ་མིའི་རིགས་ཀྱིས་བསམ་བློའི་མ་ལག་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལའང་གཞན་དྲིང་མི་འཇོག་པའི་ཤུགས་རྐྱེན་གཏིང་ཟབ་མོ་ཐེབས་དང་ཐེབས་བཞིན་འདུག་ལ། འདི་ནི་མིའི་རིགས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་རིག་གནས་ཀྱི་ཡོ་བྱད་ཅིག་ཏུ་གྲུབ་ཡོད། རིག་གནས་ཁྱབ་གདལ་གྱི་ཡོད་བྱད་འདི་དག་ནི་རླབས་ཆེ་བའི་སྔོན་བྱོན་ཚན་རིག་པ་དང་། སྒྱུ་རྩལ་པ། རིག་གནས་པ་དག་གིས་གསར་གཏོད་ཀྱི་མཛད་རྗེས་ལས་བྱུང་བ་ཞིག་ཡིན་དེ་དག་ལ་ཡི་རངས་མི་བྱེད་རང་བྱེད་རེད། འཛམ་གླིང་སྟེང་བྱུང་བའི་བརྙན་འཕྲིན་ཟློས་གར་ཐོག་མ་ནི་དབྱིན་ཇི་རྒྱལ་ཁབ་ཀྱི་BBCརྒྱང་བསྒྲོགས་ཀུང་ཟིས་ཆིག་དགུ་སུམ་བཅུ་ལོར་བརྒྱུད་གཏོང་བྱས་པའི་སྐར་ཆ་བཅུ་ཅན་གྱི་གཅིག་ཚན་བརྙན་འཕྲིན་ཟློས་གར《ཁ་བདེ་ལྕེ་བདེ》ཞེས་པ་དེ་ཡིན་ལ། བརྙན་འཕྲིན་ཟློས་གར་འདི་བརྙན་འཕྲིན་ཁང་ནས་ཐོག་དང་པོར་བརྒྱུད་གཏོང་བྱས་པས། རིམ་བཞིན་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བརྙན་འཕྲིན་ཟློས་གར་འཕེལ་བར་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་རེད། ཆིག་དགུ་ང་བརྒྱད་ལོར་པེ་ཅིན་བརྙན་འཕྲིན་ཁང་ནས་བརྒྱུད་གཏོང་བྱས་པའི། དུས་ཚོད་སྐར་མ་ཉི་ཤུ་ཅན་གྱི་གཅིག་ཚན་བརྙན་འཕྲིན་ཟློས་གར《བག་ལེབ་ཁམ་གང》ཞེས་པ་དེ་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་བརྙན་འཕྲིན་ཟློས་གར་ཐོག་མ་ཡིན་ལ། བརྙན་འཕྲིན་ཟློས་གར་དེ་ནི་ 《བག་ལེབ་ཁམ་གང》བྱས་པའི་བརྩམས་སྒྲུང་གཞིར་བཟུང་ནས་བཅོས་བསྒྲིག་བྱས་པ་ཞིག་ཡིན་ལ། དེ་ལས་དབུལ་འཕོང་གིས་མནར་བའི་ཁྱིམ་བདག་མ་ཞིག་གིས། རང་ཉིད་ཀྱི་བུ་མོའི་ཚེ་སྲོག་སྐྱོབ་ཆེད་བག་ལེབ་ཁམ་གང་ཡང་ཟ་མ་ཐུབ་པར། མཇུག་མཐར་ཚེ་ལས་འདས་ཚུལ་བསྟན་ཡོད་པ་རེད། ཆིག་དགུ་བརྒྱད་ཅུ་གྱ་གཅིག་ལོའི་ཟླ་གཉིས་པའི་ཚེས་ལྔ་ཉིན། རྒྱ་རྩིས་ཀྱི་ལོ་གསར་ཚེ་གཅིག་དགོང་མོར་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་བརྒྱུད་གཏོང་བྱས་པའི་ལེའུ་བརྒྱད་ཅན་གྱི་བརྙན་འཕྲིན་ཟློས་གར《དགྲ་དཔུང་ཁྲོད་ཀྱི་མི་ལོ་བཅོ་བརྒྱད་།》ཅེས་པ་པ་དེ་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཐོག་མ་རེད། ཡུ་གུར་རིགས་དང་སོགས་རིགས། དབྱིས་རིགས་སོགས་ལའང་རང་སྐད་ཀྱི་བརྙན་འཕྲིན་ཟློས་གར་ཕབ་སྐྲུན་བྱེད་པའི་ལས་དོན་ལོ་འདི་དག་ལ་འཕེལ་རྒྱས་ལ་འགྲོ་བཞིན་ཡོད།  
          དེ་ལྟར་རང་རེའི་བོད་གངས་ལྗོངས་སུ་མི་རིགས་རང་སྐད་ཀྱིས་འཁྲབ་གཞུང་བསྒྲིགས་ཤིང་འཁྲབ་ཁྲིད་འཁྲབ་སྟོན་བྱས་པའི་བརྙན་འཕྲིན་ཟློས་གར་ཐོག་མ་ནི་ཉིས་སྟོང་བཞིའི་ལོར་ཕབ་སྐྲུན་བྱས་ཤིང་། ཉིས་སྟོང་ལྔ་ལོའི་ལོ་གསར་སྐབས་སུ་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་ནས་བརྒྱུད་གཏོང་བྱས་པའི་གཅིག་ཚན་བརྙན་འཕྲིན་ཟློས་གར《བྱུར་རུའི་སྐེ་རྒྱན་》ཞེས་པ་དེ་ཡིན་ལ། དེ་ནི་བོད་ཀྱི་སྐད་གྲགས་ཆོད་པའི་སྒྱུ་རྩལ་མཁས་ཅན་ཞི་བདེ་ཉི་མས་འཁྲབ་གཞུང་བྲིས་ཤིང་འཁྲབ་ཁྲིད་བྱས་པ་ཞིག་ཡིན་ལ། ཟློས་གར་དེར་དུས་ཚོད་སྐར་མ་སུམ་བཅུ་སོ་ལྔ་ཡོད་ལ། དེ་ལས་བོད་རིགས་འབྲོག་པ་དབུལ་པོ་ཞིག་གི་འུ་ཐུག་གི་འཚོ་བའི་ཁྲོད་དུ། བུ་མོ་ལ་བྱུར་རུའི་སྐེ་རྒྱན་ཞིག་ཉོ་བ་བརྒྱུད་ནས་ན་ཆུང་བུ་མོ་ཞིག་གི་དྭངས་གཙང་གི་སེམས་ཁམས་དང་། འཚོ་བའི་ཕུགས་བསམ། སེམས་རྒྱུད་ཀྱི་བྱམས་དང་སྙིང་རྗེ་སོགས། བོད་རིགས་ཀྱི་རིག་གནས་འདུ་ཤེས་མཚོན་པ་ཞིག་ཡིན། བརྙན་འཕྲིན་ཟློས་གར་འདི་བརྙན་འཕྲིན་ལས་བརྒྱུད་གཏོང་བྱས་རྗེས། བོད་ཕྱི་ནང་གི་བགྲང་ལས་འདས་པའི་ལྟ་མཁན་དང་རིག་གནས་ཁྱབ་ཁོང་ཁྲོད་གྲགས་འགུལ་ཆེན་པོ་བཟོས་པ་དང་། ཟློས་གར་དེ་ལས་བྱུང་བའི་ཡིད་སེམས་འགུལ་བའི་གཏམ་རྒྱུད་དང་། བབ་ཆགས་དོད་པའི་མི་སྣའི་སྣང་བརྙན་དེ་དག་ལོ་ངོ་དུ་མའི་རིང་བོད་རིགས་ལྟ་མཁན་དག་གི་སེམས་ནས་ཡལ་ཐབས་མེད་པ་བཟོས་ཡོད། 


            ཉིས་སྟོང་བདུན་ལོར་བསྡུས་པའི་སྐབས་དང་པོའི་ཀྲུང་གོའི་ནུབ་བརྒྱུད་སྒྲ་བརྙན་དུས་ཆེན་སྟེང་། བརྙན་འཕྲིན་ཟློས་གར་འདི་ལ་ཕུལ་བྱུང་བརྙན་འཕྲིན་ཟློས་གར་ཐུང་བའི་བྱ་དགའ་དང་། ཕུལ་བྱུང་འཁྲབ་ཁྲིད་པའི་གཟེངས་རྟགས་ཐོབ།  ཉིས་སྟོང་བདུན་ལོར་ཞི་བདེ་ཉི་མས་ཁྲབ་གཞུང་དང་འཁྲབ་ཁྲིད། འཁྲབ་གཙོ་བྱས་པའི་བོད་རིགས་དམངས་ཁྲོད་གཏམ་རྒྱུད《མོ་སྟོན་ཕག་མགོ》གཞིར་བཟུང་ནས་བཅོས་བསྒྲིག་བྱས་པའི་བརྙན་འཕྲིན་ཟློས་གར་ལ་འབྲེལ་ཡོད་རྒྱལ་ཁབ་རིམ་པའི་མཆོག་མཆན་ཐོབ་ཤིང་ལོ་དེའི་ལོ་གསར་སྐབས་སུ་མཚོ་སྔོན་བརྙན་འཕྲིན་ཁང་ནས་བརྒྱུད་གཏོང་བྱས་པའི་བོད་རིགས་ལྟ་མཁན་གཅོ་བྱས་པའི། མི་རིགས་སོ་སོའི་ལྟ་མཁན་དག་གིས་དགའ་བསུ་བླ་ལྷག་གིས་ཐོབ་པ་དང་། འབྲེལ་ཡོད་གློག་བརྙན་ཆེད་མཁས་པ་དང་བོད་རིགས་པའི་ཆེད་མཁས་པ་དག་གིས་ཀྱང་གདེངས་འཇོག་ཆེན་པོ་ཐོབ་ནས་འབྲེལ་ཡོད་དཔྱད་རྩོམ་གང་མང་སྤེལ་ནས་བརྙན་འཕྲིན་ཟློས་གར་འདིས་བླངས་པའི་གྲུབ་འབྲས་ཐད་རིན་ཐང་ལྡན་པའི་ལྟ་ཚུལ་བཏོན། བོད་རིགས་དམངས་ཁྲོད་གཏམ་རྒྱུད་གྲགས་ཅན་གཞིར་བཟུང་ནས་ཕབ་སྐྲུན་བྱས་པའི་ལེའུ་དྲུག་ཅན་གྱི་་བརྙན་འཕྲིན་ཟློས་གར་འདི་ནི། བོད་ཀྱི་ལོ་རྒྱུས་སྟེང་བོད་རང་སྐད་ཀྱི་ལམ་ནས་ཕབ་སྐྲུན་བྱས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཐོག་མ་དང་།སྤྲོ་གར་བརྙན་འཕྲིན་ཟློས་གར་གྱི་ཐོག་མའི་ཟིན་ཐོ་བཀོད་པ་དང་།སྐབས་གསུམ་པའི་ཀྲུང་གོའི་ལྷོ་བརྒྱུད་སྤྲོ་གར་གློག་བརྙན་དུས་ཆེན་སྟེང་།བརྙན་འཕྲིན་ཟློས་གར་འདིའི་འཁྲབ་གཙོ་ཞི་བདེ་ཉི་མ་ལགས་ལ་ཕུལ་བྱུང་སྤྲོ་གར་གློག་བརྙན་འཁྲབ་སྟོན་པའི་གཟེངས་རྟགས་ཐོབ། བརྙན་འཕྲིན་ཟློས་གར་འདིའི་ངོ་མཚར་་བྱུང་རིམ་དང་། འཁྲབ་སྟོན་པའི་གསོན་ཉམས་ལྡན་ཞིང་དགོད་བྲོ་བའི་སྒྱུ་རྩལ་ཉམས་འགྱུར་གྱིས་མི་རྣམས་ཀྱི་སེམས་སུ་བརྗེད་མི་ཐུབ་པའི་སྣང་བརྙན་བསྐྲུན་ཡོད་པ་དང་། བརྙན་འཕྲིན་ཟློས་གར་དེའི་ཁྲོད་ཀྱི་འཁྲབ་ཚིག་དང་ཕུལ་དུ་བྱུང་བའི་འཁྲབ་སྟོན་སྒྱུ་རྩལ་དེ་བོད་རིགས་དམངས་ཁྲོད་དུ་རིག་གནས་བརྡ་རྟགས་ཤིག་ལ་གྱུར་ཡོད་ལ་དེ་ཡིས་སྒྱུ་རྩལ་མཁས་ཅན་ཞི་བདེ་ཉི་མའི་མཚན་སྙན་གྲགས་ཀྱང་སྔར་ལས་ཇེ་རྒྱས་སུ་སོང་བ་དང།བརྙན་འཕྲིན་ཟློས་གར་འདི་ལས་བོད་རིགས་ལྟ་མཁན་དག་གིས་རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱས་ནས། བོད་རང་ཉིད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཟློས་གར་དུ་བསྒྲིག་ནས་བརྙན་འཕྲིན་དུ་གཏོང་བའི་ཆེས་ཐོག་མའི་སྤྲོ་སེམས་དང་དགའ་སྐྱིད་ཚོར་བ་རྙེད་པ་རེད། ལྷག་པར་དུ་བོད་པའི་མི་རིགས་ཀྱིས་གཞན་མི་རིགས་ཀྱི་བརྙན་འཕྲིན་ཟློས་གར་སྒྱུར་སྐྲུན་་ཁོ་ནར་ལྟ་པའི་ལོ་རྒྱུས་ལ་རྫོགས་ཚིག་ཀྱང་བྲིས་པར་མ་ཟད། ཉེ་བའི་ལོ་འགའི་རིང་བོད་ཁུལ་གྱི་དུ་བོད་སྐད་ཀྱི་གློག་བརྙན་འཕྲིན་རིག་གནས་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་དང་མཛུབ་སྟོན་གྱི་ནུས་པ་ཐོན་ཡོད་པར་ལོ་རྒྱུས་ཀྱིས་ར་སྤྲོད་བྱུང་ཡོད། ལོ་འདི་དག་ལ་སྒྱུ་རྩལ་མཁས་ཅན་ཁོང་ནས་ཕབ་སྐྲུན་བྱས་པའི་གློག་བརྙན《སྒྲོལ་མའི་མགུལ་རྒྱན།》ལ་ཀྲུང་གོའི་ནུབ་བརྒྱུད་སློབ་ཆེན་གློག་བརྙན་དུས་ཆེན་སྟེང་དངུལ་གྱི་བྱ་དགའ་ཐོབ་པ་དང་། 《སྐལ་བཟང་གི་གཟའ་མཇུག》ལ་ཕུལ་བྱུང་དངོས་ཞུའི་གློག་བརྙན་དང་། ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ་ཐོབ།《རྟ་མགྲིན་བཟང་མོ》ལ་སྐབས་གཉིས་པའི་ཧྲིན་ཀྲིན་གློག་བརྙན་དུས་ཆེན་ཁྲོད་ཕུལ་བྱུང་དངོས་བཤུས་གློག་བརྙན་དང་། སྐབས་བཅུ་བའི་ཀྲུང་གོའི་ན་ཆུང་བྱིས་པའི་གློག་བརྙན་དུས་ཆེན་སྟེང་འགྲེམ་སྟོན་གློག་བརྙན། ཀྲུང་གོའི་མི་རིགས་བརྗོད་བྱ་མཚོན་པའི་དངོས་ཞུའི་གློག་བརྙན་བཅུ་ཡི་ནང་ལ་འདམས་ཐོན་བྱུང་བ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1