༄༅།།ཁང་སར་བསོད་ནམས་འཆི་མེད། 

ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 02-03


          མཁས་དབང་བསོད་ནམས་འཆི་མེད་མཆོག་ནི་སྤྱི་ལོ༡༩༦༢ལོར་ཁམས་སྡེ་དགེ་རུ་སྐྱེས་ཤིང་ཆུང་དུས་ནས་ཁུ་བོ་མཁས་དབང་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་མཆོག་གིས་རྒྱུད་འཛིན་གྱི་སློབ་མར་ཉར་ནས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་སྨན་རྩིས་གཉིས་ལ་མཐར་ཕྱིན་པའི་སློབ་གཉེར་བྱས་ཏེ་ད་ལམ་མཁས་དབང་གང་དེའི་བརྒྱུད་པ་དངོས་འཛིན་མཁན་གྱི་སློབ་མ་གཅིག་པུ་དེ་ཡིན།  མཁས་དབང་བསོད་ནམས་འཆི་མེད་ནི་ཐེངས་དང་པོའི་བོད་སྨན་ཞིབ་འཇུག་སློབ་མའི་སློབ་གནས་ཐོབ་ཅིང་ད་ལྟ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་བོད་སྨན་ཞིབ་འཇུག་ཁང་གི་གཙོ་འགན་པ་དང་། བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་མི་དམངས་མཐུན་ཚོགས་ཀྱི་འཐུས་མི། བོད་རང་སྐྱོང་ལྗོངས་དུས་རབས་ལས་བྱེད་པའི་སྣེ་ཁྲིད་མཁན། དབྱིན་གོ་ཏ་ར་བོད་སྨན་སློབ་གྲྭའི་གདན་ཞུ་དགེ་རྒན་ཆེན་མོ། པེ་ཅིང་སློབ་གྲྭ་ཆེན་མོའི་བོད་སྨན་ཞིབ་འཇུག་ཁང་གི་གདན་ཞུའི་ཞིབ་འཇུག་པ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྨན་ཞིབ་འཇུག་ཁང་གི་གདན་ཞུའི་ཞིབ་འཇུག་པ། མཚོ་སྔོན་བོད་སྨན་སློབ་གྲྭ་ཆེན་མོའི་གདན་ཞུའི་དགེ་རྒན་ཆེན་མོ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་གདན་ཞུའི་དགེ་རྒན་ཆེན་མོ་སོགས་ཀྱི་གོ་མིང་བཞེས་བཞིན་ཡོད།
           དང་པོ། ཁོང་གིས་ཚན་རིག་ཞིབ་འཇུག་སྐོར་ལ་སྔ་རྗེས་སུ་རྒྱལ་ཁབ་ཚན་རིག་ཞིབ་འཇུག་གི་རྣམ་གྲངས༨༦༣དང་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་བོད་ཀྱི་སྨན་ལུམས་སྐོར་གྱི་དཔེ་རྙིང་ཕྱོགས་བསྒྲིགས། བོད་སྨན་སྦྱོར་ཚད་ཆེན་མོ་སོགས་ཞིབ་འཇུག་གི་རྣམ་གྲངས་མང་དུ་ཕྱག་ལས་གནང་ཡོད་ལ། ལྷག་པར་དུ་མཁས་དབང་ཁྲོ་རུ་ཚེ་རྣམ་གྱི་རྒྱུད་བཞིའི་འགྲེལ་ཆེན་ཕྱོགས་བསྒྲིགས་ཚོ་ཆུང་གི་གཙོ་འགན་གཞོན་པ་དང་རྒྱལ་ཡོངས་དུས་རབས་ཉེར་གཅིག་པའི་དངོས་གཞི་སློབ་གྲྭ་ཆེན་མོའི་སློབ་དེབ་ལས་ཉེས་གསུམ་གསོ་བའི་བསླབ་གཞིའི་གཙོ་སྒྲིག་པ་གཞོན་པ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་བོད་སྨན་སློབ་གསོ་དང་ཞིབ་འཇུག་དུས་དེབ་ཀྱི་གཙོ་སྒྲིག་པ་གཞོན་པ། བོད་ཀྱི་གསོ་བ་རིག་པ་ལས་སྨན་དཔྱད་ལུམས་ཀྱི་དོན་རྣམས་དཀྱུས་གཅིག་ཏུ་བསྡུས་ཏེ་བཤད་པ་དྲང་སྲོང་ཞལ་ལུང་གི་གཙོ་སྒྲིག་པ། བོད་ཀྱི་གསོ་བ་རིག་པ་ལས་བཅོས་པར་དཀའ་བའི་ནད་ཀྱི་སྨན་སྦྱོར་མཁས་པའི་ཞལ་ལུང་གཅེས་པར་བཏུས་པ་རིན་ཆེན་ཕྲེང་བའི་གཙོ་སྒྲིག་པ། བོད་ཀྱི་ལོ་ཐོ་བོད་རྒྱ་ཤན་སྦྱར་གྱི་གཙོ་སྒྲིག་པ་བཅས་ཚན་རིག་ཞིབ་འཇུག་གི་བྱ་བ་མང་དུ་བསྒྲུབས་ཡོད་ལ། ད་དུང་ཞོར་དུ་རླུང་མཁྲིས་བད་གསུམ་གྱི་རྣམ་བཤད་ཁུ་བོའི་ཞལ་ལུང་བརྩམས་པ་མ་ཟད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་སྟེང་དུ་བོད་ལུགས་གསོ་བ་རིག་པའི་གཤག་བཅོས་ཞེས་པ་སོགས་ཞིབ་འཇུག་གི་རིན་ཐང་ངེས་ཅན་ཡོད་པའི་རྩོམ་ཡིག་ཉི་ཤུ་ལྷག་ཙམ་བྲིས་ཡོད་པ་ལ་དེའི་ནང་ཁ་ཅིག་ལ་ཕུལ་བྱུང་རྩོམ་ཡིག་གི་བྱ་དགའ་ཐང་ཐོབ་ཡོད།
            གཉིས་པ། ཁོང་ལ་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གི་མཐོང་རྒྱུད་མན་ངག་ཟབ་མོ་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཐོབ་ཡོད་པར་བརྟེན་སྔ་རྗེས་སུ་མཁྲིས་སྐྲན་བདེ་བྱེད་དང་བདུད་གསུམ་འཕྲུལ་འཁོར། ཁྲག་འཕེལ་བདེ་བྱེད། གྲུབ་སེལ་རིལ་བུ། འཚོ་ཆེས་སྐམ་བྱེད། གཅིན་སྙི་ཟ་ཁུའི་བདུད་རྩི་བཅུ་པ། གྲུམ་ནད་སེལ་བའི་བདུད་རྩི་སྨན་ལུམས། བཅུད་ལེན་བདུད་རྩི་སྨན་ལུམས་སོགས་བདུད་རྩི་སྨན་ལུམས་ཀྱི་སྦྱོར་བ་ཆ་ཚང་བ་སོགས་དེང་དུས་འཛམ་གླིང་སྟེང་གསོ་བཅོས་ཤིན་ཏུ་དཀའ་བའི་གཉེན་པོ་སྨན་མཆོག་ཁག་ཅིག་ཞིབ་བཟོ་བྱས་ཏེ་ནད་པ་མི་ཉུང་བ་ཞིག་ལ་ཚེ་སྲོག་གི་སྦྱིན་པ་གནང་ཡོད་པས་རྒྱ་ཆེའི་ནད་པ་ཚོས་སྨན་པ་མཁས་ལ་སྨན་དེ་རིགས་ཀྱིས་ཕན་པ་ཤིན་ཏུ་ཆེ་འདུག་ཅེས་མགྲིན་གཅིག་ཏུ་བསྔགས་བརྗོད་གནང་བཞིན་ཡོད།   ལྷག་ཏུ་དེང་དུས་སྤྱི་ཚོགས་ལ་དགོས་གལ་ཆེ་བའི་སྐྲ་སྨན་དང་ཤ་གསོས་ཆ་ཚང་ཞིབ་བཟོ་བྱས་ཡོད་པས་འདི་ནི་བོད་ཀྱི་ཤ་གསོས་ཆ་ཚང་ཐེངས་དང་པོ་ཡིན་སྟབས་བོད་སྨན་ཤ་གསོས་སྐོར་གྱི་སྟོང་ཆ་ཁ་སྐོང་བྱས་ཡོད། ཤ་གསོས་འདིར་རང་སྐྱོང་ལྗོངས་འཕྲོད་བསྟེན་ཚན་པས་བེད་སྤྱོད་ཆོག་པའི་ཆོག་མཆན་ཐོབ་པ་མ་ཟད། བོད་སྨན་སློབ་གྲྭ་ཆེན་མོའི་ཐེངས་དང་པོའི་ཚན་རིག་ཞིབ་འཇུག་གི་བྱ་དགའ་ཨང་དང་པོ་ཐོབ།
          གསུམ། གཞན་ཡང་ཁོང་གིས་མི་སྣ་གསོ་སྐྱོང་ཐད་ལ་བོད་སྨན་དངོས་གཞི་སློབ་མ་དང་ཞིབ་འཇུག་སློབ་མ་སོགས་སློབ་མ་མང་དུ་གསོ་སྐྱོང་བྱས་ཡོད་པ་མ་ཟད། དབྱིན་ཇི་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཕྱིན་ནས་བོད་ལུགས་གསོ་རིག་སློབ་ཁྲིད་དང་དྲིལ་བསྒྲགས་བཅས་ཀྱི་ལས་དོན་བཟང་པོ་མང་དུ་བསྒྲུབས་ཡོད་པས་ཁོང་ལ་སྔ་གཞུག་ཏུ་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་ལས་བྱེད་པ་སོགས་ཀྱི་གཟེངས་བསྟོད་གྲངས་མང་ཐོབ་ཡོད་པ་བཅས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1