༄༅། །དགུན་སྟོད་ཀྱི་བསམ་གཞིགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-18


      རྒྱུ་རྐྱེན་གང་རུང་ཞིག་གི་དབང་གིས། བསམས་གཞིགས་ཀྱི་ཐང་དཀར་རྨས་མ་ཞིག ཡང་དང་བསྐྱར་དུ་བདག་གི་སེམས་ངལ་གྱི་བྲག་སྐྱིབས་སུ་བབས་བྱུང་ལ། རྙིང་ཞིང་རུལ་བའི་འདས་སོང་གི་གཏམ་རྒྱུད་མང་པོ་ཞིག་ཀྱང་། དུས་ཚིགས་གཉིས་ཀྱི་སྣོལ་མཚམས་འདི་ནས། གང་ཞིག་གི་བརྗེད་བྱང་བསྣམས་པའི་ལོ་མ་སེར་པོ་ཇི་བཞིན། ལྷགས་རླུང་གི་བཙན་འདེད་འོག་སེམས་ཡན་གྱི་བར་སྣང་བརྒྱུད་ནས་བདག་གི་རི་ལུང་ཐང་གསུམ་དུ་འཕྱོ་བཞིན་འདུག སློབ་རའི་གླིང་གའི་ཕང་བར་ན་འགྲེང་བའི་སྡོང་རྒན་དེ་དག དུས་ཚིགས་ཀྱིས་བདག་ལ་བསྐྱུར་བའི་ཁེར་རྐྱང་གི་དྲན་ཐོ་རེ་རེ་བཞིན། མལ་ཁང་དང་དཔེ་མཛོད་ཁང་གི་བར་ལམ་ནས་ང་ལ་དྲན་པ་གསོ་ཞིང་ལྗང་མདོག་ནས་སེར་པོ། སེར་པོ་ནས་མི་སྣང་བར་གྱུར་བ་འདིའང་། དུས་ཀྱི་འགྱུར་འགྲོས་ལས་དྲངས་པའི་དྲན་སྐུལ་གྱི་འབོད་བརྡ་ཞིག

     ད་ལྟ་ནི་དགུན་སྟོད་དེ། སྡོང་པོ་འདི་དག་ཀྱང་གཞི་ནས་དགུན་དུས་ཀྱི་བསླུ་བྲིད་འོག་ཏུ་ཡོངས་སུ་ཚུད་པས། བལྟས་བལྟས་རིག་རིག་ལ་གཅེར་བུར་ཕུད་ཅིང་། གྲོགས་མེད་ཁེར་རྐྱང་གི་ངང་ཚུལ་དུ་ལུས་འདུག་པ་ནི་ཇི་འདྲའི་ཉམ་རེ་ང་ཞིང་ཞེ་རེ་སྨྲེང་ཨང་།

     འཁྱག་རླུང་གྲང་མོ། དལ་དལ་སྒོས་བདག་སེམས་ཀྱི་ཉེ་སར་ལྡང་འོངས་པས། བདག་གི་བསམ་བློ་དང་ཕུགས་བསམ་ལ་འཇིག་ཉེན་དང་གོད་ཆག་ཅུང་ཙམ་རེ་བཟོས། དེ་བས་ཀྱང་རླུང་གིས་འདེད་ཀྱིན་པའི་བདག་གི་སློབ་རའི་འཚོ་བར་སུན་སྣང་གི་ས་རྡུལ་མཐུག་པོ་སྤུངས་པས། དུས་སྐབས་འདིར་མིག་འདུན་གྱི་རྒས་ཤུན་གྱོན་པའི་སྡོང་རྒན་འདི་དག་ཀྱང་རང་ཉིད་ཡིན་པའི་འཕྲུལ་སྣང་སྐྱེས་ལ། བདག་གི་དོན་ལྔ་སྣོད་དྲུག་གི་བར་གསེང་གང་རུང་དུ། རྨ་ཁས་ཟིན་པའི་སྡོང་ལོ་སྐམ་པོ་རྣམས་འཚང་ཁ་ཤིག་ཤིག་གིས་འཚུབ་འོང་ཞིང་། ལྷགས་རླུང་གྲང་མོས་ང་ལ་སྐྱོ་ལྷང་ལྷང་གི་སྡུག་སྨེང་དང་འཁུན་སྒྲ་དབང་མེད་དུ་གྲག་ཏུ་བཅུག འདི་ལྟ་བུའི་སེམས་བྱུང་གི་ཀློང་ནས། ང་རང་ད་གཟོད་དགུན་ཁའི་ངོ་གདོང་ཇི་བཞིན་གྲང་ངར་དང་ཁ་བས་གཡོགས་ཀྱིན་པ་ཚོར་ཡོང་།

     དགུན་སྟོད་ཀྱི་བསམ་གཞིགས་ཁྲོད། གློ་སྙིང་མཆིན་གསུམ་གྱི་བར་གསེང་ལ་དྲན་གདུང་གི་ཁ་བ་བར་མེད་དུ་འབབ་པའི་དགུན་ལྗོ ངས་སུ། ལོ་མ་སེར་པོ་གང་སར་ལྷུང་ཞིང་། བདག་གིས་དགུན་ཟླ་རིང་མོའི་རི་ཆུ་རྐང་འོག་ཏུ་མནན་ཏེ། དུས་ཚིགས་གཞན་གྱི་ཁ་དོག་ནི་ཅི་ཞིག་ཡིན་པ་ཡེ་ནས་བརྗེད་སོང་ངམ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1