གཙོ་ངོས།>> དམངས་སྲོལ།>>དུས་ཆེན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༡༨ཉིན།

ཙ་རིའི་གནས་སྐོར་དུས་ཆེན།

      ཙ་རིའི་གནས་སྐོར་དུས་ཆེན་ནི་བོད་རང་སྐྱོང་ལྗོངས་ཀློ་ཡུལ་གྱི་གནས་རི་གྲགས་ཅན་ཙ་རི་ཊར་གནས་སྐོར་དུ་འགྲོ་བའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་སྟེ། དུས་རབས་བཅུ་གཉིས་པའི་དུས་མཇུག་ཏུ། བཀའ་བརྒྱུད་པ་གཙང་བ་རྒྱ་རས་ཡེ་ཤེས་རྡོ་རྗེས་གནས་ཆེན་ཙ་རི་དེ་ཉིད་བདེ་མཆོག་གི་གནས་ཁྱད་པར་ཅན་ཡིན་པས། དུས་ངེས་ཅན་དུ་ཡིད་སེམས་དད་པས་ཕྱག་དང་སྐོར་བ་བྱས་ན་ལུས་ཀྱི་སྡིག་སྒྲིག་འདག་པ་དང་བསོད་ནམས་ཀྱི་ཚོགས་བསག་ཐུབ་པའི་ཕན་ཡོན་མཆིས་པ་གཟིགས་ནས། མཁའ་མཉམ་སེམས་ཅན་ཐམས་ཅན་ལ་ཕན་བདེ་ལེགས་ཚོགས་འབྱུང་ཕྱིར། ལོ་སྐོར་ཟླ་བ་བཅུ་གཉིས་ལས་སྤྲེལ་ལོ་ནམ་འཆར་ལ་གནས་ཆེན་ཙ་རིར་མཇལ་སྐོར་དུ་འགྲོ་བའི་སྲོལ་བཏོད་པ་རེད། གཙང་བ་རྒྱ་རས་ཡེ་ཤེས་རྡོ་རྗེ་ནི་རབ་བྱུང་གསུམ་པའི་ལྕགས་མོ་སྦྲུལ་གྱི་ལོ་སྟེ། སྤྱི་ལོ1161ལོར་གཙང་མྱང་སྟོད་ཁུ་ལེའི་ཡུལ་དུ་འཁྲུངས་ཤིང་། གདུང་རུས་རྒྱ་བྱ་བའི་རྒྱུད་ཡིན། དགུང་ལོ་ཉེར་གཉིས་པར་འགྲོ་མགོན་ཕག་མོ་གྲུ་བ་རྡོ་རྗེ་རྒྱལ་པོའི་དངོས་སློབ་གྲུབ་ཆེན་གླིང་རས་པ་པདྨ་རྡོ་རྗེ(1128-1188)ཚང་བླ་མར་བསྟེན་པས་དེའི་བུ་ཆེན་དུ་གྱུར། ཀློང་རྡོལ་དང་ར་ལུང་དགོན་པ་བཏབ། སླད་ནས་ཞེ་དྲུག་ལོར་དབུས་ཕྱོིགས་གནམ་གྱི་ཕུར་འབྲུག་དགོན་པ་བཏབ། ཙ་རིའི་གནས་སྒོ་ཕྱེས། སློབ་བརྒྱུད་བཟང་བོ་ཆེས་མང་དུ་འཕེལ་བས་མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་བོ། སྤྲང་ཕྱེད་གྲུབ་ཐོབ་ཅེས་གྲགས། རང་ལོ་ལྔ་བཅུ་ང་གཅིག་པ་རབ་བྱུང་བཞི་བའི་ལྕགས་ལུག་སྤྱི་ལོ1211ལོར་དགོངས་པ་རྫོགས།
      སྤྲེལ་ལོ་ལ་གནས་ཆེན་ཙ་རིའི་གནས་བསྐོར་དུས་ཆེན་གྱི་རྣམ་པ་ཧ་ཅང་གཟབ་རྒྱས་ལྡན་ཞིང་གཞི་རྒྱ་ཤིན་ཏུ་ཆེ་བས། ད་ལྟ་རྒྱལ་ཁབ་ཕྱི་ནང་དང་མདོ་དབུས་ཁམས་གསུམ་གྱི་མཇལ་སྐོར་བ་དང་སྒྱུ་རྩལ་ལ་དུངས་པའི་པར་ལེན་མཁན་དང་ཡུལ་སྐོར་བ་བགྲང་གིས་མི་ལང་པ་མ་བསྡུས་རང་འདུས་ཀྱིས་ཙ་རིའི་གནས་འདབས་སུ་ཐོན་ནས་ཙ་རིའི་གནས་བསྐོར་དུས་ཆེན་ལ་རྟེན་འབྲེལ་ཞུ་ཞིང་འདུ་ལོང་གི་རྣམ་པ་རྒྱས་པར་བྱེད། དུས་མཚུངས་སུ་ཙ་རིའི་བྱིན་རླབས་དང་མཉམ་པའི་བོད་ཁམས་ཀྱི་གནས་རི་གྲགས་ཅན་རོང་ཆེན་ཁ་བ་དཀར་པོ་དང་གངས་རིན་པོ་ཆེ་ཏི་སེ། འབྲོག་ལ་ཕྱིའི་གངས་ཀྱི་ར་བ། མདོ་སྨད་བྲག་དཀར་སྤྲེལ་རྫོང་། སྲིད་པའི་གངས་རྒན་ཨ་མྱེས་རྨ་ཆེན་གངས་རི་བཅས་སུ་ཡང་རྟ་ལོ་དང་སྤྲེལ་ལོ་སྤྲེལ་ཟླ་སྟེ་བོད་ཟླ་བདུན་པའི་ནང་ཕྱོགས་ཡར་མར་གྱི་དད་ལྡན་མཇལ་བ་མང་བོ་ཡིད་སེམས་དགའ་དད་སྤྲོ་གསུམ་གྱི་ངང་ཕྱག་མཆོད་མཇལ་སྐོར་ལ་འགྲོ་བའི་སྲོལ་ཡོད།

39.7K

རྩོམ་ཡིག་རྗེས་མ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1